མདུན་ངོས། བསམ་ཚུལ། འཁྲུངས་སྐར་སྔ...

འཁྲུངས་སྐར་སྔ་ཕྱིའི་སྣང་རྟོག

༡༡༦

གངས་ལྷ་མོ།

འདི་ལོ་ནི་རྒྱལ་བ་རིན་པོ་ཆེ་དགུང་ལོ་དགུ་བཅུར་ཕེབས་པའི་རང་གཞུང་གི་གཞུང་འབྲེལ་གོ་སྟོན་ཡིན་སྟབས། ངེད་གཉིས་ཀྱང་ཐེ་ཚོམས་མེད་པར་ལས་ཁུངས་སོ་སོ་ནས་དགུང་ཞུ་དང་གནམ་གྲུའི་འཛིན་བྱང་ཉོས་ཏེ་གྲ་བསྒྲིག་ཨང་གསར་བྱས། འོན་ཀྱང་འགྲོ་རན་པའི་དུས་དེར་རྒྱ་གར་གྱི་གནམ་གྲུར་དེ་སྔོན་སྐྱོན་ཤོར་གོད་ཆགས་ཆེན་པོ་བྱུང་བར་བརྟེན་ནས་ཡིན་ན་གང་ཤེས་སྔ་ཕྱི་ཐེངས་གསུམ་ཙམ་ཕྱི་འཐེན་བྱས་པ་མ་ཟད། མཐའ་མཇུག་དེར་གནམ་ཐང་དུ་གནམ་གྲུའི་འཁྲིས་སུ་ངང་སྒུག་གིས་དགོང་དྲོ་ཆུ་ཚོད་བརྒྱད་པ་ནས་མཚན་མོ་ཆུ་ཚོད་བཅུ་གཉིས་བར་སྒུག་བཅུགས། སྐབས་དེར་ཕོ་མོ་རྒན་གཞོན་བརྒྱ་མ་ཟིན་ཙམ་ནང་མང་ཆེར་རྒྱ་གར་བ་རྐྱང་པ་དང་། དེ་མིན་ངེད་གཉིས་དང་ཤར་གླིང་བའི་ངོ་གདོང་ཅན་བཞི་ཚུད་དེ་དག་རིམ་གྱིས་འདུས་བྱུང་ལ། རྒས་འཁོག་འགའ་གནམ་ཐང་གི་ལས་བྱེད་ཚོས་འཁོར་ལོའི་ནང་བསྐྱེལ་བ་བྱས་བྱུང། དེར་འབྱོར་བ་ཚང་མ་སྒུག་ཡུན་རིང་བས་གདོང་ལ་རིམ་གྱིས་ཉོབས་སྣང་འགོག་མེད་རེ་མངོན་འདུག བར་གསེང་དུ་གནམ་ཐང་ནས་ང་ཚོར་སེམས་གསོའི་ཚུལ་གྱིས་ཁ་ཟས་ཙག་ཙིག་དང་འཐུང་ཆུ་ཉུང་ཙམ་ཡང་སྟེར། མཐར་གནམ་གྲུར་སྐྱོན་ཅུང་ཙམ་དེ་བསྲང་མ་ཐུབ་པས་འཕུར་མི་ཐུབ་ཅེས་ཚང་མ་མཚན་དགུང་ཕྱིར་ནང་དུ་ལོག་དགོས་བཏང་། ཕྱི་ཉིན་ནི་གཞུང་འབྲེལ་གྱི་སྐུའི་འཁྲུངས་སྐར་འཁེལ་ཞིང་ངེད་གཉིས་དུས་ཐོག་སླེབས་ཐབས་མེད་སྟབས་འབྲེལ་ཡོད་ཚང་མར་དེ་ལུགས་གཏམ་ཆ་བྱས། ཕྱི་ཉིན་གནམ་ཐང་ནས་རྒྱལ་ཁབ་གཞན་བརྒྱུད་གནམ་གྲུ་རྒྱ་གར་འགྲོ་བརྩིས་ཡོད་སྐོར་གྱི་བརྡ་ཁྱབ་སླེབས་ཀྱང་མཛད་སྒོར་བཅར་མ་ཐུབ་ཕྱི་འགྱང་སོང་སྟབས་གནམ་གླ་ཕྱིར་བསློག་ཡོང་བའི་སྐོར་ཕར་བཤད་ཡོད། གང་ལྟར་བཅོས་སུ་མེད་པའི་གནས་སྟངས་འོག་ངེད་གཉིས་ཀྱིས་མ་འོངས་རྒྱལ་བ་རིན་པོ་ཆེའི་བརྒྱ་སྟོན་ལ་ངེས་བཅར་ཆོག་པ་བཅས་ཁ་བརྡ་འདྲ་བྱས། དེ་ནས་ཕྱིར་ནང་དུ་ལོག་རྗེས་ངའི་དཔེ་དེབ་ལ་མཉམ་རུབ་ཀྱིས་སླར་ཞུ་དག་འགོ་བརྩམས་ཤིང་། དུས་མཚུངས་རྡ་ས་ནས་སྔ་ཕྱིའི་མདོ་སྨད་ཚོའི་གོ་སྟོན་དང་། གཞུང་འབྲེལ་གོ་སྟོན། མཚན་ཚོགས་བཅས་ཀྱི་ལེའུ་ཚན་ལ་དྲ་ཐོག་ནས་བལྟས། དགའ་སྐྱོ་ཟུང་སྦྲེལ་ལྟ་བུའི་བླ་མའི་གོ་སྟོན་ལ་དགའ་འོས་པ་ནི་ཁོང་སྔར་བཞིན་ཞལ་རས་མདང་ལྡན་དང་སྐུ་གཟུགས་ཀྱང་ཅུང་ཐང་མདོག་མངོན་པར་འདུག ཕྱིའི་སྐུ་འགྲོན་ཚོ་གཙོས་དམངས་ནས་ལུགས་སྲོལ་ལྟར་སྟོན་མོ་ཉིན་ལ་དད་གུས་དང་དགའ་སྣང་གི་སྤྲོ་སྐྱིད་ཀྱི་རྣམ་པ་མཐོང་། དུས་བསྟུན་དམར་གཞུང་ཕྱོགས་ལ་སྐུའི་ཡང་སྲིད་ངེས་ཕེབས་ཡོང་རྒྱུ་དང་དེའང་གཙོ་བོ་བླ་བྲང་ལ་འགན་གཙོ་ཡོད་པ་ལས་གཞན་ལ་མེད་ཚུལ་གྱི་བསྒྲགས་གཏམ། ཁོང་ད་དུང་དགུང་ལོ་བརྒྱ་དང་བཅུ་གྲངས་ཁ་ཤས་ཞལ་བཞུགས་མཛད་ཀྱི་ཡིན་ཚུལ། གོང་བསྐུལ་གྱི་མཚན་སྙན་གསོལ་བ། བོད་དོན་རྒྱབ་སྐྱོར་བ་དག་ཀྱང་དཀའ་ཁག་འཛེམས་མེད་ཀྱིས་སྟོན་མོ་ལ་མཉམ་ཞུགས་ཕེབས་ཐུབ་པ། ལོ་མང་འཛམ་གླིང་གང་སར་ཁྱབ་པའི་སྤུན་ཟླ་རྣམས་ཀྱང་གོ་སྐབས་བཟང་པོ་བརྒྱུད་བླ་མའི་ཞལ་མཇལ་གསུང་དངོས་ཐོས་ཅིང་། བར་གསེང་ལའང་རྒྱ་བལ་འབྲུག་གསུམ་ལ་ཡོད་པའི་གཉེན་དགའ་ཉེའམ་རོགས་ཕོ་མོ་སོགས་དང་སྐྱིད་འཛོམས་ཆོག་པ། སྟོན་མོའིི་སྐབས་སུ་ཆོལ་གསུམ་གྱི་གཞས་སྣ་ནང་ཐོག་མར་ཨ་ཅེ་དེའི་ཕ་ཡུལ་དྲན་ལྷང་ལྷང་བྱེད་བཅུག་པའི་ཨ་མདོའི་སྲོལ་རྒྱུན་གླུ་སྙན་པོ་བླངས་ཤིང་སྐྱེས་པ་ཚོས་སྒྲ་སྙན་རྡུང་ལེན། ཁམས་ཕྱོགས་ཀྱི་གཞོན་སྐྱེས་ཕོ་མོ་ཚོས་ཡིད་རབ་ཏུ་དགའ་བའི་འཁྲུག་ཆ་ལྡན་པའི་གཞས་བྲོ་རྡུང་བ། དབུས་གཙང་བས་གཞས་སྣ་བག་ཕེབས་དག་སྔོན་མ་ལས་ཁྱད་ཆོས་དང་ལེགས་ཆ་ཆེ་མདོག དུས་འདི་བསྟུན་ཁ་གཅིག་གིས་ལེགས་སྐྱེས་ཚུལ་བོད་ཨིན་གཉིས་ནས་དཔེ་དེབ་པར་སྐྲུན་བྱས་པ་བཅས་མཐོང་སོང་། འོན་ཀྱང་དུས་མཚུངས་སེམས་ནང་སྐྱོ་སྣང་ཞིག་ཀྱང་འགོག་མེད་ཅིག་སྐྱེ་ཡོང་གི་འདུག གང་ཡིན་ཟེར་ན། མི་དམངས་རྣམས་ཀྱི་དུས་ཐུང་གི་སྤྲོ་སྣང་ཆེན་པོའི་འོག་ཏུ་དོན་དངོས་ནི་ང་ཚོའི་བླ་མ་ནི་ཉི་མ་ལོ་དང་བསྟུན་ནས་དགུང་གྲངས་ཇེ་མཐོར་ཕེབས་བཞིན་པའི་སྐྱོ་གནས་འདི་འགོག་ཐབས་མེད་ཅིང་། ཆེ་ས་ནས་དངོས་ཡོད་སྡུག་གི་འཁུར་པོ་དགུ་བརྩེགས་ལྟར་ལུས་སེམས་གཉིས་སུ་རེ་བ་སྟོང་ཟད་ལྟ་བུའི་རབ་མ་རུབ་དང་ཚོད་དཔག་དཀའ་བའི་རང་མི་རིགས་འདིའི་མ་འོངས་པའི་སྐོར་རེད། གཞན་བླ་མའི་དགོངས་གཞི་ཡིན་གཏན་འཁེལ་ཞིང་དགའ་ལྡན་ཕོ་བྲང་ནས་མདོ་དབུས་ཁམས་གསུམ་གྱིས་མཐུན་མོང་གིས་གོ་སྟོན་གོ་སྒྲིག་ཡོང་ན་ནང་ཁུལགྱི་མཐུན་ལམ་ལ་ཕན་ངེས་དང་ལེགས་ཚུལ་གསུངས་པ་དེ་མ་བྱུང་བ། དེ་མིན་དྲན་རྒྱུ་མང་བའི་གུས་མོའི་སེམས་ནང་ལ་འཆར་ཡོང་བ་ནི་བླ་མ་ཡར་མར་ཕེབས་དུས་གཡས་གཡོན་ནས་སྐུ་ཞབས་གཉིས་དང་། སྐུ་རྒྱབ་བཅས་བསྡོམས་གསུམ་གྱིས་སྐྱོར་ཞིང་འདེགས་པ་ལྟར་ཕེབས་དགོས་པ་དེ་ག་རེ་བྱས་ཏེ་ཁོང་འདྲུད་འཁོར་སྟབས་བདེ་མོ་གཅིག་གིས་ཕུད་འདེད་ཆོག་པ་ནང་མ་བཞུགས་པར་གནམ་གཤིས་སྡུག་ཆགས་ཆར་དུས་འདིར་ཞབས་དངོས་སུ་ཕེབས་དགོས་པ་ཡིན་ནམ། དེ་མིན་ཁྲི་ཐོག་འཁོད་ས་ལའང་ཕྱི་རྒྱལ་ཁབ་ཁག་ཏུ་མཐོ་དམའ་གང་རུང་ཡར་བཀྱག་མར་བཞག་ཆོག་པའི་རང་འགུལ་གྱི་འཁོར་ལོ་དེ་འདྲ་སྤྱོད་པ་ལས་ཁོང་གི་ཞབས་བདེ་མིན་ཤེས་བཞིན་དུ་སོ་སོ་ཕེབས་བཅུག་པ་ལྟ་བུ་གང་ཡིན་ནམ། ཡར་མར་ཕེབས་དུས་དམངས་ལ་ཕྱག་གཡུག་བརྡ་གནང་བའི་སྐབས་དེར་ཁོང་གི་ཞབས་ལ་སྐུ་ངལ་འབྱུང་སྐབས་དུས་ཡུན་རང་སར་ཡར་བཞེངས་ནས་ངལ་གསོའི་ཚུལ་མི་གནང་ཁག་མེད་མིན་འགྲོ སྐུ་འཁོར་དུ་ཡོད་པ་ཚོས་ཕེབས་སའི་ཤིང་ཏ་འཁོར་ལོ་ལྟ་བུའི་ནང་གདན་དྲངས་བ་དེ་ཆེ་དྲག་འདུག་ཅིང་འཁོར་ཆུང་ཞིག་ལ་གདུག་སེར་པོ་ཡོད་པ་ཞིག་བཟོས་ཏེ་ཡར་འཐེན་མར་འདྲུད་གང་ཞུས་ཀྱང་ཚང་མར་སྟབས་བདེ་དཀའ་ལས་མེད་པ་དང་། དམངས་ཀྱི་ཕྱོགས་ཟུར་དུ་བཅར་ནས་ཕེབས་ཐུབ་པ། ཁྲི་ཐོག་ཀྱང་རང་འགུལ་གྱིས་འཁོར་ལོར་སྟེགས་ནས་ཐད་ཀར་བཞུགས་ཐུབ་པ་ཞིག་ཡོད་ན་ཅི་མ་རུང་། མ་འོངས་པར་ཁོང་དགོངས་ལོ་ཇེ་མཐོར་ཕེབས་དུས་ཞབས་པུས་ལ་འཕུར་གཉེར་དང་ཆུ་ཚན་གྱི་གསོ་བཅོས་དུས་བཞིན་ཡོད་ཤག ཆབ་གསང་གནང་སྐབས་དང་སྐུ་ལུས་བསིལ་དུས་ཀྱང་ཞབས་ཞུ་ཚོས་འདྲུད་འཐེན་འཁོར་ལོ་ནས་གནང་ཆོག་ཅིང་སྟབས་བདེ་ངང་ནས་ཞུ་བཞིན་ཡོད་པ་མིན་འགྲོ ཞོགས་སྔ་བཞེངས་གནང་གི་ཡོད་ན་ཉི་འོད་ཀྱིས་རུས་པར་ཕན་པ་དེ་ཤེས་ནས་སྐར་མ་འགའ་ཉི་འོག་བཞུགས་ཀྱི་ཡོད་དམ། གོ་སྟོན་ཉིན་གྱི་ཆར་དུས་ལྟ་བུའི་གནམ་གཤིས་དེ་འདྲར་སྐུའི་ཞབས་པུས་ལ་བལ་བཟོས་འཇམ་པོས་པུས་ཤུབས་དག་བསྣབས་ཀྱི་ཡོད་དམ། ཉིན་ལྟར་གཟིམས་སར་ཕེབས་དུས་ཀྱང་སྐུའི་ཞབས་ཞུ་བས་ཆུ་ཚ་སྙོམས་ནང་ཞབས་སྐར་མ་ཉི་ཤུ་ཙམ་འཕུར་གཉེར་དང་སྦྲགས་གནང་སྲོལ་ཡོད་དམ་སོགས་མི་དྲན་དགུ་དྲན་འདྲ་བྱེད་དུས་ག་དུས་ཡིན་ན་ཞབས་ཞུ་བ་སྐུ་ཞབས་ཁོང་གཉིས་ནི་བླ་མའི་འཁྲིས་སུ་ཁ་ཡོད་ལག་ཡོད་ཀྱི་ཉིན་ཞག་དུས་དྲུག་ཏུ་ཕན་རོགས་གནང་མཁན་རེད་ཨང་བསམ་བཞིན་འབྲེལ་ཡོད་སེམས་བཟང་ཅན་ཚོའི་བཀའ་དྲིན་དྲན་ཤེས་བྱས། དེའང་གུས་མོ་བདག་ལ་མཚོན་ན། དྲིན་ཆེན་མ་ཡུམ་ད་ཆ་འཚོ་བཞུགས་ཡོད་ཀྱང་ཉེ་དུས་ཞབས་ལ་གོད་ཆགས་བྱུང་ནས་ཕེབས་བདེ་མིན་སོགས་དྲན་བྱུང་ལ། ཐ་ན་ངས་ཁོང་མོར་ཇ་ཕོར་པ་གང་ཡང་ཕྱག་ཏུ་ཕུལ་བའི་བསྐལ་དམན་མ་ཞིག་ཡིན། ཁོང་མོའི་འཁྲིས་སུ་ཡོད་པའི་ངའི་གཅེན་པོ་དང་། ངའི་དྲིན་ཆེན་ནང་གི་གཙོ་བོ་ཨ་ཅེས་མ་ཡུམ་ལ་ཕྱི་ནང་གསང་གསུམ་གྱིས་ཁ་ཡོད་ལག་ཡོད་གནང་ཞིང་ཞབས་ཞུ་སྒྲུབ་པ་ནི་གལ་ཏེ་འཇིག་རྟེན་འདིར་ལས་འབྲས་ཤིག་ཡོད་ན་བདེ་སྐྱིད་ཕུན་ཚོགས་ཡོངས་ཁོང་མོར་མངོན་འགྱུར་དགོས་ངེས་སྙམ། ཡུམ་ལ་ཅིའང་མི་འཇོན་མཚམས་རེ་གཉིས་ཙམ་དོགས་ཟོན་ངང་ནས་བརྙན་ནང་ཁ་སྟོང་ཀྱལ་སྟོང་བཤད་མཁས་ང་ནི་ཅི་འདྲ་ཁྲལ་མེད་སྡིག་ཅན་མ་ཞིག་རེད་ཨང་བསམ་ནས་འགོག་མེད་ཁེར་ངུ་ཤོར་གྱི་འདུག མདོར་ན་བླ་མ་གཙོས་འཛམ་གླིང་འདིར་བཞུགས་པའི་སེམས་བཟང་གཞུང་དྲང་དང་བློ་གྲོས་ཅན་གྱི་བླ་ཆེན་སྐྱེས་ཆེན་རྣམས། བྱམས་བརྩེར་བསླུ་མེད་བླ་སྲོག་ཏུ་བཟུང་ནས་དཔའ་མ་ཞུམ་སེམས་ཅན་ཡོངས་བདེ་དགེ་ལ་འཁོད་ཐབས་ངང་གཞོལ་གནང་མཛད་མཁན་དཔལ་དང་དཔའ་ལྡན་གྱི་སེར་སྐྱ་ཕོ་མོ། རྒན་གཞོན་ཆུང་དར། རྒྱལ་ཁམས་དང་རིགས་རུས་མཆོག་འབྲང་དབྱེར་མེད་ཚེ་སྲོག་ཀུན་གྱི་དོན་ལྡན་བྱམས་བརྩེ་ཅན་ནི་གོ་ལ་འདིའི་གསེར་མདོག་གི་ཉི་མ་ལྟར་ང་ཚོ་སྲོག་ལྡན་གྱི་རིགས་ཐ་དག་གསོན་པོ་འཚོ་དགོས་པའི་སྙིང་པོ་ཁོ་ན་དེ་ཡིན་པས་ཁོང་རྣམས་ཀྱི་སྐུ་ཚེ་ལ་བར་ཆད་མེད་པར་བྱང་སེམས་རྟག་ཏུ་རྣམ་པ་རྒྱལ་གྱུར་ཅིག ཨོ་གླིང་རང་ཤག་ཏུ་ཕྱི་ལོ་༢༠༢༥ ཟླ་ ༧ ཚེས་༡༥ ཉིན།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།