མདུན་ངོས། བསམ་ཚུལ། སློབ་དེབ་བློ་...

སློབ་དེབ་བློ་གསལ་མགུལ་རྒྱན་ཕྱག་བསྟར་ཞུས་པའི་སློབ་ཐོན་འཛིན་གྲྭ་དང་པོ་ཚོར་སྤྲིངས་པ།

༤༠༤༢༩༠

༄༅།། ལོ་ཤས་ཀྱི་གོང་དུ་ཁྱེད་ཚོའི་འཛིན་གྲྭར་༸སྐྱབས་མགོན་ཀིརྟི་རིན་པོ་ཆེས་རྩོམ་སྒྲིག་མཛད་པའི་སློབ་དེབ་བློ་གསལ་མགུལ་རྒྱན་ཐོག་མར་སློབ་ཁྲིད་འགོ་འཛུགས་ཞུ་བའི་སྐབས། ངས་ཁྱེད་ཚོར། “སྒྲིག་གཞི་ཡོད་པའི་ཐོག་ནས་སློབ་དེབ་བློ་གསལ་མགུལ་རྒྱན་ཐོག་མར་ལག་བསྟར་བྱེད་ས་ཁྱེད་ཚོའི་འཛིན་གྲྭ་ཡིན། འདི་དམིགས་བསལ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་ཏུ་གྱུར་ཡོད། ༸ཁོང་རིན་པོ་ཆེས་སློབ་དེབ་བློ་གསལ་མགུལ་རྒྱན་རྩོམ་སྒྲིག་གནང་བའི་སྐབས་སྐུ་ལས་ཅི་ཙམ་བསྐྱོན་པ་ལས་ཀའི་ངོ་བོའི་ཐོག་ནས་རྒྱུས་མངའ་ཆེ་ཤོས་ང་རང་ཆགས་ཡོད། ༸ཁོང་རིན་པོ་ཆེས་འདིའི་ཐོག་སྐུ་ལས་ཚད་མེད་བསྐྱོན་དགོས་པའི་རྒྱུ་མཚན་གཙོ་བོ་ནི། འབྲེལ་ཡོད་ཀིརྟིའི་དགོན་མ་ལག་གི་གྲྭ་བཙུན་གཞོན་སྐྱེས་ཙམ་མ་ཡིན་པར། ཆོས་བརྒྱུད་རིས་མེད་ཀྱི་གདན་ས་གྲྭ་ཚང་ཁག་ཏུ་འཚར་ལོངས་འབྱུང་བཞིན་པའི་གྲྭ་བཙུན་གཞོན་སྐྱེས་རྣམས་ཤེས་ཡོན་དང། བསམ་བློ། ཀུན་སྤྱོད་གང་ཅིའི་ཐད་ནས་བཤད་སྒྲུབ་ཀྱི་བསྟན་པའི་རྐང་འཛིན་ཐུབ་མཁན་ཤ་སྟག་ཡོང་བའི་ཆེད་འབའ་ཞིག་ཡིན།

རྒྱལ་བའི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་རྒྱུན་གནས་ཐུབ་མིན་ནི། ད་ལྟ་ཆོས་བརྒྱུད་རིས་མེད་ཀྱི་གདན་ས་སོ་སོར་ཡོད་པའི་གྲྭ་བཙུན་གཞོན་སྐྱེས་རྣམས་གསོ་སྐྱོང་ཚད་ལྡན་བྱེད་ཐུབ་མིན་གྱི་རྗེས་སུ་འགྲོ་ལྡོག་བྱེད། ཁོང་རྣམས་བསྟན་འཛིན་གྱི་སྐྱེས་བུ་ཚད་ལྡན་ཞིག་ཏུ་གསོ་སྐྱོང་ཐུབ་པ་ལ་རྒྱུ་རྐྱེན་སྣ་ཚོགས་ཡོད་པ་ལས་གཙོ་བོ་ཞིག་ནི། བོད་ཀྱི་སྐད་ཡིག་གི་ཤེས་ཡོན་ཚད་ལྡན་ཡོད་པའི་ཐོག།བསམ་བློར་ཆོས་ཀྱི་བག་ཆགས་གཏིང་ཟབ་ཡོད་པ། ཀུན་སྤྱོད་ཆོས་དང་མཐུན་པ་སྟེ་སྐལ་ལྡན་དང་བ་འདྲེན་པ་བཅས་ནི་ས་གཞི་ལྟ་བུའི་ཚུལ་དུ་མེད་མི་རུང་བ་ཡིན།

འོན་ཀྱང་སྐྱེས་བུ་དེ་འདྲ་ཞིག་ནི་སྤང་ཐང་ནས་ཤ་མོ་བརྡོལ་བ་ལྟ་བུའི་ཚུལ་དུ་རང་བཞིན་གྱིས་མི་འབྱུང་བར། བསླབ་གཞི་ཚད་ལྡན་ཞིག་ལ་བརྟེན་ནས་འབྱུང་དགོས་པ་སྨོས་མེད་ཡིན་མོད། བོད་ལ་དགོན་པའི་སློབ་གྲྭ་ཟུར་དུ་བྱུང་བའི་རྗེས་སུ་ཡང་ཆོས་བརྒྱུད་རིས་མེད་ཀྱི་གདན་ས་གྲྭ་ཚང་སོ་སོའི་སློབ་གྲྭར་ཕྱག་བསྟར་གནང་ཆོག་པའི་སློབ་དེབ། ནང་དོན་དང། གོ་རིམ། དམིགས་ཚད། སློབ་སྦྱོང་གི་བརྒྱུད་རིམ་མུ་འབྲེལ་བྱས་པའི་རྩོམ་སྒྲིག་གནང་སྟངས་ཐུན་མོང་མ་ཡིན་པ། སློབ་དེབ་ཀྱི་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཀུན་སྤྱོད་མཐོ་འདེགས་ཐུབ་པར་དམིགས་བསལ་ནུས་པ་ལྡན་པའི་ལེགས་བཤད་དང་ཆོས་སྲིད་ཀྱི་བསླབ་བྱ་སྣ་ཚོགས་ཡོད་པ་སྟེ། མདོར་ན། བརྡ་སྤྲོད་དང། སྙན་ངག།རྒྱལ་རབས་ལོ་རྒྱུས། ཆོས་འབྱུང། ནང་པའི་ལྟ་གྲུབ། མཚན་ཉིད་རིག་པ། མངོན་བརྗོད། ཟློས་གར། སྡེབ་སྦྱོར་སོགས་བོད་ཀྱི་རིག་པའི་གནས་བཅུའི་ཉིང་བཅུད་འཛོམས་པའི་ཤེས་བྱའི་བང་མཛོད་ལྟ་བུ་འདི་འདྲ་ནི། བོད་ཕྱི་ནང་གཉིས་ཀའི་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་གང་དུ་ཡང་མེད་པའི་སྟོང་ཆ་ཆེན་པོར་གྱུར་ཡོད་པར་བརྟེན། གོང་དུ་བཤད་པའི་ཁྱད་ཆོས་དེ་དག་ཡོངས་རྫོགས་ཡར་ལྡན་གྱི་ཚུལ་ཚང་བའི་སློབ་དེབ་བློ་གསལ་མགུལ་རྒྱན་ནི། ༸ཁོང་རིན་པོ་ཆེས་སྟོང་ཆ་དེ་སྐོང་བའི་དོན་དུ་རྩོམ་སྒྲིག་མཛད་པ་ཞིག་ཀྱང་ཡིན།

ང་ཚོས་ལོ་ཤས་རིང་སློབ་དེབ་བློ་གསལ་མགུལ་རྒྱན་འཆད་ཉན་ཞུ་བའི་སྐབས། ༸ཁོང་རིན་པོ་ཆེའི་ཐུགས་རེ་ལ་ཡོད་པ་ལྟར། གང་ཤེས་པ་དེ་ཁ་ཟིན་སྣ་ཟིན་ཙམ་མ་ཡིན་པར་གཏིང་ཟབ་པོ་ཤེས་པ་དང། ཤེས་ཡོན་སློབ་པ་དང་མཉམ་དུ་བསམ་བློ་དང་ཀུན་སྤྱོད་འཕེལ་རྒྱས་ཀྱི་ཆེད་དུ་སློབ་ཚན་ཁག་གི་བར་གསེང་དུ་བཀོད་པའི་མུ་འབྲེལ་ལེགས་བཤད་དང། ཆོས་སྲིད་ཀྱི་བསླབ་བྱ་ཁག་ལ་དམིགས་བསལ་ཐུགས་སྣང་མཛད་དགོས་པ་ཤིན་ཏུ་གལ་ཆེན་པོར་གྱུར་ཡོད།” ཅེས་པ་སོགས་བཤད་མྱོང་བ་དེ་རིང་ཡང་གསལ་པོ་དྲན་གྱི་འདུག ཅི་བྱས་ན་ཕྲན་སློབ་དེབ་བློ་གསལ་མགུལ་རྒྱན་ལ་དམིགས་བསལ་འབྲེལ་བ་ཡོད་པའི་མི་སྣ་ཞིག་དང། འདིའི་ལས་དབང་དང་མཛད་འཕྲིན་ལ་ཁ་ཞེ་གཉིས་མེད་ཀྱིས་བསམ་བློ་གཏོང་མཁན་ཞིག་ཡིན་པའི་རྒྱུ་མཚན་གྱིས་ཡིན་སྲིད།

འདས་པའི་ལོ་ཤས་རིང་སློབ་དེབ་བློ་གསལ་མགུལ་རྒྱན་གྱི་ཐོག་ནས་ཁྱེད་ཚོར་ཤེས་ཡོན་གྱི་ལེགས་སྐྱེས་གྱ་ནོམ་པ་ཐོབ་ཡོད་པར་མ་ཟད། བསམ་བློ་དང་ཀུན་སྤྱོད་ཀྱི་ཆ་ནས་ཀྱང་ཁྱེད་ཚོ་གཅིག་ལས་གཅིག་ལྷག་པ་ལྟ་བུ་བྱུང་སོང་སྙམ་པའི་དགའ་ཚོར་ལྷད་མེད་པ་ཞིག་སེམས་རྩར་འཁོལ་བཞིན་ཡོད་ཅེས་པ་ནི། ལོ་ཤས་རིང་ཁྱེད་ཚོའི་ཆེད་དུ་དུས་ཚོད་ཕྲན་བུ་བཏང་བ་འཕྲོ་བརླག་ཏུ་ཕྱིན་མ་སོང་སྙམ་པའི་ཚོར་སྣང་ཡིག་ལམ་ནས་མངོན་འགྱུར་བྱས་པ་ཙམ་ཡིན་ལ། ཁྱེད་ཚོ་ནི་སློབ་དེབ་བློ་གསལ་མགུལ་རྒྱན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང། ནུས་པ་དམིགས་བསལ་བ་མཚོན་བྱེད་ཀྱི་འབྲས་རྟགས་ཤིག་ལ་ཡང་ངོས་འཛིན་བྱེད་མྱོང།

བཤད་དོན་སྙིང་པོ་ནི། ཕན་པའི་ལན་དུ་མཆོད་པ་བྱ་བ་ནི། །བསྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན། །ཞེས་གསུངས་པ་ལྟར་ཡིན་པས། ༸ཁོང་རིན་པོ་ཆེ་དབུ་སྐྲ་དང་སྨིན་མ་ཚུན་ཆད་དཀར་པོར་གྱུར་པའི་བགྲེས་ཉམས་ཆེན་པོ་འདི་ལྟར་ཡང། ཉིན་གཅིག་ཀྱང་ངལ་གསོ་མི་མཛད་པར་ཉིན་མཚན་སྦྲེལ་ནས་སློབ་དེབ་བློ་གསལ་མགུལ་རྒྱན་རྩོམ་སྒྲིག་གནང་དགོས་པའི་རྒྱུ་མཚན་ནི། གོང་དུ་བཤད་པ་ལྟར་ཁྱེད་ཅག་ལྟ་བུའི་གྲྭ་བཙུན་གཞོན་སྐྱེས་རྣམས་དུས་ཀྱི་འགྱུར་འགྲོས་བསྟུན་ནས་བཤད་སྒྲུབ་ཀྱི་བསྟན་པའི་གདུང་མ་འདེགས་ཐུབ་མཁན་ཤ་སྟག་ཡོང་བའི་ཆེད་འབའ་ཞིག་ཡིན་པར་བརྟེན། ཤེས་ཡོན་གྱི་གཞི་རྩ་གང་འཚམས་བརྟན་པོ་ཞོགས་པའི་གཞི་རྩ་འདིའི་ཐོག་ནས་གཞུང་ཆེན་མོའི་འཆད་ཉན་འཕྲོ་སྐྱོང་ཞུས་ཏེ། མཁས་པས་གྲུབ་པ་མ་བཅོམ་པ་དང། གྲུབ་པས་མཁས་པ་མ་བཅོམ་པའི་མཁས་གྲུབ་གཉིས་ལྡན་ཞིག་ཡོང་བར་འབད་བརྩོན་ལྷོད་མེད་གནང་རྒྱུའི་རེ་སྐུལ་དང་བཅས། ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༥ ཚེས་ ༩ ཉིན་དགེ་མིང་པ་རེ་མདོ་སེངྒེ་ནས་ཤར་མར་བྲིས།

རྩོམ་སྔ་མ།བྱང་ཆུབ་མཆོད་པའི་མེ་ཏོག
རྩོམ་རྗེས་མ།ཚེ་གཅིག་འཕྲད་པས་མ་ཚིམ་བྲོ་བ་ཞིག །
རེ་མདོ་སེངྒེ།
ལོ་རྒྱུས་མཚམས་སྦྱོར། ཕྲན་གྱི་མིང་ལ་རེ་མདོ་སེངྒེ་(sangay)ཟེར་ཞིང༌། བོད་དུ་སློབ་ཆུང་ནས་མཐོ་འབྲིང་བར་དུ་ཕྱིན། དགོན་པར་ཞུགས་རྗེས་ཚད་མ་དང་ཕར་ཕྱིན་སོགས་ལ་སློབ་སྦྱོང་བྱས། རྒྱ་གར་དུ་འབྱོར་བའི་རྗེས་ཀིརྟིའི་མཐོ་རིམ་སློབ་གཉེར་ཁང་དུ་སློབ་སྦྱོང་བྱས། ཕྱིས་སུ་ཀིརྟིའི་མཐོ་སློབ་ཀྱི་སློབ་དཔོན་དང༌། སྤྱི་ཁྱབ་རྩོམ་སྒྲིག་པའི་ལས་འགན་འཁྱེར་བའི་རིང་དེབ་གྲངས་བཞི་བཅུ་ལྷག་རྩོམ་སྒྲིག་དང་དཔར་འགྲེམས་ཀྱི་རྐང་འགན་བླངས། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་གསུང་རྩོམ་ཕྱོགས་སྒྲིག་པའི་འགན་འཁྱེར་བའི་དུས་ཡུན་ནང་ཁོང་གི་གསུང་རྩོམ་དེབ་ཕྲེང་དགུ་བཅུ་གོ་གཉིས་དཔར་བསྐྲུན་ཟིན་ཡོད། གཉིས་པ། བརྩམས་ཆོས་དང་རྩོམ་དེབ་ངོ་སྤྲོད། ༡༽ བོད་ཀྱི་རྩོམ་རིག་མཐའ་དཔྱོད། ༢༽ བོད་ཀྱི་སྲོལ་རྒྱུན་རིག་གཞུང་གླེང་བའི་གཏམ། དེབ་འདི་གཉིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༠༥ ལོར་དཔར་འགྲེམས་བྱས། ༣༽ ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེའི་ངག་རྒྱུན་རྣམ་ཐར་ས་བོན་ཕྱོགས་བསྒྲིགས། ཀིརྟིའི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གིས་ཕྱི་ལོ་ ༢༠༠༧ ལོར་དཔར་འགྲེམས་བྱས། ༤༽ གྲུབ་མཐའི་རྣམ་བཤད། བོད་ཀྱི་དཔེ་མཛོད་ཁང་དང༌། དབུས་བོད་མིའིསྒྲིག་འཛུགས་ཀྱི་ཆོས་རིག་ལྷན་ཁང་གཉིས་ཀྱིས་ཕྱི་ལོ་ ༢༠༠༨ དང་ཕྱི་ལོ་ ༢༠༠༩ ལོ་སོ་སོར་དཔར་འགྲེམས་བྱས། ༥༽ བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ལོར་དཔར་འགྲེམས་བྱས། ༦༽ གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ། དབུས་བོད་མིའིསྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༦ ལོར་དཔར་འགྲེམས་བྱས་ཤིང། ཕྱི་ལོ་ ༢༠༡༧ ལོར་བོད་ནང་དུ་རྩོམ་པ་པོ་དཔེ་སྐྲུན་ཁང་གིས་དཔར་འགྲེམས་བྱས། ༧༽ བོད་ཀྱི་ཆབ་སྲིད་མི་སྣ་གྲགས་ཅན་གྱི་བྱུང་བ་བརྗོད་པ། དབུས་བོད་མིའིསྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༨ ལོར་དཔར་འགྲེམས་གནང་རྒྱུའི་ལས་འཆར་གྲས་སུ་ཡོད། དེ་བཞིན་དཔྱད་རྩོམ་དང༌། རྣམ་ཐར། ལོ་རྒྱུས། བརྒལ་ལན་བཅས་རྩོམ་ཡིག་བརྒྱ་ཕྲག་མ་ཟིན་ཙམ་སྤེལ་ཡོད་ལ། ཝར་ཎའི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང༌། ས་རཱ་བོད་ཀྱི་མཐོ་སློབ། ནོར་གླིང་བོད་ཀྱི་མཐོ་སློབ། ཀིརྟིའི་མཐོ་སློབ། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས། ས་སྐྱའི་མ་དགོན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས། ས་རཱ་གཞོན་ནུ་ཁག་སོགས་ཀྱིས་གོ་སྒྲིག་གནང་བའི་བགྲོ་གླེང་ཚོགས་འདུ་སོགས་སུ་སྔ་ཕྱིར་བརྗོད་གཞི་སྣ་ཚོགས་ཐོག་བགྲོ་གླེང་གཏམ་བཤད་ཞུས། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་བཅུ་བཞི་པ་གཉིས་ལ་ཞུགས་ཏེ་དཔྱད་རྩོམ་བགྲོ་སྦྱང་བྱས། གསུམ་པ། ད་ལྟའི་གནས་སྟངས། དེང་སྐབས་ཀིརྟིའི་མཐོ་སློབ་ཀྱི་རིག་གནས་སློབ་དཔོན་དང༌། ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེའི་གསུང་རྩོམ་ཕྱོགས་སྒྲིག་པ། དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཀློག་དེབ་རྩོམ་འབྲི། བོ་དོང་གསུང་རབ་ཞིབ་འཇུག་ཁང་གི་ལས་ཞོར་ཞིབ་འཇུག་པ། གཞིས་བྱེས་ཀིརྟིའི་དགོན་ཁག་གི་སྔོན་འགྲོའི་ནང་བསྟན་སློབ་གཉེར་ཁང་གི་སློབ་དེབ་བློ་གསལ་མགུལ་རྒྱན་རྩོམ་སྒྲིག་ཞབས་ཞུ་པ་བཅས་ཀྱི་ལས་འགན་འཁྱེར་མུས་ཡིན།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།