མདུན་ངོས། མྱོང་བྱང་། མཁན་ཆེན་རྒྱ་མ...

མཁན་ཆེན་རྒྱ་མཚོ་སྐུ་སྐུ་གཤེགས་པར་བྲིས་པ།

༧༠༥

———-ཕྱིར་དྲན་དང་ཕངས་སེམས། རྫ་ཚེ་རིང་བཀྲ་ཤིས།

(ཞུས་དག་ཚད་ལྡན་བྱུང་མེད་པས་དག་ཆ་སོགས་ལ་ནོར་བ་ཡོད་ན་ཀློག་པ་པོ་དག་ལ་དགོངས་སེལ་ཞུ། )

མདང་ནུབ་ངའི་ཁ་པར་ནང་གློ་བུར་དུ་“མཁན་རིན་པོ་ཆེ་རྒྱ་མཚོ་མཆོག་དེ་རིང་ས་པཎ་འདས་མཆོད་ཉིན་སྐུ་གཤེགས་སོང་། ཐུགས་སྨོན་གནང་རོགས། ཁྱེད་ཧ་ཅང་ཐུགས་རྩིས་ཆེན་པོ་གནང་གི་ཡོད།”ཅེས་འཁོད་པའི་འཕྲིན་ཐུང་ཞིག་འབྱོར་བྱུང་།

འཕྲིན་ཐུང་གནང་མཁན་ནི་མཁན་རིན་པོ་ཆེའི་ཞལ་སློབ་ཨ་འདུས་སྐལ་བཟང་རྒྱ་མཚོ་མཆོག་རེད། སྐབས་དེར་ངའི་སེམས་ལ་ཅི་ཞིག་སྟོར་བ་ལྟར་སྟོང་ལྷང་གི་ཚོར་སྣང་ཞིག་བྱུང་ཞིང་། དེ་ནི་གངས་ཅན་གྱི་མཁས་པ་རྒན་པ་ཞིག་སྐུ་གཤེགས་པའི་ཕངས་སེམས་རེད།

གུས་པ་མཁན་རིན་པོ་ཆེ་རྒྱ་མཚོ་མཆོག་དང་ཐོག་མར་ཉེ་ས་ནས་མཇལ་བ་དེ་སྤྱི་ལོ་ ༢༠༡༩ ལོ་རྡོར་གདན་དུ་ཡིན། དེ་དུས་ངས་རང་ཉིད་ཀྱིས་གསར་དུ་བསྒྱུར་པའི་དེབ་《སྟེགས་མདོ་》གཟིགས་རྟེན་དུ་ཕུལ་ཞིང་། ཁོང་གིས་ཀྱང་གཟིགས་མཐོང་ཆེན་པོས་གསོལ་ཚིགས་ལ་མགྲོན་འབོད་གནང་བྱུང་། སྐབས་དེར་གླེང་མོལ་གང་བྱུང་བ་དེ་ངའི་འཕྲིན་ཕྲན་གྱི་རྒྱབ་ལོགས་སུ་“མཁས་པར་མཇལ་བ་” ཞེས་པའི་ཡིག་ཐུང་ཞིག་ཉིན་ཐོའི་ཚུལ་དུ་བཀོད་འདུག །
“ཉིན་གཉིས་སྔོན་གྲོགས་རྩོམ་པ་པོ་ཨ་འདུས་སྐལ་བཟང་རྒྱ་མཚོ་དང་མཇལ་ཞིང་ཁོང་གིས་ཁོང་ཉིད་ཀྱིས་བརྩམས་པའི་བཅོ་བརྒྱད་ཁྲི་ཆེན་གྱི་རྣམ་ཐར་ཞིག་ལག་རྟགས་སུ་གནང་། ཁོང་དང་མཉམ་དུ་དཔལ་ས་སྐྱའི་དེང་དུས་ཀྱི་མཁས་པའི་དབང་པོར་གྲགས་པའི་མཁན་པོ་རྒྱ་མཚོར་མཇལ། དམ་ཆོས་རིན་པོ་ཆེ་སྟེགས་བུའི་མདོ་ཞིག་ཕུལ་ནས་འཕྲོས་མོལ་ཞིབ་རྒྱས་ཞུས།


མདང་ནུབ་སླར་ཡང་མཁན་རིན་པོ་ཆེས་དགོང་དྲོའི་གསོལ་ཚིགས་ལ་མགྲོན་འབོད་གནང་བར་བཅར། དཀར་ཟས་སྐོར། དགེ་ཆོས་ཀྱི་གྲོགས་པོ་ར་ཧུལ་གྱིས་ཐེག་ཆེན་དང་སྔགས་ལ་ལྟ་སྟངས། སངས་རྒྱས་ཀྱིས་དཀར་ཟས་བཞེས་ཀྱི་ཡོད་མེད། དེང་དུས་བོད་བརྒྱུད་ནང་བསྟན་ལ་འཕྲད་དང་འཕྲད་སྲིད་པའི་ཉེན་ཁའི་སྐོར་གླེང་མོལ་ཞིབ་རྒྱས་ཞུས།  སྤྱིར་ནི་རྒན་གཞོན་གོ་རིམ་མ་འཛོལ་བའི་བཀའ་མོལ་གུས་པས་ཞུས་ན་ཡང་། མཚམས་མཚམས་བཀའ་འདྲི་གནང་བའམ། རང་གི་ལྟ་ཚུལ་ལ་རྩོད་ལན་གནང་བ་དག་ལ་ནི་རྩོད་གླེང་གི་རྣམ་པའི་ལན་ཡང་ཅི་རིགས་ཕུལ། ལར་ཁོང་ནི་ཐུགས་གཤིས་གཞན་དང་མི་འདྲ་ཞིང་མཁས་པ་དབུ་འཁྲེགས་པོའི་རིགས་སུ་གཏོགས་པ་སྔར་ཡང་ཡང་ཐོས་ན་ཡང། དངོས་སུ་ཉེ་བར་གཅར་དུས། ཁོང་གི་ཤེས་ཡོན་ཆེ་ལ། ཤེས་ཡོན་པར་མཉེས་ཤིང་བརྩེ་བའི་ཐུགས་གཤིས་མངའ་བ་དེས་ཧ་ཅང་ཡིད་འཕྲོག་པ་ཞིག་བྱུང་། རྫ་ཚེ་རིང་བཀྲ་ཤིས། ༢༠༡༩/༡/༨  ”

སྐབས་དེའི་མཇལ་མོལ་ནི་ཚེ་འདིར་མཁས་དབང་ཁོང་དང་དལ་ལྷོད་ཀྱིས་མཇལ་མོལ་བྱུང་བ་ཐོག་མ་དང་ཐ་མ་དེར་གྱུར།

ཉེ་ཆར་རང་ཉིད་རྡེ་ར་ལྡན་དུ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་བཀའ་མའི་བཀའ་ཆོས་ཞུས་རིང་། མཁན་རིན་པོ་ཆེར་བཅར་འདྲི་ཞིག་ཞུ་འདོད་ཀྱི་འདུན་པ་ཨ་འདུས་སྐལ་བཟང་རྒྱ་མཚོ་བརྒྱུད་ཞུ་སྐབས།“ ང་དེང་སྐབས་ཆམ་པ་ཅུང་ཟད་ན་བཞིན་ཡོད་པ་དང་། རྡོར་གདན་དུ་ཐོན་གྲབ་ཡོད་པ་སོགས་ཀྱིས་བཅར་འདྲི་ཡོང་ཁག་པོ་འདུག །ཡིན་ན་ཡང་། རྫ་ཚེ་རིང་བཀྲ་ཤིས་ནི་ཕྱི་རྒྱལ་ལུང་པ་ནས་སྒོར་མོ་ལ་མགོ་མི་འཁོར་བར་ཆོས་དང་རིག་གཞུང་གི་ཆེད་དུ་འབད་བརྩོན་བྱེད་སྡོད་མཁན་ཞིག་རེད། ཁོང་ལ་ངའི་ཚབ་བྱས་ནས་གསོལ་ཚིགས་ཤིག་ཕུལ་ཤོག ། ”ཅེས་བཀའ་གནང་འདུག །

ད་ཆ་བསམ་ན་འདི་ནི་ང་སྒེར་ངོས་མི་དམིགས་བསལ་ཞིག་ཡིན་པས་མ་ཡིན་པར། བོད་ཀྱི་ཆོས་དང་རིག་གཞུང་སྐད་དང་བཅས་པར་སེམས་ཤུགས་ཀྱིས་ལས་ཀ་ཕྲན་བུ་བྱེད་བཞིན་པའི་མི་ཞིག་གི་ལས་ཀའི་ངོ་བོ་ལ་གཙིགས་ཆེན་གནང་བ་ཞིག་དང་། མཁས་པ་རྒན་པ་དག་གིས་གཞོན་པ་ཚོ་འཛམ་གླིང་གང་དུ་ཡོད་ཀྱང་། རང་གི་སྐད་ཡིག་རིག་གཞུང་གི་ཆེད་ལས་ཀ་བྱེད་བཞིན་ཡོད་མེད་ཐུགས་ཚོར་ཆེན་པོས་བྱ་ར་དང་མེལ་ཚེ་གནང་བཞིན་ཡོད་པའི་དཔང་རྟགས་ཤིག་རེད་སྙམ།

གང་ལྟར་ངས་ཀྱང་དགའ་གུས་ཆེན་པོའི་སྒོ་ནས་བཀའ་མའི་གསུང་ཆོས་ཀྱི་གུང་གསེང་གི་ཉིན་མོ་ཞིག་ལ། ཆོས་གྲོགས་རྒན་ཨ་འདུས་དང་ཀུན་འདུས་གཉིས་ཀྱིས་མཁན་པོ་རྒྱ་མཚོ་དང་ཁོང་རྣམ་པ་གཉིས་བཅས་ཐུན་མོང་གི་ངོས་ནས་གནང་བའི་གསོལ་ཚིགས་ཀྱི་མིང་ཐོག་ནས་ཉིན་ཧྲིལ་པོར། དཔལ་ས་སྐྱའི་སྨོན་ལམ་ཚོགས་པ་དང་། ཆེའི་མཐོའི་རྩོམ་སྒྲིག་གི་ལྟེ་གནས་བཅས་ལ་མཇལ་ཞིང་ལྷོད་སྡོད་ཀྱིས་དུས་ཚོད་བསྐྱལ།

ད་དུང་ཆོས་དུང་དཀར་པོའི་རྩོམ་སྒྲིག་ཁང་གིས་ཆོས་དུང་དཀར་པོའི་དེབ་འཕྲེང་གསར་ཤོས་ཤིག་གནང་བའི་ནང་དུ་མཁན་རིན་པོ་ཆེ་མཆོག་གིས་རྣམ་གནོན་ངང་ཚུལ་ལམ་བི་ཀྲ་མ་ཤི་ལའི་གཙུག་ལག་ཁང་གི་སྐོར་གྱི་རྩོམ་ཡིག་རྒྱས་པ་ཞིག་བཀོད་འདུག་པ་དེར་ཚར་གཉིས་བཀླགས་ཤིང་། དེའི་ནང་གི་དོགས་གནས་འགའ་རེ་ལ་ཆོས་གྲོགས་གཞན་དང་ལྷན་གོ་བསྡུར་ཡང་བྱས།

ཡང་ལོ་གཅིག་གཉིས་ཡར་སྔོན་འཕགས་ཡུལ་རྫོང་སར་གྱི་སློབ་གཉེར་བ་ཟི་ལུང་པ་བསྟན་པ་བཟང་པོས་ཤཱཀ་མཆོག་གི་བཞེད་པ་བཟུང་ནས་ཁོང་གི་གསུང་ཚུལ་མང་པོ་ཞིག་སྔ་རྒོལ་དུ་བཞག་ནས་དཔྱད་བརྗོད་རྒྱས་པ་ཞིག་བྱས་འདུག །ཚིག་ཀྱང་རྣོན་པོ་བཀོལ་འདུག །ངས་ཀྱང་དེའི་སྐོར་རྩོམ་པ་པོར་རོང་ཟོམ་བརྙན་འཕྲིན་དུ་གླེང་མོལ་ཞུས་པ་ཡིན།

རྗེས་སུ་ཁོང་མཁན་རིན་པོ་ཆེ་རྒྱ་མཚོར་བཅར་ནས་གསུང་གླེང་ལྷུག་པོར་གནང་འདུག་ལ། མཁན་རིན་པོ་ཆེས་ཁོང་ལ་བསྔགས་བརྗོད་དང་བསྐུལ་མ་གནང་འདུག །མཁས་པ་རྒན་པ་མང་པོ་ཞིག་རང་ཉིད་ཀྱི་ལྟ་ཚུལ་ལ་བཤམས་འོག་གི་གཞོན་སྐྱེས་ཤིག་གིས་དགག་སྒྲུབ་བྱས་ན་མཐོང་ཆུང་དང་བཀའ་བཀྱོན། མ་མཐོང་འདོག་གནང་བ་ཤས་ཆེ་ན་ཡང་། ཁོང་གིས་ཐུགས་ཀྱི་གཏིང་ནས་སྐུལ་མ་མནང་སྟངས་དེས། ས་སྐྱ་པའི་གཞོན་སྐྱེས་ཤིག་གིས་ཁོང་གི་བཀའ་མོལ་ལ་ཞིབ་ཏུ་དཔྱད་བརྗོད་བྱེད་པའི་སྣང་ཚུལ་དེར་ཁོང་མཉེས་པོ་བྱུང་ཡོད་པ་ཚོར་ཐུབ་ཀྱི་འདུག །གཞི་ནས་ཁོང་ལ་ཁ་བརྡ་བྱེད་རོགས་ཞིག་རག་པ་ལྟ་བུའི་ཐུགས་ཚོར་བྱུང་ཡོད་སྲིད། ཁོང་གི་ངོས་ནས་དེ་ནི་དཔལ་ས་སྐྱའི་རིག་པ་སྨྲ་བའི་གཞོན་ནུ་ཚོ་འཛིན་གྲྭ་ཐོན་ཙམ་གྱི་ས་ལས་བརྒལ་ནས་གཞུང་ལུགས་ལ་དགག་སྒྲུབ་བྱེད་མཁན་ཞིག་ཆགས་ཀྱིན་ཡོད་པའི་རེ་བ་གཟིགས་པ་ཞིག་ཡིན་སྲིད།
ད་ཆ་བསམ་ན་ཁོང་ནི་དབུ་ཤིན་ཏུ་འཁྲེགས་པོའི་རང་གི་དགོངས་ཚུལ་རྒྱུན་འཁྱོངས་གནང་མཁན་ཞིག་ཡིན་པ་དང་མཉམ་དུ། གཞན་གྱི་ལྟ་ཚུལ་མི་འདྲ་བར་གུ་ཡངས་ཀྱིས་གུས་ཞབས་དང་སྐུལ་མ་གནང་མཁན་ཞིག་ཀྱང་ཡིན་པའི་སྣང་ཚུལ་འདི། མཁས་པ་རྒན་པ་མང་པོ་ཞིག་གི་ལུས་ཐོག་ནས་ཅུང་ཟད་མཐོང་དཀའ་བ་ཞིག་རེད།

གུས་པ་མཁས་དབང་ཁོང་གི་གསུང་བཤད་དང་རྩོམ་ཡིག་ཅི་རིགས་ཀློག་མྱོང་མཁན་ཞིག་ཡིན་པའི་ངོས་ནས་ཞུས་ན། ཁོང་གི་དཔལ་ལྡན་ས་སྐྱ་པའི་ལྟ་གྲུབ་དང་། རིང་ལུགས། ས་སྐྱ་པན་ཆེན་གྱི་དགོངས་པ་དང་གོ་རམས་པའི་བཞེད་བཞུང་བཅས་ཀྱི་ཐད་ཐུན་མིན་གྱི་འཛིན་མཚམས་ཡོད་མཁན་དང་དབུ་འཁྲེགས་པོ་གནང་བའི་གཤིས་ཀ་དེར་ངས་ཡིད་མོས་ཞུ་གིན་ཡོད། ང་ཚོ་ལ་རིས་མེད་དང་གུ་ཡངས་སོགས་ཀྱི་ཤོག་ཁག་དགོས་པ་ནང་བཞིན། རང་ལུགས་ཐུན་མིན་གྱི་བཞེད་པ་ལ་བདག་འཛིན་ཆེན་པོ་ཡོད་པའི་རྙིང་ཞེན་རིང་ལུགས་པའང་ངེས་པར་དུ་དགོས།

ཁོང་ནི་དཔལ་ས་སྐྱའི་རིན་ཆེན་གྱི་སློབ་མ་དང་། མཁན་ཆེན་ཨ་པད་རིན་པོ་ཆེའི་ཐུན་མིན་གྱི་གསུང་སྒྲོས་འཛིན་མཁན་དུ་ཞལ་བཞེས་གནང་མཁན་གྱི་ཐུགས་སྲས་ཀྱང་རེད། མཁན་ཆེན་ཨ་པད་རིན་པོ་ཆེ་སྐུ་གཤེགས་པའི་རྗེས་སུ་ཡུལ་དུས་འདི་ཙམ་ན། དཔལ་ལྡན་ས་སྐྱ་པར་ཡོངས་གྲགས་མཁས་པ་ཆེན་པོའི་གོ་གནས་ལ་དབང་བ་ཞིག་ཡོད་པ་ནི་ཁོང་ཁོ་ན་ཡིན།
ཁོང་ནི་གནའ་བོའི་ཤེས་རིག་ལ་བྱང་ཆ་ཆེ་བར་མ་ཟད། དེང་དུས་ཀྱི་མཁས་དབང་དག་གི་གཞུང་དང་ལོ་རྒྱུས། འཕགས་བོད་ཀྱི་སྐད་ཡིག་མི་འདྲ་བའི་ཐོག་ཏུ་ཡོད་པའི་ལོ་རྒྱུས་དང་ལྟ་གྲུབ་ཀྱི་འགངས་ལ་བསྡུར་དཔྱད་སོགས་ཀྱི་འགྲོས་ལའང་བློ་རྒྱ་ཆེ།

ཁོང་ནི་བོད་ཀྱི་མཁས་པ་སྤྱིའི་གདན་གྲལ་དུ་བོས་ན་མིང་དང་བགོས་ན་སྐལ་ཡོད་པ་ཞིག་དང་། དཔལ་ལྡན་ས་སྐྱ་པའི་བསྟན་ཞབས་སུ་སྐྱེས་པའི་ཤེས་རབ་དང་ཐོས་པ་དགའ་བ་མང་པོ་ཞིག་གི་རྒྱབ་ཀྱི་ཁེན་ས་ལྟ་བུ་ཞིག་ཡིན་པའི་ངོས་ནས། ད་ཐེངས་ཁོང་གློ་བུར་དུ་གཤེགས་པ་འདིས་མང་པོ་ཞིག་ལ་རྒྱབ་རི་ཞིག་ཆད་སོང་བ་ལྟ་བུའི་ཐུགས་ཚོར་བྱུང་ཡོད་ངེས་ལ། བོད་ཀྱི་མཁས་པ་རྒན་པའི་ཁྲོད་ཀྱི་འོད་དུ་མཚེར་བའི་སྐར་མདའ་ཞིག་ཡལ་བའང་རེད།
མཁས་པ་རྒན་པ་དག་བཞུད་པ་ནི་ཤིན་ཏུ་གློ་བུར་དུ་ང་ཚོའི་མིག་སྔུན་དུ་ཡོང་བཞིན་ཡོད་ན་ཡང་། གཞོན་པ་དག་གིས་དེའི་ཚབ་བྱེད་རྒྱུར་ད་དུང་ཡང་བར་ཐག་རིང་པོ་ཡོད་དེ། སྟོང་ཆ་འདི་ནི་སེམས་ཁྲལ་དགོས་པ་ཞིག་ཡིན་པར་མ་ཟད། ང་ཚོར་མཁས་པ་རྒན་པ་དག་བཞུགས་སྐབས་གཅེས་སྤྲས་ཀྱིས་རྩ་ཆེན་དུ་འཛིན་ཞིང་རིན་ཐང་འཇོག་དགོས་པའི་སྐུལ་ལྕགས་ཀྱང་རེད།

ཕྱོགས་གཞན་ཞིག་ནས་འདུས་པ་འབྲལ་བའི་ཆོས་ཅན་ཡིན་པས། སྐུ་གཤེགས་པ་འདི་ཅིས་ཀྱང་བསམ་མི་ཐུབ་པ་ཞིག་ནི་མ་ཡིན་མོད། གཏམ་དཔེ་ཞིག་ལ།  གསེར་དང་བནྡེ་བཞུ་ཉིན་ཤེས་ ” ཞེས་སྐུ་གཤེགས་པའི་སྐབས་ཀྱི་འདས་སྟངས་ནི་ནང་ཆོས་ཉམས་ལེན་དང་། ལྟོས་བཅས་དད་འབངས་ཀྱི་ངོས་གཉིས་ཆར་ནས་ཧ་ཅང་གལ་ཆེན་པོ་ཡིན།

མདོ་སྔགས་རིག་གནས་ལ་ཕྱོགས་མེད་ཀྱི་ཐོས་བསམ་བྱས། བསྟན་པ་དང་གྲུབ་མཐའ་ལ་སྙིང་མིག་ལྟར་གཅེས། འཆད་རྩོད་རྩོམ་གསུམ་གྱིས་སྐུ་ཚེ་འཁྱོངས་པ་ཉམས་ལེན་ལ་མི་རྩི་མཁན་ཚོའི་ངོར་ཁོང་ལྟ་བུའི་མཁས་དབང་དག་གི་འདས་སྟངས་ཀྱིས་མཁས་པའི་མིང་ཚིག་འདིར་གོ་བ་ལེན་སྟངས་ལ་ཁྱད་པར་བཟོ་བའང་སྲིད།
གང་ལྟར།  ཁོང་ཉིད་བོད་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་སྟེ། རྗེ་བཙུན་ས་སྐྱ་པཎྜི་ཏའི་འདས་མཆོད་ཉིན་གྱི་ཐོ་རེངས་སུ་གནས་མཆོག་རྡོ་རྗེ་གདན་དུ་དཔལ་ལྡན་ས་སྐྱའི་སྨོན་ལམ་ཆེན་པོ་དང་བསྟུན་ནས་གཤེགས་པ་དེར་ང་ལ་ཚོར་བ་ཤུགས་ཆེན་པོ་བྱུང་།

དེ་ནི་སྐྱེ་འཆི་ལ་རང་དབང་འབྱོར་བའི་དམ་པའི་རང་རྟགས་ཡིན་ངེས་སྙམ། ཚད་དེ་ལས་དམའ་ཙམ་ཞིག་གི་ཐོག་ནས་གོ་བ་བླངས་ན་ཡང་། དཔལ་ལྡན་ས་སྐྱ་པཎ་ཆེན་དང་ཁོང་གི་བསྟན་པར་སྐུ་ཚེ་གང་པོར་ཐུགས་བློ་ཤིན་ཏུ་དཀར་ཞིང་སྲོག་ལས་གཅེས་པའི་ངང་ཚུལ་བརྟན་པ་ཞིག་ཉིན་དེར་རང་ལ་སྐུ་གཤེགས་པ་ནི། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་བསྟན་པར་སྨོན་ལམ་ཐེབས་པའི་རྟགས་མཚན་ཡིན་པར་མ་ཟ་ད། ལས་འཕྲོ་དང་རྟེན་འབྲེལ་བཟང་པོའི་མཚམས་སྦྱར་བའི་ངོ་མཚར་ཅན་གྱི་འདས་རྟགས་ཆེན་པོ་ཞིག་བཞག་པར་ངོས་འཛིན་ཞུ་ཆོག །
དེ་རིང་ཕྱི་དྲོ་ངས་ཀྱང་སྨིན་གྲོལ་གླིང་གི་བཀའ་ཆོས་ཀྱི་སྐྱབས་རྟེན་ཞུ་ཡུལ་དུ་མཁན་ཆེན་མཁས་པའི་དབང་པོ་ཁོང་གི་ཐུགས་དགོངས་ཡོངས་སུ་རྫོགས་ཤིང་ས་ལམ་ལ་བར་ཆད་མེད་པའི་ཞལ་འདེབས་ཕྲན་བུ་ཞིག་བྱས་ནས་རྩོམ་ཡིག་འདིའང་བཀའ་མའི་ལུང་ཞུ་ཞོར་བྲིས་སོ། །

རྫ་ཚེ་རིང་བཀྲ་ཤིས་ཀྱིས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོའི་ལྷ་བབས་མཆོད་རྟེན་གྱི་འོག་ཁང་དུ་ཤར་མར་བྲིས་སོ། །

སྤྱི་ལོ་ ༢༠༢༦ ཟླ་༡ ཚེས་༣ ལའོ། །

 

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།