མདུན་ངོས། སྙན་ངག ཚེ་གཅིག་འཕྲད་...

ཚེ་གཅིག་འཕྲད་པས་མ་ཚིམ་བྲོ་བ་ཞིག །

༣༤༩༣༣༦

བྲང་གཞུང་འདི་ནི་མཚོ་མོ་ཆུང་ཆུང་ཞིག །
ཁྱེད་ཀྱི་སེམས་པ་གྲུ་ཆུང་ཡིན་སྙམ་མཛོད།།
མཚོ་མོ་འཁྱིལ་གྱི་བཞུར་བ་མིན་པས་ན།།
གྲུ་ཆུང་ས་འདིར་གཏན་དུ་གནས་དགོས་ཨ།།

གྲུ་ཆུང་འདྲ་བ་ལོ་མ་ཆུང་ཆུང་ཁྱེད།།
རླུང་བུ་འདྲ་བ་ང་ཡི་སེམས་པ་ཨ།།
སྙིང་ཁ་མཚོ་ལས་ཟབ་མིན་མི་ཤེས་ཀྱང་།།
དེ་ལས་མཛེས་པ་རླུང་གིས་མཐོང་མ་བྱུང་།།

ཡུན་རིང་ཡུན་རིང་ཞིག་ལ་སོང་བའི་མཐར།།
སླར་ཡང་འཆར་བ་སྟོན་གྱི་ནམ་དུས་རེད།།
ཤིང་ལོ་སེར་པོ་ས་ནས་ལག་ཏུ་བླངས།།
ཉི་མར་འཕྱར་ནས་ལྟ་དུས་ལྷག་པར་སེར།།

སྲབ་སྲབ་འདི་ཡིས་ཁྱེད་སེམས་མཚོན་པ་འདྲ།།
ཀྱག་ཀྱོག་རི་མོ་དག་ནི་ལས་དབང་ངོ་།།
འཇམ་འཇམ་རེག་བྱ་གང་གི་མཆུ་སྒྲོས་ཏེ།།
སྙིང་དབྱིབས་བཟོ་ལྟས་སྙིང་གི་གཏམ་ཡང་སྨྲ།།

ཁྱེད་རང་ཐག་རིང་བཞུད་ཀྱང་ང་ཡིས་མཐོང་། །
སྙིང་གི་འཕག་སྒྲ་དག་ཀྱང་མཚོ་ནས་གོ །
ས་ལ་ལྷུང་རུང་ད་དུང་ལྡིང་ཐབས་འདི།།
ཉ་ཆུང་སྐམ་ལ་བུད་པས་མཚོན་མ་རེད།།

ལྗོན་པའི་ཚེ་རྒྱན་ལོ་མ་ཡིན་རློམ་འདི།།
མཚོ་ལ་གྲུ་ཆུང་ཟོལ་གྱིས་ལྷུང་སོང་ལགས།།
བྲང་གཞུང་སྙིང་ལ་མི་བརྗེད་གསེར་རྡོག་ཅིག
ཚེ་གཅིག་འཕྲད་པས་མ་ཚིམ་བྲོ་བ་ཞིག །

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།