མདུན་ངོས། ལོ་རྒྱུས། ༄༅།། ༸ཀུན་གཟི...

༄༅།། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་བལ་ཡུལ་ནང་ཆིབས་བསྒྱུར་གནང་སྐབས་བཙན་བྱོལ་བོད་མིས་ངོ་རྒོལ་བྱས་པ་རེད་ཟེར་བ་བདེན་ནམ།

༡༣༣༠༧༩

བཀའ་ཟུར་གནམ་རུ་རིང་པ་དཔོན་ཚང་དཔལ་འབྱོར་ཚེ་རིང་།

ཕྱི་ལོ་ ༡༩༨༦ ལོར་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་བལ་ཡུལ་ནང་གཞུང་འབྲེལ་འཚམས་གཟིགས་ཕེབས་སྐབས། བཙན་བྱོལ་བོད་མི་ཁག་གཅིག་གིས་དར་ཆ་ནག་པོ་འཕྱར་ནས་ངོ་རྒོལ་བྱས་པ་རེད་ཟེར་ནས་སྤྱི་ཚོགས་ནང་འཆལ་གཏམ་སྤེལ་མཁན་ཡོད་འདུག་པར་དེ་ཙམ་དོ་སྣང་བྱས་མེད་ཀྱང་། བར་ལམ་ནས་མཁས་པ་དང་ཤེས་ཡོན་ཅན་ཁག་གཅིག་གིས། དེ་དོན་བདེན་པ་ཡིན་ཤག་གིས་རྩོམ་ཡིག་དེ་འདྲའི་ནང་ཟུར་ཙམ་བྲིས་པ་དག་མཐོང་དུས། ཨ་ཁ་བསམ་པའི་ཚོར་བ་ཤུགས་ཆེ་བྱུང་སྟེ། སྐབས་དེར་རང་ཉིད་བལ་ཡུལ་སྐུ་ཚབ་དོན་གཅོད་ཀྱི་ལས་གནས་ཐོག་ས་གནས་ལ་ཡོད་པའི་ཆ་ནས། རང་གིས་དངོས་སུ་མཐོང་ཐོས་བྱུང་བའི་གནས་ཚུལ་དངོས་བདེན་རྣམས་ཀུན་གྱི་མཁྱེན་རྟོགས་སླད་ཞུ་འདོད་བྱུང་།

དེ་བཞིན་གུས་རང་སྐབས་བཅུ་གསུམ་པའི་བཀའ་ཤག་ནང་ཡོད་སྐབས་ཨ་ལགས་འཇིགས་རིན་པོ་ཆེ་དམ་པ་དེ་ངའི་ཡིག་ཚང་དུ་ཆེད་ཕེབས་ཀྱིས། ཀླུ་མཁར་བྱམས་ཟེར་བས་བལ་ཡུལ་ནང་༧པཎ་ཆེན་རིན་པོ་ཆེར་ངོ་རྒོལ་བྱེད་མཁན་གཙོ་བོ་ཨ་ལགས་འཇིགས་མེད་རེད་ཟེར་ནས། མི་བདེན་རྫུན་སྒྲིག་གིས་མ་ཉེས་ཁ་གཡོག་བྱས་འདུག་པ་ཁྲིམས་ཐོག་ནས་གཙང་སེལ་བྱ་རྒྱུ་ཡིན་ན། ཁྱེད་རང་སྐབས་དེར་བལ་ཡུལ་དོན་གཅོད་ཡིན་པས་གནས་ཚུལ་བྱུང་རིམ་དྲན་གྱི་འདུག་གམ་ཞེས་གསུངས་བྱུང་བར། སྐབས་དེའི་གནས་ཚུལ་བྱུང་རིམ་གང་དྲན་པ་རྣམས་ཞུས་པས། ཁྱེད་རང་ང་ལས་གནས་ཚུལ་དྲན་པ་གསལ་བ་འདུག་ན། བདེན་དཔང་གནང་དགོས་བྱུང་ཚེ་དངོས་བདེན་གང་ཡིན་པ་གསུང་རོགས་གནང་ཞེས་གསུངས་བྱུང་བར། ཡིན་དང་ཡིན་ཞུས་རུང་། རྗེས་སུ་འབྲེལ་བ་མ་བྱུང་བ་དང་། དེ་ནས་ལོ་ཤས་རྗེས་ཁོང་དགོངས་པ་རྫོགས་པ་རེད།

སྐབས་དེར་མདོ་སྨད་རྒྱུན་ལས་ནས་མི་གཉིས་ཡོང་སྟེ་ང་ཚོ་ཨ་ལགས་འཇིགས་མེད་རིན་པོ་ཆེ་དང་བཀའ་མོལ་བྱུང་བས། རིན་པོ་ཆེར་ཁྱེད་རང་གིས་གང་གསུངས་པ་རྣམས་ང་ཚོ་ལའང་གསུང་རོགས་གནང་ཞེས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བལ་ཡུལ་ཆིབས་བསྒྱུར་སྐོར་གྱི་གནས་ཚུལ་བཅར་འདྲི་བྱེད་འདུག་པར། ད་ལྟ་འདིའི་ནང་འཁོད་པའི་གནས་ཚུལ་ཆ་ཚང་འགྲེལ་བརྗོད་ཞུས་པ་ཡིན། ཁོང་རྣམས་ནས་སྒྲ་འཇུག་དང་ཚིག་ཐོ་གཉིས་ཀ་བཀོད་དེ་ཕྱིན་སོང་། རྗེས་སུ་དེ་དག་ཡོངས་གྲགས་འཐོན་རེ་བྱས་ཀྱང་། ད་བར་མཐོང་ཐོས་གང་ཡང་མ་བྱུང་།

དེས་ན་ངས་དངོས་སུ་མཐོང་ཐོས་བྱུང་བའི་གནས་ཚུལ་རྣམས་བཤད་མ་ཐུབ་ན། རང་ཉིད་ལོ་ན་མཐོ་པོར་སླེབས་བཞིན་པར་སོང་དུས་ཆོས་སུ་འགྱུར་བ་འམ་དྲན་པ་ཉམས་པ་སོགས་བྱུང་ན་དང་། དེ་བཞིན་རྒྱུས་ཡོད་གཞན་ཚོས་ཀྱང་ལོ་རྒྱུས་འདི་དག་གསལ་བཤད་གནང་མཁན་མ་བྱུང་བར་ལུས་ན། ལོ་རྒྱུས་ཁུངས་མེད་ཆགས་ཉེན་ལ་བསམ་སྟེ། དངོས་མྱོང་གནས་ཚུལ་བྱུང་རིམ་འདི་དག་ཡི་གེར་འབྲི་རྒྱུའི་ངལ་བ་བསྟེན་པ་ཡིན།

བལ་ཡུལ་ནང་ཆིབས་བསྒྱུར་གནང་རྒྱུའི་གནས་ཚུལ་དང་པོ་གོ་ཐོས་བྱུང་ཚུལ།

སྐབས་དེར་ང་ཚོ་བལ་ཡུལ་སྐུ་ཚབ་དོན་གཅོད་གསར་རྙིང་རྩིས་སྤྲོད་རྩིས་ལེན་བྱེད་བཞིན་པའི་སྒང་ཡིན། རིན་ཆེན་དར་ལོ་ལགས་དོན་གཅོད་རྙིང་པ་རྩིས་སྤྲད་མཁན་དང་། གུས་རང་དོན་གཅོད་གསར་པ་རྩིས་ལེན་མཁན་དེ་ཡིན་ཞིང་། སྤྲོད་དཔང་དུ་བཀའ་དྲུང་ངག་དབང་ཆོས་བཟང་ལགས་ཕེབས་ཡོད། གཞི་རྩའི་ཆ་ནས་གུས་པས་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་རྩིས་ལེན་དང་ཞབས་སྟེགས་བརྗེ་ལེན་བྱས་ཟིན་ནའང་། བལ་ཡུལ་སྐུ་ཚབ་དོན་ཁང་ནང་སྐུ་གསུང་ཐུགས་རྟེན་སོགས་གཞུང་དངོས་མང་པོ་ཡོད་སྟབས་རྩིས་སྤྲོད་ཀྱི་དུས་ཡུན་རིང་པོ་འགོར་བ་དང་། རིན་ཆེན་དར་ལོ་ལགས་ཟླ་ཤས་རིང་ལས་འགན་མཉམ་ཁུར་གནང་བཞིན་པ་དེ་འདྲའི་མཚམས་ཤིག་ལ། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་བལ་ཡུལ་ནང་གཞུང་འབྲེལ་ཆིབས་བསྒྱུར་གནང་རྒྱུའི་གནས་ཚུལ་བརྒྱུད་ལམ་ཁག་ནས་གོ་ཐོས་བྱུང་བ་རེད། དེ་ཡང་འཛམ་གླིང་ནང་པའི་མཛའ་འབྲེལ་ཚོགས་ཆེན་ཐེངས་བཅོ་ལྔ་པ་ (15th General Conference of The World Fellowship of Buddhist) དེ་ཕྱི་ལོ་ ༡༩༨༦ ཟླ་ ༡༡ ཚེས་ ༢༦ ནས་ཟླ་ ༡༢ ཚེས་ ༢ བར་བལ་ཡུལ་གྱི་རྒྱལ་ས་ཀཐ་མཎ་ཌུར་ཚོགས་ཀྱི་ཡོད་པ་དང་། བལ་ཡུལ་རྒྱལ་པོས་གདན་ཞུ་ཕུལ་བ་བཞིན་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་གནང་གི་ཡོད་འདུག ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་དང་། རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པ་ཡིན་སྟབས། བལ་གཞུང་ནས་ཀྱང་དེ་མཚུངས་ཀྱི་སྣེ་ལེན་ཕེབས་བསུ་གྲ་སྒྲིག་བྱེད་བཞིན་ཡོད་འདུག

དེ་ལྟར་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཆིབས་བསྒྱུར་གྱི་གནས་ཚུལ་མི་མང་གིས་ཤེས་རྟོགས་བྱུང་བ་དང་མཉམ་མང་ཚོགས་ཁྲོད་བསམ་ཚུལ་འདྲ་མིན་ཤོད་བཞིན་པ་མ་ཟད། ཚོགས་སྡེ་ཁག་གི་འབྲེལ་ཡོད་མི་སྣ་རེ་ཟུང་གིས་དོན་གཅོད་རྙིང་པ་རིན་ཆེན་དར་ལོ་ལགས་དང་བཀའ་དྲུང་ངག་དབང་ཆོས་བཟང་ལགས་རྣམ་གཉིས་ལ་༧ཀུན་གཟིགས་རིན་པོ་ཆེའི་ཆིབས་བསྒྱུར་སྐབས་བྱེད་སྒོ་སོ་སོའི་འདོད་ཕྱོགས་ཤུགས་ཆེ་གསུང་མཁན་བྱུང་འདུག

ཆིབས་བསྒྱུར་སྐབས་ང་ཚོའི་བྱེད་ཕྱོགས་ཇི་འགབ་མང་ཚོགས་མཉམ་གོ་བསྡུར་བྱས་པ།

ནམ་རྒྱུན་བལ་ཡུལ་རྒྱལ་ས་ཁུལ་དུ་གཞུང་འབྲེལ་ལས་དོན་ཆེ་རིགས་གོ་བསྡུར་བྱེད་སྐབས། ཀཐ་མཎ་ཌུར་ཡོད་པའི་བཟོ་གཞིས་ཁག་གི་འགོ་འཛིན་རྣམས་དང་། རིས་མེད་དགོན་སྡེ་ཁག་གི་སྐུ་ཚབ། རང་དབང་བདེན་པའི་ལས་འགུལ་ཚོགས་པ་ཁག་གི་ཚོགས་གཙོ། སློབ་གྲྭ་ཁག་གི་དབུ་འཛིན་རྣམ་པ། དེ་བཞིན་བུད་མེད་ཚོགས་པའི་འཐུས་མི་བཅས་ཚང་མ་མཉམ་དུ་ཚོགས་ནས་གྲོས་བསྡུར་ཐག་གཅོད་བྱེད་སྲོལ་ཡོད་པ་ལྟར། ངེད་གསུམ་གོ་བསྡུར་གྱིས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཆིབས་བསྒྱུར་སྐོར་མང་ཚོགས་དང་གོ་བསྡུར་ཞུ་ཆེད་གོང་གསལ་འཐུས་མི་ཁག་གི་ཚོགས་འདུ་ཞིག་བསྡུ་བསྐོང་བྱས་པ་ཡིན། ཚོགས་ཐོག་དེར་སོ་སོའི་བསམ་ཚུལ་ཞིབ་ལྷུག་བཤད་རེས་བྱུང་སོང་། དུས་རྒྱུན་མང་ཚོགས་ནས་མཐོང་ཆེར་བརྩི་སའི་མི་སྣ་ཁག་གཅིག་གིས་བོད་རང་བཙན་ནམ་ཡང་ཡོང་རྒྱུ་མེད་པར་གསུང་མཁན་དེ་རྒྱ་མི་དང་ཁྱད་པར་མེད། དེ་འདྲ་སོང་ཙང་ངོ་རྒོལ་བྱེད་དགོས་ཟེར་བ་དང་། ཡང་ཁག་གཅིག་གིས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བོད་ཀྱི་བླ་ཆེན་ཡིན་པ་ཙམ་མ་ཟད། བོད་ལ་ཧ་ཅང་བཀའ་དྲིན་ཆེ་བའི་གང་ཟག་གཅིག་རེད། དེར་བརྟེན་བལ་ཡུལ་གནམ་ཐང་དུ་མང་ཚོགས་ནས་དགའ་བསུ་ཞུ་དགོས་ཟེར་མཁན་ཁག་གཅིག་བཅས་བསམ་ཚུལ་མི་འདྲ་བ་ཕྱོགས་གཉིས་བྱུང་སོང་།

དུས་སྐབས་དེར་བཙན་བྱོལ་བོད་གཞུང་མང་གཉིས་ཀའི་ནང་ཡོངས་གྲགས་ཐོག་རང་བཙན་གྱི་ལྟ་བ་ལངས་ཕྱོགས་ཁོ་ན་ལས། དབུ་མའི་ལམ་གྱི་སྲིད་བྱུས་ཡོངས་གྲགས་གནང་མེད་པ་དང་། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་རང་བཙན་སྐོར་བཀའ་གནང་གི་མེད་སྟབས། བསམ་ཚུལ་མི་འདྲ་བ་ཡོང་སྟངས་དེ་ལྟར་རེད།

གུས་ནས་དོན་གཅོད་ཀྱི་ལས་འགན་རྩིས་ལེན་བཞིན་པའི་སྐབས་དེར། གལ་གནད་ཧ་ཅང་ཆེ་ལ་བྱེད་དཀའ་བའི་གནས་སྟངས་དེ་ལྟར་ཆགས་བཞིན་འདུག་པ་དེ་དག་ཛ་དྲག་ལ་ངོས་འཛིན་གྱིས་ཚོགས་འདུ་གྲོལ་རྗེས། གུས་ནས་བཀའ་དྲུང་དང་རིན་ཆེན་དར་ལོ་ལགས་གཉིས་ལ་གནས་ཚུལ་འདི་འགན་བློས་མི་བཟོད་པ་འདུག་ན། བཀའ་ཤག་དང་གཟིམ་ཆུང་ལ་སྙན་སེང་གིས་ལམ་སྟོན་ཞུ་དགོས་འདུག་ཅེས་ཞུས་པར། ཁོང་གཉིས་ནས་ཀྱང་དེ་ལ་མོས་མཐུན་དང་སྦྲགས། རིན་ཆེན་དར་ལོ་ལགས་ཀྱི་སྤུན་མཆེད་སུད་སིར་ཡོད་པ་ཞིག་ཉེ་ལམ་འདས་གྲོངས་ཕྱིན་པའི་མཆོད་འབུལ་དང་བསྟུན། དྷ་སར་བཀའ་སློབ་ལམ་སྟོན་ཞུ་བར་ཁོང་རང་བཅར་རྒྱུའི་དགོངས་འཆར་གསུངས། དེ་ཡང་ཕར་ཚུར་གནམ་གླ་སོགས་འགྲོ་སོང་ཇི་དགོས་རྒྱགས་རང་ཁུར་གྱི་སྒོ་ནས་ཕེབས་འདུན་གསུངས་དོན་ལ་མོས་མཐུན་ཞུས་པ་ལྟར། བདུན་ཕྲག་གཅིག་གི་ནང་ཁོང་དྷ་ས་ནས་ཕྱིར་ཕེབས་བྱུང་།

བཀའ་ཤག་དང་གཟིམ་ཆུང་གི་ལམ་སྟོན།

ཀཐ་མཎ་ཌུའི་ཚོགས་སྡེ་ཁག་གི་ཁྲོད་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཆིབས་བསྒྱུར་སྐབས་ངོ་རྒོལ་ཞུ་དགོས་ཟེར་མཁན་དང་། ཕེབས་བསུ་ཞུ་དགོས་ཟེར་མཁན་ཕྱོགས་མི་འདྲ་བ་གཉིས་བྱུང་བ་བཅས་ཀྱི་གནས་སྟངས་ཆ་ཚང་རིན་ཆེན་དར་ལོ་ལགས་བརྒྱུད་བཀའ་ཤག་ལ་སྙན་སེང་དང་སྦྲགས་དགོངས་སྐོར་ལམ་སྟོན་ཞུས་འབྲས་སུ། བཀའ་ཤག་གི་ལམ་སྟོན་ཕེབས་པའི་ནང་། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་ནག་གི་ཆེས་མཐོའི་དབུ་ཁྲིད་ཀྱི་གོ་གནས་ཐོག་ཕེབས་ཀྱི་ཡོད་སྟབས་རྒྱ་དཔོན་ཁག་གཅིག་ཀྱང་ལྷན་བཅར་ཡོད་ངེས་ལ་སོང་། གནམ་ཐང་དུ་ཕེབས་བསུའི་རྣམ་འགྱུར་ཤུགས་ཆེ་བསྟན་ན། རྒྱ་མིའི་དྲིལ་བསྒྲགས་མི་སྣ་ལྷན་དུ་ཡོད་མུས་ཡིན་པས་བེད་སྤྱོད་ལོག་པ་གང་འདྲ་གཏོང་མིན་ཚོད་དཔག་དཀའ་བར་སོང་། དེ་ལྟར་མ་གནང་ན་ཞེས་དང་། ངོ་རྒོལ་ནི་དེ་བས་ཀྱང་བྱེད་མི་རུང་བ་ཡིན། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་རྒྱལ་གཅེས་དཔའ་བོ་རེད། བོད་མི་རིགས་ཀྱི་ཆེད་དུ་སྐུ་ངལ་དུ་མ་ཁྱད་དུ་བསད་པ་མ་ཟད། བཙོན་ཁང་དུ་ལོ་མང་བཞུགས་མྱོང་བཅས་ཡིན། ད་ལྟའི་ཆར་ཡང་བོད་མི་རིགས་ཀྱི་བདེ་དོན་ཆེད་ཐུགས་ཁུར་ཆེ་བཞེས་གནང་དང་གནང་བཞིན་པར་སོང་། ངོ་རྒོལ་སོགས་ཐུགས་ཕམ་ཡོང་གཞིའི་རིགས་ནམ་ཡང་མི་འཐོན་པ་དགོས་ཞེས་ལམ་སྟོན་ཕེབས།

ཡང་གཟིམ་ཆུང་ནས་ལམ་སྟོན་ཕེབས་པའི་ནང། བཀའ་ཤག་གི་ལམ་སྟོན་དེ་ཚོ་ཡག་ཐག་གཅོད་འདུག ད་དུང་དེའི་སྟེང་ད་རེས་ཆོས་འབྲེལ་ཞིག་ཞུ་ཐུབ་ན་ཡག་པོ་ཡོད་ཅེས་བཀའ་ཕེབས་པ་མ་ཟད། ཨ་ལགས་འཇིགས་མེད་དེ་སྔོན་བོད་ནང་གཟིགས་སྐོར་སྐུ་ཚབ་ཚོགས་པ་ཕེབས་མཁན་ཁོངས་ཡིན་པ་བཅས་ཀྱི་ཆ་ནས་༧པཎ་ཆེན་རིན་པོ་ཆེས་ངོ་མཁྱེན་གྱི་ཡོད། ཁོང་མར་བཏང་གི་ཡིན་ཞེས་བཀའ་ཕེབས་འདུག ཨ་ལགས་འཇིགས་མེད་རིན་པོ་ཆེ་སྐབས་དེར་བཀའ་བློན་ལས་རོགས་རེད།

དེ་ལྟར་དྷ་རམ་ས་ལ་ནས་བཀའ་སློབ་ལམ་སྟོན་འབྱོར་བ་རྣམས་མང་ཚོགས་ལ་བརྒྱུད་བསྒྲགས་ཞུ་ཆེད། ང་ཚོས་ཚོགས་སྡེ་ཁག་གི་འཐུས་མིའི་མཉམ་སྔར་བཞིན་ཚོགས་འདུ་ཚོགས་པར། དེ་སྔོན་བསམ་འཆར་བསྡུ་ལེན་གྱི་ཚོགས་འདུའི་སྐབས་བསམ་ཚུལ་མི་མཐུན་པ་ཡོད་ནའང་། དྷ་སར་དགོངས་སྐོར་ཞུས་ནས་ལམ་སྟོན་ཕེབས་རྗེས་ཚང་མས་དེའི་ཐོག་ཀ་ཀོར་མེད་པར་ཤར་བསྐྱོད་བྱེད་ཤག་མ་གཏོགས། གླེང་ཕྱོགས་བཟོ་མཁན་སུ་ཡང་བྱུང་མ་སོང་།

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཆིབས་བསྒྱུར་དངོས་གཞི།

ཕྱི་ལོ་ ༡༩༨༦ ཟླ་ ༡༡ ཚེས་ ༢༦ ཉིན་འཛམ་གླིང་ནང་པའི་མཛའ་འབྲེལ་ཚོགས་ཆེན་ཐེངས་བཅོ་ལྔ་པའི་དབུ་འབྱེད་མཛད་སྒོ་ཀཐ་མཎ་ཌུའི་དྷས་རཐ་རྩེད་ཐང་ (Dasrath Stadium) ནང་ཚོགས་སྐབས། མང་ཚོགས་ཁྲི་ཚོ་བརྒལ་བ་འདུ་འཛོམས་བྱས་ཡོད་ནའང་། ཚོགས་ཆེན་གོ་སྒྲིག་གནང་མཁན་གཙོ་གྲས་སྐུ་ཞབས་ཚེས་བཅུ་ལགས་དུས་རྒྱུན་ནས་རིན་ཆེན་དར་ལོ་ལགས་དང་འབྲེལ་ལམ་དམ་ཟབ་ཡོད་པ་ལ་བརྟེན་ནས། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཞབས་སྟེགས་ནས་ཐག་མི་རིང་བ་ཞིག་ལ་ཨ་ལགས་འཇིགས་མེད་རིན་པོ་ཆེ་དང་། རིན་ཆེན་དར་ལོ་ལགས་རྣམ་གཉིས་ལ་ཞབས་སྟེགས་གྲ་སྒྲིག་གནང་ཐུབ་པ་བྱུང་འདུག སྐུ་ཞབས་ཚེས་བཅུ་ནི་མི་རྩ་འབྲུག་པ་ཡིན་རུང་བལ་ཡུལ་རྒྱལ་བཙུན་གྱིས་ཐུགས་བརྩི་ཆེན་པོ་གནང་ཡུལ་ཞིག་དང་། རྒྱལ་པོའི་ཕོ་བྲང་དུ་ནང་མའི་སློབ་སྟོན་འབུལ་མཁན་ཞིག་ཡིན་པ་རེད།

ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོ་དངོས་གཞིའི་སྐབས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཞབས་སྟེགས་ནས་ཨ་ལགས་འཇིགས་མེད་རིན་པོ་ཆེ་དང་རིན་ཆེན་དར་ལོ་ལགས་གཉིས་ཐག་མི་རིང་བར་ཡོད་སྟབས། ཨ་ལགས་འཇིགས་མེད་རིན་པོ་ཆེས་མང་ཚོགས་ཁྲོད་ནས་ཡར་བཞེངས་ཏེ་ཕྱག་འབུལ་ཞུས་པར། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་ངོ་མཁྱེན་ནས་ཕྱག་གཡབ་མོ་དང་བཅས་ངོས་བཞེས་གནང་འདུག

དེ་ཉིན་མཛད་སྒོ་གྲོལ་རྗེས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེས། ཨ་ལགས་འཇིགས་མེད་འདིར་ཕེབས་འདུག ཁོང་དང་མཇལ་འདོད་ཡོད་ཅེས་ལྷན་བཅར་རྒྱ་ནག་གི་དཔོན་རིགས་ལ་བཀའ་མངགས་གནང་བ་ལྟར། ཉིན་རྒྱབ་ཚོུད་གསུམ་པ་བཞི་པ་ཙམ་ལ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཞབས་གྲས་གཅིག་ནས་རྒྱ་ནག་གཞུང་ཚབ་ཁང་བརྒྱུད་ང་ཚོར་འབྲེལ་བ་བྱས་པ་རེད། སྐབས་དེར་ཨ་ལགས་འཇིགས་མེད་རིན་པོ་ཆེས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེར་༧གོང་ས་མཆོག་གི་བཀའ་ཡིག་འབུལ་རྒྱུས་མཚོན་མཇལ་ཁ་ཞིག་ཡོང་ཐབས་དགོངས་བཞེས་གནང་བཞིན་པའི་སྒང་ཡིན་སྟབས། ང་ཚོ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་མཇལ་ཁ་སྙན་སེང་ཞུ་འཆར་ཡིན་ཡང་། ད་ལམ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་གཟིགས་པ་ཆེ་བཞེས་ཀྱིས་ཚུར་བཀའ་ཕེབས་པ་ཧ་ཅང་དགའ་པོ་བྱུང། བཞུགས་གནས་མགྲོན་ཁང་ལ་མཇལ་ཁ་བཅར་རྒྱུའི་དུས་ཚོད་གནང་རོགས་ཞུས་པར། རྒྱ་ནག་གཞུང་ཚབ་མི་སྣས་མགྲོན་ཁང་དུ་མ་ཡིན་པར་གཞུང་ཚབ་ཆེན་མོའི་ནང་དུ་མཇལ་འཕྲད་ཞུ་དགོས་ཟེར་བ་ལྟར་དེའི་ཕྱི་ཉིན་བཅར་རྒྱུ་བྱས།

ཕྱི་ཉིན་དེར་དགོང་མོ་ས་རུབ་ཚར་ཙམ་དེ་འདྲ་ཞིག་ལ་ཨ་ལགས་འཇིགས་མེད་རིན་པོ་ཆེ་དང་། རིན་ཆེན་དར་ལོ་ལགས། གུས་རང་བཅས་ངེད་གསུམ་དུས་བཀག་བཟོས་པ་ལྟར་རྒྱ་ནག་གཞུང་ཚབ་ཁང་དུ་མཇལ་ཁ་ཞུ་བར་བཅར། གཞུང་ཚབ་ཁང་གི་དྲུང་ཡིག་གཉིས་པ་ཀྲང་ཟེར་བས་སྣེ་ལེན་ཞུས་ཏེ་ང་ཚོ་ཚོམས་ཆེན་ཞིག་ནང་འཁྲིད་བྱུང་། དེ་ནས་སྐར་མ་ཁ་ཤས་རྗེས་ཨ་ལགས་འཇིགས་མེད་རིན་པོ་ཆེ་ཚོམས་ཆེན་སྦུག་མ་༧པཎ་ཆེན་རིན་པོ་ཆེ་སྐུ་འཁོར་བཞུགས་ས་དེར་གདན་ཞུ་བྱས་ཤིང་། རིན་ཆེན་དར་ལོ་ངེད་གཉིས་ཐོ་ནང་མི་འདུག་ན། ཨ་ལགས་འཇིགས་མེད་རིན་པོ་ཆེ་དང་ལྷན་དུ་མཇལ་ཁ་ཡོང་གི་མ་རེད་ཟེར་ནས་བཀག་སོང་། ཨ་ལགས་འཇིགས་མེད་རིན་པོ་ཆེས་ཟུར་མཇལ་སྐབས་༧གོང་ས་མཆོག་གི་བཀའ་ཡིག་ཕུལ་བར་༧པཎ་ཆེན་རིན་པོ་ཆེས་ཐུགས་དགྱེས་མཉེས་ཆེན་པོས་གཟིགས་ཙམ་གནང་སྟེ་སྐུའི་ཨམ་ཕྲག་ནང་བཅུག་པ་གནང་འདུག

ང་ཚོ་ཚོམས་ཆེན་ཕྱི་མའི་ནང་སྒུག་ནས་བསྡད་དུས། རིན་ཆེན་དར་ལོ་ལགས་ནས་གཞུང་ཚབ་ལས་བྱེད་ཀྲང་ལ། འདི་དོན་གཅོད་ཚབ་གསར་དཔལ་འབྱོར་ཚེ་རིང་རེད། ཅེས་ཁོ་བོ་ངོ་སྤྲོད་གནང་སོང་བར། ཅུང་ཧང་སངས་དགོས་པ་ཞིག་ལ། ཁོས་ཚུར་ཧོར་སྐད་ཐོག་ནས་ “ཇོ་དཔལ་ང་གཉིས་ཕ་ཡུལ་གཅིག་པ་རེད་གདའ་” ཟེར་ནས་བཤད་བྱུང་། རིན་ཆེན་དར་ལོ་ལགས་ནས་ངོ་སྤྲོད་གནང་སྐབས་དཔལ་འབྱོར་ཚེ་རིང་རེད་ཅེས་གསུངས་ཡོད་ནའང། ཁོ་པས་ཚུར་ “ཇོ་དཔལ་” ཞེས་ངའི་ཁྱད་མིང་ནས་འབོད་པ་མ་ཟད། ངའི་སྐྱེ་ཡུལ་ཡང་ཁ་གསལ་ལབ་ཡོང་དུས། བོད་གཞུང་གི་ལས་བྱེད་ཚོའི་ལོ་རྒྱུས་ཆ་ཚང་རྒྱ་ནག་གཞུང་གིས་ཞིབ་ཚགས་པོ་ཉར་གྱི་ཡོད་པའི་མངོན་རྟགས་གསལ་པོ་མཐོང་བྱུང་།

དེ་ནས་ཚོུད་ཕྱེད་ཀ་ཙམ་རྗེས་ཨ་ལགས་འཇིགས་མེད་རིན་པོ་ཆེའི་མཇལ་ཁ་གྲུབ་པ་དང་། ངེད་གཉིས་ལ་སྐར་མ་གཉིས་རིང་མཇལ་ཁ་ཞུས་ན་འགྲིག་གི་རེད་ཅེས་ལབ་པ་ལྟར། རིན་ཆེན་དར་ལོ་ངེད་གཉིས་མཇལ་ཁར་བཅར། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གཡས་གཡོན་ལ་ཡོངས་འཛིན་རྒྱ་ཡག་རིན་པོ་ཆེ་དང་ཨ་ཀྱཱ་རིན་པོ་ཆེ་རྣམ་གཉིས་ལྷན་དུ་བཞུགས་འདུག་ཅིང་། སྐུ་རྒྱབ་ལ་ཞབས་ཕྱི་དང་རྒྱ་མི་ལྔ་དྲུག་ཙམ་འདུག་པ་ཚང་མ་ཟུར་ལ་ལངས་ནས་བསྡད། ངེད་གཉིས་ནས་སྐུ་ཕྱག་འབུལ་རྗེས་རེ་རེ་བཞིན་མཇལ་ཁ་ཞུས། རིན་ཆེན་དར་ལོ་ལགས་ནས་རང་ཉིད་ཀྱིས་བརྩམས་པའི་བལ་ཡུལ་གྱི་གནས་བཤད་དེབ་ཅིག་ཡོད་པ་དེ་ཕུལ་ཏེ། བོད་ནས་གཉེན་འཕྲད་དང་གནས་མཇལ་ཕེབས་མཁན་ཚང་མར་སྣེ་ལེན་དགའ་བསུའི་ཚུལ་དུ་དེབ་འདི་འབུལ་གྱི་ཡོད། ད་ལམ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེར་ཡང་འཚམས་ཞུ་དང་གུས་འདུད་ཀྱི་ཚུལ་དུ་འབུལ་གྱི་ཡོད་ཅེས་ཞུས་སོང་། གུས་ནས་དོན་གཅོད་ཁང་གི་གཞུང་གི་ཅ་དངོས་ཁོངས་ནས་བོད་ཀྱི་ཊམ་ཀ་དཀར་པོ་དངུལ་སྲང་ལྔ་མཎྜལ་རྟེན་དོད་དུ་ཕུལ་ཏེ། བལ་སྡོད་བོད་མི་ཚང་མའི་ཚབ་ཞུས་ནས་༧ཀུན་གཟིགས་རིན་པོ་ཆེ་བལ་ཡུལ་དུ་ཞབས་སོར་འཁོད་པར་དགའ་བསུ་ཞུ་གི་ཡོད། སྐུ་ཚེ་༧ཞབས་པད་ཡུན་དུ་བརྟན་རོགས་གནང་ཞེས་གསོལ་བ་འདེབས་པ་ནི་བོད་མི་མང་གི་རེ་འདུན་ཡིན། དེ་བཞིན་༧གོང་ས་མཆོག་སྐུ་ཚེ་ཡུན་དུ་བརྟན་པའི་ཐུགས་སྨོན་གནང་རོགས་གནང་ཞེས་ཞུས་པར། ཐུགས་དགྱེས་ཚོར་ཆེན་པོས་ཡིན་དང་ཡིན། ངས་དཀོན་མཆོག་གསུམ་ལ་གསོལ་བ་འདེབས་ཀྱི་ཡིན་ཞེས་གསུངས་བྱུང་། གུས་ཚོར་བྱིན་རྟེན་དུ་སྐུ་པར་རེ་དང་། ཞལ་ཐང་ལ་སྤྱད་རྒྱུའི་ཚེ་ལྷ་རྣམ་གསུམ་གྱི་སྐུ་པར་རེ། དེ་བཞིན་ཕྱག་སྨྱུག་རེ་བཅས་གནང་བྱུང་།

སྐབས་དེར་ང་ཚོས་གཞུང་འབྲེལ་ཐོག་ཆོས་འབྲེལ་ཞུ་མ་ཐུབ་པ་ནི་བློ་ཕམ་གྱི་རང་བཞིན་ཡང་། བལ་ཡུལ་ནང་ཡོད་པའི་གཞིས་རྩེ་བ་དང་རིས་མེད་དགོན་སྡེ་ཁག་བཅས་ནས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་སྐུ་མདུན་ནས་ཆོས་འབྲེལ་དང་ཚེ་དབང་ཞུ་ཐོབ་བྱུང་བ་རེད། ཚེ་དབང་ཆོས་འབྲེལ་ཞུ་མཁན་བླ་ཆེན་ཁོངས་སུ་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་མཆོག་ཀྱང་ཕེབས་གནང་འདུག ཆོས་འབྲེལ་གནང་སྐབས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ང་གཉིས་དབར་དམ་ཚིག་ལྷད་གཏན་ནས་མེད། ངེད་གཉིས་དབར་དབྱེན་དཀྲུག་བཟོ་མཁན་སྔར་བྱུང་མྱོང་བ་རེད་ལ། དེང་སང་ཡང་དེ་འདྲ་བྱེད་མཁན་འདུག མི་དེ་ཚོས་ལས་ངན་ཚབས་ཆེན་བསགས་ཀྱི་ཡོད། དེ་བཞིན་ས་གནས་གང་དུ་ཡོད་ཀྱང་བོད་པ་ཚང་མ་འཆམ་པོ་བྱེད་དགོས་ཞེས་བཀའ་གནང་འདུག

ཡང་ང་ཚོ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཇལ་ཁ་ཞུས་པའི་ཕྱི་ཉིན་དེར་ཨ་ལགས་འཇིགས་མེད་རིན་པོ་ཆེ་དང་། རིན་ཆེན་དར་ལོ་ལགས། གུས་རང་བཅས་ངེད་གསུམ་གུང་ཐང་རིན་པོ་ཆེ་མཇལ་ཁ་ཞུ་བར་བཅར། གུང་ཐང་རིན་པོ་ཆེ་ཀཐ་མཎ་ཌུའི་གྲགས་ཆེན་མགྲོན་ཁང་ཨ་ན་པུར་ན་ཞེས་པའི་ནང་ཞབས་ཕྱི་སུ་ཡང་མེད་པར་སྐུ་རྐྱང་བཞུགས་འདུག་ཅིང་། རྒྱ་གར་ལྡེ་ར་ལྡུན་ཀ་ལ་མན་གྲུ་གཞིས་ཆགས་ནས་ཡིན་པ་བློ་བཟང་ཕུན་ཚོགས་ཟེར་བ་ཕྱག་རོགས་ཀྱི་ཚུལ་དུ་སླེབས་འདུག གུང་ཐང་རིན་པོ་ཆེས་ཨ་ལགས་འཇིགས་མེད་རིན་པོ་ཆེ་ངོ་མཁྱེན་པ་གནང་གི་འདུག རིན་པོ་ཆེ་གཟིམས་ཁྲིའི་སྟེང་བཞུགས་གནང་འདུག་པར་ང་ཚོས་རེ་རེ་བཞིན་སྐུ་ཕྱག་དང་བཅས་མཇལ་དར་ཕུལ་ཏེ། རིན་པོ་ཆེ་མཆོག་ལ་འཚམས་འདྲི་ཞུ་བར་བཅར་ལུགས་སོགས་ངོ་སྤྲོད་དང་སྦྲགས་བཙན་བྱོལ་བོད་མིའི་གནས་སྟངས་རོབ་ཙམ་སྙན་སེང་ཞུས། སྐབས་དེར་རིན་པོ་ཆེས་ཕྱག་མཛུབ་ཞལ་འགྲམ་ལ་བརྡར་བ་གནང་སྟེ། ཨ་ལགས་འཇིགས་མེད་རིན་པོ་ཆེ་དང་བློ་བཟང་ཕུན་ཚོགས་གཉིས་ལ་ཕར་གཟིགས་ཚུར་གཟིགས་གནང་བཞིན་དུ། “ཁྱེད་རྣམ་མཐུན་པོ་གནང་གོ མཐུན་པོ་མ་གནང་ན་ཁོ་ཚོར་(རྒྱ་ནག་གོ་དགོས་)ངོ་ཚ་ཡི་རེད་ད།” ཞེས་གསུངས་པ་གསལ་པོ་དྲན་གྱི་འདུག

མདོར་ན། ཕྱི་ལོ་ ༡༩༨༦ ལོར་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་བལ་ཡུལ་ནང་ཆིབས་བསྒྱུར་གནང་སྐབས་བཙན་བྱོལ་བོད་མིས་དར་ཆ་ནག་པོ་འཕྱར་ཏེ་ངོ་རྒོལ་བྱས་པ་རེད་ཟེར་བ་ནི་དཀྲོག་གཏམ་འབའ་ཞིག་རེད། གནས་ཚུལ་དངོས་བདེན་ནི་གོང་དུ་གསལ་བ་ལྟར་ལགས་ན། རང་ཅག་བོད་མི་རིགས་ཀྱི་འཆམ་མཐུན་དང་། ལོ་རྒྱུས་ལ་ཕུགས་སུ་གནོད་གཞི་ཅན་གྱི་གཏམ་འཆལ་འདི་རིགས་ལ་ཀུན་གྱིས་མགོ་མ་འཁོར་བ་གནང་གལ་ཆེ་བ་མཐོང་།

གུས་བཀའ་ཟུར་གནམ་རུ་རིང་པ་དཔོན་ཚང་དཔལ་འབྱོར་ཚེ་རིང་གིས་ཨོ་སི་ཀྲོ་ལི་ཡའི་རྒྱལ་ས་ཁན་བྷི་ར་ནས་ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡༣ དགེ་བའི་ཉིན་སྤེལ།། །།

(ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་བལ་ཡུལ་དུ་མཇལ་འཕྲད་གནང་བའི་སྐུ་པར་འདི། རྩོམ་སྒྲིག་པས་བཀོད། དེ་ཡང་མ་ཡུམ་དྲ་ཚིགས་སུ་རྩོམ་ཡིག་སྤེལ་དུས། མཛེས་ཆའི་དོན་དུ་རྩོམ་ཡིག་རེ་དང་ལྷན་དུ་འདྲ་པར་རམ་རི་མོ་གཅིག་གམ་གཉིས་དགོས་པས། དེའི་ཆ་ནས་བཀོད་པ་ཡིན།)

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།