མདུན་ངོས། བསམ་ཚུལ། ཨོ་གླིང་གི་དོ...

ཨོ་གླིང་གི་དོན་རྐྱེན་ལས་འཕྲོས་པའི་མཆིད།

༡༨༧

རྫ་ཚེ་རིང་བཀྲ་ཤིས།

གུས་པ་ད་ཆ་རྒྱ་གར་བྱང་ཕྱོགས་སུ་སྔ་འགྱུར་བསྟན་པའི་འབྱུང་གནས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ཞེས་པའི་དགོན་པ་ཞིག་ཏུ་ཡོད། ཤིན་ཏུ་ཡིད་དུ་འོང་བའི་ཞི་བའི་གནས་མཆོག་ཅིག་ཏུ་དམ་པའི་ཆོས་ཀྱི་བདུད་རྩི་བཏུང་བཞིན་ཡོད། ཡིན་ན་ཡང་། ཁ་སང་ངས་གློ་བུར་དུ་གཏམ་ངན་ཞིག་གོ་བྱུང་། དེས་ང་ལ་སེམས་ཁྲལ་དང་བློ་ཕམ་གྱི་ཚོར་བ་སྐྱེས་བྱུང་། དེ་ནི་ཇེའུ་མི་རིགས་ལ་སྡང་སེམས་འཆང་མཁན་གྱི་མི་ཞིག་གིས་(མི་གཉིས་ཡོད་པ་དང་དེ་གཉིས་ཕ་བུ་ཡིན་པ་སོགས་གསར་འགྱུར་རིམ་བཞིན་ཐོན་གྱིན་ཡོད་མོད། རྒྱབ་ལྗོངས་སོགས་ཞིབ་ཕྲ་ནི་ད་དུང་གསལ་ཁ་བཟོས་མ་ཟིན། )ཇེའུ་མི་རིགས་འདུས་སྡོད་ས་ཁུལ་ལ་དམིགས་ནས་སྤེལ་བའི་དྲག་སྤྱོད་ཀྱི་གནས་ཚུལ་ཞིག་སྟེ། སིད་ནིས་གྲོང་ཁྱེར་གྱི་ཉེ་འགྲམ་བྷན་དྷ་མཚོ་འགྲམ་དུ་ཇེའུ་མི་རིགས་ཀྱི་ཆོས་ལུགས་དང་འབྲེལ་བའི་འོད་སྣང་དུས་ཆེན་ཟེར་བའི་ཉིན་དང་པོའི་དུས་ཚོད་ལ་བསྟུན་ནས་མི་མང་པོ་ཤི་རྨས་བཟོས་པ་ཞིག་རེད།

མཛེས་སྡུག་ལྡན་པའི་ཨོ་གླིང་གི་ས་གཞི་འདིར་དེ་ལྟ་བུའི་བློ་ཡུལ་ལས་འདས་པའི་འཇིགས་སྣང་གི་དོན་རྐྱེན་ཞིག་བྱུང་བ་འདི་ཤིན་ཏུ་བློ་ལ་ཤོང་དཀའ་བ་ཞིག་རེད། ད་ནངས་ཞོགས་པའི་བར་དོན་རྐྱེན་ཁྲོད་སྐུ་གྲོངས་ཟིན་པའི་གྲངས་ཀ་བཅུ་དྲུག་ལ་ཟིན་པ་ཐོས་ཤིང་། དེ་ནི་ཉེ་བའི་དུས་ཚོད་ནང་གི་ཨོ་གླིང་དུ་བྱུང་བའི་ཡ་ང་བའི་སྐྱོ་གར་ཆེ་ཤོས་ཤིག་ཏུ་གྱུར་པ་རེད། གུས་པ་རང་ཉིད་ཨོ་གླིང་གི་ས་གཞི་འདིར་བསྡད་ནས་ལོ་བཅུ་ལྷག་ཕྱིན་ཟིན། ད་ཆ་ཨོ་གླིང་དང་སིད་ནིས་ནི་ངའི་ཁྱིམ་གཞི་ལྟ་བུ་ཡིན་ཞིང་། ས་གཞི་འདིས་ང་དང་ང་ལྟ་བུ་གྲངས་མེད་པ་ཞིག་ལ་མཐའ་མེད་པའི་བདེ་སྐྱིད་དང་ཞི་བདེའི་མཁའ་དབུགས་བསྐྲུན་ཡོད་པས། ང་ཡང་སེམས་གཏིང་ནས་ས་གཞི་འདིར་བརྩེ་བ་ཡོད། ཁྱད་པར་དུ་ས་ཆ་འདིར་ཡ་གླིང་གི་མི་རིགས་མང་པོ་ཞིག་དང་བོད་དང་ཧི་མ་ལའི་མི་རིགས་མང་པོ་ཞིག་འཚོ་སྡོད་བྱེད་ཀྱིན་ཡོད་ཅིང་། ང་ཚོས་རིག་གཞུང་སྣ་མང་གི་ཁོར་ཡུག་འདི་རང་གི་མི་ཚེ་སྐྱེལ་སའི་ཁོར་ཡུག་ཡག་པོ་ཞིག་ཡིན་པར་ཡིད་ཆེས་བྱས་ནས་ས་ཆ་འདིར་ཡོང་བ་ཡིན་པའི་ཡིད་ཆེས་བྱ་ཆོག །

ཡིན་ན་ཡང་། མི་ཚེའི་ཆོས་ཉིད་ལྡོག་ཏུ་མེད་པ་ཞིག་ནི་ས་ཆ་གང་དུ་ཕྱིན་ཡང་བསམ་ཡུལ་ལས་འདས་པའི་གནས་ཚུལ་མང་པོ་ཞིག་དང་འཕྲད་ངེས་ཤིང་། ང་ཚོའི་ཉིན་རེའི་འཚོ་བའི་ཁྲོད་དུའང་བསམ་ཡུལ་ལས་འདས་པའི་དོན་དག་འབའ་ཞིག་ལ་འཕྲད་ཀྱི་ཡོད་པ་དེ་ཡིན། ང་ཚོའི་ཁོར་ཡུག་ཏུ་འདི་ལྟ་བུའི་དོན་རྐྱེན་བྱུང་བ་དེས་མི་ཚང་མའི་སེམས་ནང་དུ་སྡུག་བསྔལ་ཆེན་པོ་བཟོས་ཡོད་ངེས་ན་ཡང་། དོན་དངོས་ཐོག་ང་ཚོས་མི་ཕལ་མོ་ཆེ་ནི་བསམ་པ་བཟང་པོ་དང་། བྱམས་བརྩེ་ལྡན་པ་ཡིན་པའི་ཡིད་ཆེས་བརླགས་མི་རུང་། ང་ཚོའི་འདུས་བྱས་ཀྱི་ངང་ཚུལ་དང་མི་རྟག་པའི་ཆོས་ཉིད། མི་ཚང་མ་གཅིག་ལ་གཅིག་རྟེན་ཡིན་པའི་ལྟོས་བཅས་ཀྱི་ཆོས་ཉིད་ལ་སྔར་ལས་ཡིད་ཆེས་དགོས། ང་ཚོས་རང་ལ་དབང་བའི་བདེ་སྐྱིད་ཀྱི་ཚོར་བ་ངོས་ཟིན་ནས་ནང་མི་མཉམ་འཛོམས་དང་ནད་མེད་བདེ་ཐང་གི་འཚོ་བ་བཅས་ལ་གཅེས་སྤྲས་བྱ་དགོས། རྒྱ་གར་དམ་པ་སངས་རྒྱས་ཀྱིས། བཟའ་ཚང་ནི་ཚོང་འདུས་སུ་མཉམ་དུ་འཛོམས་པའི་འགྲོན་པོ་ལྟ་བུ་མི་རྟག་པ་ཡིན་པས། ཡུད་ཙམ་གྱི་དུས་ཚོད་འདིར་ཕན་ཚུན་བཟའ་འཛིངས་དང་འཐབ་རྩོད་ཀྱིས་དུས་ཚོད་འཕྲོ་བརླག་ཏུ་གཏོང་མི་རུང་བའི་ཞལ་ཏ་གནང་ཡོད་པ་དེ་དྲན་དགོས།

མཚོ་འགྲམ་གྱི་ཉི་འོད་དང་། བདེ་སྐྱིད་དང་བག་ཕེབས་བཅས་ནི་ཨོ་གླིང་དང་། ཐ་ན་མིའི་རིགས་ཀྱི་རྩ་ཆེ་བའི་རྒྱུ་ནོར་ཡིན། ང་ཚོས་མཉམ་དུ་རྩ་ཆེ་བའི་རྒྱུ་ནོར་འདིའི་རིན་ཐང་ངོས་ཟིན་དགོས་ཤིང་། མུ་མཐུད་ནས་བྱམས་བརྩེ་དང་ཤེས་རབ་ཀྱིས་ཕྱུག་པའི་བསམ་བློའི་འཁྱེར་སོ་ཞིག་ལ་ཡིད་རྟོན་བྱ་དགོས།
ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ངོས་ནས་དེ་བས་ཀྱང་བྱམས་པ་དང་སྙིང་རྗེ། མི་རྟག་པའི་ངང་ཚུལ། གཞན་ཕན་གྱི་བསམ་བློ་བཅས་ནི་ཉམས་ལེན་གྱི་རྩ་བ་དང་སློབ་གསོའི་ལྟེ་བ་ཡིན་ལ། འདི་ནི་ཉམས་ལེན་གྱི་སྐུལ་མའང་ཡིན་ཏེ། དེའི་ཕྱིར། རྗེ་མི་ལས། ཕུ་ཤི་མདའ་ཤི་ཟེར་བ་དེ། །རང་རང་འཆི་བའི་བརྡ་རྟགས་ཡིན། །ཞེས་གསུངས་པ་རེད།

ད་ནངས་ཞོགས་པ་མི་ཞིག་གིས་ཁོ་རང་ཡུལ་དངོས་ན་ཡོད་པ་དང་། མེ་མདའ་འཕེན་མཁན་དང་མི་ཊར་བརྒྱ་ལས་བར་མཚམས་མེད་པའི་ས་ཁུལ་ན་ཡོད་ཚུལ་བཤད་འདུག །ཁ་སང་མཚོ་འགྲམ་དུ་ཡོང་མཁན་མང་པོ་ཞིག་དེ་དང་གཅིག་མཚུངས་ཡིན་གྱི་རེད། མེ་མདའ་འཕེན་མཁན་གྱི་མི་དེའི་རྒྱབ་ལོགས་ནས་དོན་དམ་པའི་དཔའ་བོར་བགྲང་ཆོག་པའི་མི་ཞིག་གིས་འཇུས་མེད་ན་མེ་མདའ་དེའི་ནང་ནས་མུ་མཐུད་མདེའུ་ཐོན་གྱི་རེད། དཔའ་བོ་དེའི་སྐབས་དེའི་བྱ་སྤྱོད་ནི་མིའི་རིགས་ཀྱི་ལྷན་སྐྱེས་ཀྱི་བརྩེ་བ་དང་ཡང་དག་པའི་ཕྱོགས་ལ་རྒྱབ་སྐྱོར་བྱས་ཞིག་རེད། ལར་མེ་མདའ་ཡི་མདེའུ་ཕོག་སའི་ལམ་འགྲོ་བ་དེ་དག་ནི་ཕྲུ་གུ་དང་སྦྲུམ་མ། རྒན་འཁོགས། མི་དཀྱུས་མ་སུ་ཡང་ཡིན་སྲིད། དེ་ནི་ཤིན་ཏུ་བློ་ཡུལ་དུ་ཤོང་དཀའ་བ་ཞིག་ཡིན། འོན་ཀྱང་འདི་ནི་མི་རྟག་པའི་ཆོས་ཉིད་དང་མི་ཚེའི་ཆ་ཤས་ཤིག་ཡིན་པ་འདི་ང་ཚོས་ངོས་ལེན་མ་གནང་ཐབས་མེད་ཡིན།

ཅིག་བྱས་ན། ཁྱོད་ཀྱང་རྒྱུ་རྐྱེན་གང་ཞིག་གིས་སྐར་ཆ་གཅིག་དང་སྐར་མ་གཅིག་གིས་གོད་ཆག་དེ་དང་དུས་འཛོལ་བྱུང་བའི་སྐྱེས་བུ་བསོད་ནམས་ཅན་ཞིག་ཡིན་སྲིད་ན་ཡང་། གལ་ཏེ་དུས་ཀྱིས་ང་ཚོར་གོ་སྐབས་ཤིག་སྤྲད་མེད་ན་ང་ཚོའི་ཚེ་སྲོག་ནི་སྔར་བཞིན་ཉམ་ཆུང་ཡིན། ཚེ་སྲོག་དང་མི་ཚེ་ནི་སྟོན་མཇུག་གི་སྦྲང་བུ་དང་། རླུང་གསེབ་ཀྱི་མར་མེ་ལྟ་བུ་ཞིག་རེད། དེས་ན་ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཐར་པའི་ལམ་ལ་ཡིད་ཆེས་ཀྱིས་རང་གི་ཉམས་ལེན་བཟང་ཕྱོགས་ཀྱི་མི་ཚེ་སྐྱེལ་སྟངས་བཅས་་ལ་སྔར་ལས་ལྷག་པའི་དུས་ཚོད་གཏོང་དགོས། ལར་མི་མང་པོ་ཞིག་གིས་གཞན་ལ་སྡུག་བསྔལ་གཏོད་པ་དེ་རང་ལ་བདེ་བ་ཐོབ་པའི་ཆེད་དུ་ཡིན་ན་ཡང་། དོན་ལ་དེ་ནི་ཤིན་ཏུ་ནོར་བ་ཡིན། དེའི་ཕྱིར། རྒྱལ་སྲས་ཞི་བ་ལྷས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་སྡེ་བ་དགྲ་ལྟར་འཇོམས། །ཞེས་གསུངས་པ་ནི་ཤིན་ཏུ་བདེན་པ་རེད།

རང་གི་བདེ་བ་དང་ཚོར་པའི་ཆེད་དུ་གཞན་ལ་གནོད་པ་བྱེད་པ་དེ་རང་ལ་གནོད་པ་ཆེ་ཤོས་ཡིན་པ་དང་། ཁོར་ཡུག་ལ་ཞི་བདེ་དང་བདེ་སྐྱིད་མེད་ན་མི་སྒེར་དང་ཐ་ན་གནོད་པ་སྐྱེལ་མཁན་རང་ཉིད་དང་རང་ཉིད་ཀྱི་ནང་མི་དང་ཁོར་ཡུལ་ལའང་བདེ་བ་ཡོད་མི་སྲིད་པས། མི་ཚེའི་བདེ་སྐྱིད་ཅེས་པ་དེའང་མི་ཚང་མས་མཉམ་དུ་བསྐྲུན་པ་ཞིག་ཡིན་པའི་འདུ་ཤེས་དེ་བརླགས་མི་རུང་།

ལོ་མཇུག་གི་དུས་ཚོད་འདིར་ཕན་ཚུན་འགྲུལ་བཞུད་དང་ནང་དུ་སྡོད་པ་གང་ཡིན་ཡང་དྲན་པ་དང་ཤེས་བཞིན། བག་ཡོད་དང་བྱམས་བརྩེ་ལྡན་པའི་ཐོག་ནས་རང་གི་རང་ལ་སྐུལ་མ་གནང་རོགས། ད་དུང་དེ་ལས་ལྷག་ཙམ་བྱུང་ན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གསུང་ལྟ་བ་དྲུག་གི་ཚིགས་བཅད་དེ།
སྐབས་སུ་རང་སྣང་མཐུན་པའི་རྐྱེན་རྣམས་ལྟོས། །
རང་སྣང་ཤེས་པས་ཉམས་སྣང་གྲོགས་སུ་ཤར། །
སྐབས་སུ་མི་མཐུན་གནོད་པའི་རྐྱེན་སྣང་ལྟོས། །
འཁྲུལ་པ་ཞེན་ལོག་གནད་དུ་ཆེ་བ་ཡིན། །
ཞེས་པ་ལ་སོགས་པའི་ཚིག་དག་ལན་རེ་སྐྱོར་ནས་འདུས་བྱས་ཀྱི་ཆོས་ཉིད་ལ་རྒྱངས་ལྟ་གནང་བཞིན་གཉུག་གཤིས་ཀྱི་ལྷོད་ཆ་འཚོལ་རོགས།

མཇུག་ཏུ། ཐེངས་འདིའི་འཇིགས་སྐུལ་གྱི་དོན་རྐྱེན་ཁྲོད་ནས་སྐུ་གྲོངས་པ་དང་། རྨས་པ་ཚང་མར་གནས་སྐབས་དང་མཐར་ཐུག་གི་སྡུག་བསྔལ་ལས་གང་མགྱོགས་ཐར་པའི་སྨོན་ལམ་དང་། ཤུལ་ལུས་ནང་མི་དག་ལའང་སེམས་གསོ་ཞུ་བ་ཡིན། ཁོང་ཚོ་ཚང་མར་སྟོན་པ་སངས་རྒྱས་ཀྱི་ཐུགས་རྗེའི་འོད་ཟེར་གྱིས་བྱིན་རླབས་ཐོབ་པའི་སྨོན་ལམ་འདེབས། རྫ་ཚེ་རིང་བཀྲ་ཤིས་ཀྱིས་འཕགས་ཡུལ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ནས་སྔ་འགྱུར་བཀའ་མའི་བཀའ་ཆོས་ཞུ་ཞོར་འཕྲལ་བྲིས།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།