མདུན་ངོས། སྤྱི་ཚོགས་གནད་དོན། ཁྱེད་ཀྱི་ཆེད་...

ཁྱེད་ཀྱི་ཆེད་དུ་བསྐྲུན་པའི་སྒྲ་དེབ་ཀྱིས་ཁྱེད་ལ་ཕན་པར་གྱུར་ཅིག

༦༢༣༠༣༢

དང་པོ། སྤྱི་བཤད།

༄༅།། མིའི་རིགས་ཡོངས་རྫོགས་ལ་རང་ཉིད་གསོན་པའི་འདུན་པ་ཉག་ཅིག་ཡོད་པ་ནི། མ་འོངས་པའི་རེ་བ་དང་འཆར་སྣང་ཞིག་ལ་བརྟེན་ནས་བྱུང་བ་ཡིན་པས། རེ་བ་ནི་མིའི་ཚེ་སྲོག་གསོན་གནས་ཐུབ་པའི་གཞི་རྟེན་ངོ་མར་གྱུར་ཡོད་པ་འདིར་བསྐྱར་དུ་གཏན་ཚིགས་འགོད་པའི་ངལ་བ་མི་བྱ། འོན་ཀྱང་རེ་བ་དང་མ་འོངས་པ་ནི་རང་ཉིད་ཀྱིས་རྒྱུ་ཚོགས་སྐྲུན་སྟངས་ལ་རག་ལུས་པ་ཞིག་མ་གཏོགས། སྐྱིད་ཉལ་དལ་སྡོད་ཀྱི་མི་ཚེ་ལ་མ་འོངས་པ་དང་རེ་འབྲས་ལེགས་པོ་རང་བཞིན་གྱིས་ཡོང་བ་མི་སྲིད་པ་བཞིན། བོད་མི་རིགས་སྤྱིའི་མ་འོངས་པ་དང་ལས་དབང་གི་ཁ་སྟབས་ལ་མཚོན་ན་ཡང་ཆོས་ཉིད་འདིའི་རྒྱ་ལས་མ་བརྒལ་བ་ཡིན་པས། བོད་མི་རིགས་ཀྱི་མ་འོངས་པའི་གནས་སྟངས་ནི་ད་ལྟའི་མི་རབས་རྒན་པ་རྣམས་ཀྱི་གནང་ཕྱོགས་སྤྱི་དང། ལྷག་པར་དུ་མི་རབས་ཕྱི་མ་རྣམས་གསོ་སྐྱོང་བྱེད་སྟངས་དང་མིག་ལྟོས་བཞག་ལེགས་ཉེས་ལ་ལྟོས་ཤིང་རག་ལུས་པ་ཡིན། དེར་བརྟེན་ང་ཚོའི་མ་འོངས་པའི་རེ་བ་ནི་སྒེར་པ་སོ་སོའི་ལྟོ་གོས་གཏམ་གསུམ་རྐྱང་པ་ཞིག་མིན་པར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྔ་ཕྱིར་བསྩལ་པའི་དགོངས་དོན་ལྟར། བོད་མི་གཞོན་སྐྱེས་རྣམས་མི་རིགས་རང་གི་ངོ་བོ་དང་ཁྱད་ཆོས་ལྡན་པའི་བོད་མི་རྣལ་མ་ཞིག་དང། ཤེས་ཡོན་འདབ་ཤོག་ཉིས་ལྡན་གྱི་མི་རབས་སྤུས་ཚད་ལྡན་པ་ཞིག་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ན། སྔ་སྲོལ་ད་ལམ་དུ་གྱུར་པའི་བྱེད་སྟངས་འདི་ཙམ་གྱིས་ཡོང་དཀའ་བར་སྣང་བས། བོད་མི་མི་རེ་ངོ་རེས་ནུས་ཤུགས་ཡོད་དགུ་རྩལ་སྤྲུགས་ཀྱིས་མི་རིགས་འདིའི་མ་འོངས་པའི་གནས་སྟངས་ལེགས་འགྱུར་གྱི་ལས་གཞི་སྣ་ཚོགས་རྩོམ་དགོས་པ་ནི་བྱོལ་དུ་མི་རུང་བའི་འགན་འཁྲི་ཞིག་ཏུ་གྱུར་ཡོད།

གཉིས་པ། གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་ཞེས་པའི་བོད་ཡིག་ཀློག་དེབ་གསར་རྩོམ་གྱི་རྒྱབ་ལྗོངས།

བོད་མི་རིགས་འཛམ་གླིང་གི་ཡུལ་གྲུ་སྣ་ཚོགས་སུ་ཁ་འཐོར་ནས་ལོ་ངོ་དྲུག་ཅུ་ལྷག་ཕྱིན་པའི་ལོ་རྒྱུས་ལ་ཕྱིར་མིག་བལྟ་བའི་སྐབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་མི་རབས་རྒན་པ་རྣམས་ཀྱི་བཀའ་དྲིན་དང་རྨད་དུ་བྱུང་བའི་མཛད་བྱུས་ལ་བརྟེན་ནས། ཧི་མ་ལ་ཡའི་ཕར་རྒྱབ་ནས་དྲག་གནོན་དང་གདུག་རྩུབ་ཆེན་པོས་གཏོར་བཤིག་ཅི་ཙམ་བཏང་ཡང། འཛམ་གླིང་གི་ཡུལ་གྲུ་མང་པོར་བོད་ཀྱི་སྐད་ཡིག་དང་ཆོས་དང་རིག་གཞུང་གི་གནས་སྟངས་སྤུས་ཚད་དང་རིན་ཐང་གང་ཅིའི་ཐད་ནས་ཕུན་ཚོགས་བརྒྱ་ལྡན་གྱི་རང་བཞིན་དུ་གོང་སྤེལ་མཛད་ཐུབ་ཡོད།

འོན་ཀྱང་ད་ལྟའི་གཞོན་སྐྱེས་ཚོའི་ཁྲོད་དུ་བོད་སྐད་དག་པོ་བཤད་ཐུབ་མཁན་ཤིན་ཏུ་དཀོན་ཞིང། ཉིན་རེའི་འཚོ་བ་དང་སྤྱོད་ལམ་གྱི་གོམས་གཤིས་མང་ཆེ་བ་ཡུལ་ལུང་དེ་དང་དེའི་སྤྱི་ཚོགས་ཀྱི་ངོ་བོར་ཐིམ་བཞིན་པ་དང། ཐ་ན་རང་གི་ཕ་ཡུལ་ཙམ་ཡང་ཤེས་མཁན་དཀའ་བའི་དངོས་ཡོད་གནས་སྟངས་འདི་དག་ལ་གཞིགས་ན། བོད་ཀྱི་མི་རིགས་ཀྱི་མ་འོངས་པ་ནི་སྔར་ལས་ཀྱང་ཤིན་ཏུ་དངངས་སྐྲག་གི་རང་བཞིན་དུ་འགྱུར་རྒྱུའི་ཉེན་ཁ་ཆེན་པོ་འདུག་ཅིང། ལྷག་པར་དུ་ད་ལྟའི་བོད་ཕྱི་ནང་གི་སྤྱི་ཚོགས་ཀྱི་འགྱུར་བའི་གནས་སྟངས་ལ་བལྟས་ན། མི་ཐོག་གསར་པའི་གཞོན་སྐྱེས་མང་པོ་ཞིག་གིས་རང་ཉིད་གང་ནས་ཡིན་པ་དང། རང་ཉིད་སུ་ཞིག་ཡིན་པ་ཙམ་ཡང་ཤེས་མཁན་དཀའ་བའི་མིག་སྔའི་གནས་སྟངས་འདི་འདྲའི་སྐབས་ལ། ཁོང་ཚོར་རང་གི་ཡབ་མེས་གོང་མ་རྣམས་ཀྱི་རྣམ་ཐར་དང་ལོ་རྒྱུས་བརྒྱུད་ལམ་སྣ་ཚོགས་ནས་ཤེས་ཐབས་བྱ་དགོས་པ་དང། ཡབ་མེས་ཁོང་རྣམ་པའི་རྣམ་ཐར་དང་ལོ་རྒྱུས་ཤེས་པའི་ཐོག་ནས་ཁོང་རྣམ་པའི་མཛད་སྤྱོད་ལ་ཁ་མིག་ཡར་ལྟ་བྱ་དགོས་པའི་གལ་གནད་ངོ་སྤྲོད་བྱ་བ་ནི། མི་རབས་འདིས་རང་ཉིད་ངོས་ཟིན་པ་དང། རང་གི་ཡབ་མེས་གོང་མ་རྣམས་ལ་སྤོབས་པ་འབྱུང་བ། མི་རིགས་འདིའི་ཚེ་སྲོག་སྐྱོབ་པ་བཅས་ཀྱི་ཐབས་ལམ་ཁྱད་པར་ཞིག་ཏུ་གྱུར་ཡོད་པར་མཐོང་།

འོན་ཀྱང་དེང་སང་གི་གཞོན་སྐྱེས་ཁྲོད་དུ་སྐྱེས་ཆེན་གོང་མ་དེ་ཚོའི་རྣམ་ཐར་དང་ལོ་རྒྱུས་རྒྱས་པ་དང་གླེགས་བམ་ཆེན་པོ་དག་ལ་སློབ་སྦྱོང་བྱེད་མཁན་ཤིན་ཏུ་དཀོན་ཞིང། ཁོང་རྣམ་པའི་རྒྱ་ཆེ་བའི་མཛད་སྤྱོད་ཡོངས་རྫོགས་ལ་མིག་ལྟོས་བྱེད་ཐུབ་མཁན་མི་སྲིད་པའི་ཚོད་དུ་གྱུར་ཡོད། རྒྱུ་མཚན་དང་རྒྱབ་ལྗོངས་འདི་དག་ལ་བརྟེན་ནས་ཁོ་བོས་རྣམ་ཐར་དང་ལོ་རྒྱུས་རྒྱས་པ་དང་གླེགས་བམ་ཆེན་པོ་དག་ལས་ངེས་པར་མིག་ལྟོས་བྱེད་དགོས་པ་སྟེ། སྐྱེས་ཆེན་ཁོང་རྣམ་པའི་བྱིས་པའི་འཚར་ལོངས་ཀྱི་བརྒྱུད་རིམ་དང། གསན་བསམ་སློབ་གཉེར་ལ་དཀའ་སྤྱད་སྡུག་རུས་ཇི་ལྟར་གནང་བ། བསམ་བློ་དང་ཀུན་སྤྱོད་ཀྱི་སྨིན་ཚད་ཡོངས་སུ་རྫོགས་ཏེ་ས་སྟེང་དུ་གྲགས་པའི་དོན་དམ་གྱི་མཁས་པར་གྱུར་ཀྱང། ཆེ་མདོག་དང་ཁེངས་དྲགས་ཀྱི་དྲི་མ་ཙམ་ཡང་མེད་པར་ཞི་ཞིང་དུལ་བའི་སྤྱོད་ལམ་གྱིས་ཀུན་ནས་མཛེས་པར་བརྒྱན་པའི་སྤྱོད་ལམ་ཁྱད་པར་བ། ཐ་ན་རང་གི་སྦྱངས་ཡོན་དང་སྐུ་ཚེ་བཅས་ཡོད་ཚད་ཀྱི་ཡོད་ཚད་བོད་མི་རིགས་དང། བོད་ཀྱི་ཆོས་དང་རིག་གཞུང་གི་ཆེད་དུ་བློས་བཏང་མཛད་པའི་ཚུལ་ཏེ། མདོར་ན། བོད་ཀྱི་སྐྱེས་ཆེན་མང་པོ་ཞིག་གི་གི་སྐུ་ཚེའི་རྣམ་ཐར་གྱི་ཁྲོད་ནས་ཤུགས་རྐྱེན་ཆེ་ཞིང་བག་ཆགས་ཟབ་པའི་བྱུང་བ་དམིགས་བསལ་བའི་རིགས་ཁོལ་ཕྱུང་གིས་ཤིན་ཏུ་གོ་བདེ་ཞིང། ཚིག་ཚོགས་ཉུང་བ། གཏམ་བརྗོད་ཟློས་གར་གྱི་རྩོམ་ཐབས་སྤྱད་ནས་<<གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་>>ཞེས་པ་གཏམ་རྒྱུད་བརྒྱའི་བདག་ཉིད་ཅན་འདིི་འབྲི་བའི་འབད་བརྩོན་བྱས།

འདས་པའི་ལོ་ངོ་བཞིའི་རིང་<<གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་>>ཞེས་པའི་བོད་ཡིག་ཀློག་དེབ་འདི་དག་རྒྱ་གར་དུ་པར་ཐེངས་གཉིས་དང། བོད་ནང་དུ་པར་ཐེངས་གཉིས་ཏེ་བསྡོམས་བོད་ཕྱི་ནང་གཉིས་སུ་པར་སྐྲུན་ཐེངས་བཞི་བྱས་ཏེ། བོད་པ་རང་གི་སྤྱི་ཚོགས་ཀྱི་གནས་སྟངས་ལ་དཔག་པའི་འགྲེམས་སྤེལ་རྒྱ་ཆེ་ཙམ་བྱུང་འདུག་ཅིང། བོད་ཕྱི་ནང་གཉིས་ཀ་ནས་བོད་ཡིག་ཀློོག་དེབ་འདི་དག་གིས་ཕན་ཐོགས་བྱུང་ལུགས་ཡིག་ངག་གཉིས་ཐོག་ནས་བློ་སྟོབས་འཕེལ་གཞིའི་སྐད་བསྐུར་དང་རྩོམ་ཡིག་ཇི་སྙེད་བྱུང་བར་བརྟེན་བྱས་པ་རྗེས་མེད་མ་སོང་བའི་སྤྲོ་བ་བརྟས།

གསུམ་པ། བོད་ཡིག་གི་ཀློག་དེབ་འདི་དག་སྒྲ་དེབ་ཀྱི་ངོ་བོར་སྒྲིག་སྦྱོར་བྱ་དགོས་པའི་རྒྱུ་མཚན།

གོང་དུ་བཤད་པ་ལྟར་འཛམ་གླིང་གང་སར་ཁ་འཐོར་གྱི་ཚུལ་དུ་ཡོད་པའི་བོད་རིགས་རྒན་གཞོན་མང་ཆེ་བར་དྲ་རྒྱའི་ཆ་རྐྱེན་འཛོམས་པར་བརྟེན། བོད་ཡིག་ཀློག་དེབ་འདི་དག་སྒྲ་དེབ་ཀྱི་ངོ་བོར་སྒྲིག་སྦྱོར་བྱས་ཏེ་དྲ་ལམ་དུ་རིན་མེད་ཀྱིས་འགྲེམས་སྤེལ་ཞུ་ཐུབ་ན། འཛམ་གླིང་གི་ས་ཆ་གང་དུ་ཡོད་མེད་ལ་མ་ལྟོས་པར་སྒྲ་དེབ་འདི་དག་བརྒྱུད་ནས་བོད་ཀྱི་གཞོན་སྐྱེས་ཚོས་བོད་ཀྱི་སྐད་དང་ཡི་གེ་དག་པོ་ཤེས་ཐུབ་པ་དང། བོད་ཀྱི་སྐྱེས་ཆེན་མང་པོའི་རྣམ་ཐར་དང་ལོ་རྒྱུས་ཤེས་པར་ཕན་ནུས་ངེས་ཅན་ཐོན་ཐུབ་པར་མ་ཟད། ཡབ་མེས་གོང་མ་རྣམས་ཀྱིས་རང་གི་སྐད་ཡིག་དང་དེའི་བརྒྱུད་ལམ་དུ་ཡོད་པའི་ཆོས་དང་རིག་གཞུང་ལ་གསན་བསམ་སློབ་གཉེར་ཇི་ལྟར་གནང་བ། ཁོང་རྣམས་ཀྱིས་སྐུ་ཚེར་ཧྲིལ་པོར་དཀའ་སྤྱད་སྡུག་རུས་ཆེན་པོས་སྦྱངས་པ་མཛད་པའི་ཤེས་ཡོན་དེ་དག་ཀྱང། སྒེར་པའི་འཚོ་ཐབས་དང་དཔལ་འབྱོར་འཚོལ་སྒྲུབ་ལྟ་བུའི་རང་དོན་ཉི་འཚེ་བའི་ཆེད་དུ་མ་བཏང་བར། བོད་མི་རིགས་དང་བོད་ཀྱི་ཆོས་དང་རིག་གཞུང་ཡར་རྒྱས་ཀྱི་དོན་དུ་རང་ཉིད་བློས་བཏང་མཛད་པའི་ཚུལ་བཅས་གསལ་པོར་རྟོགས་ཐུབ་པའི་དགེ་མཚན་ཆེན་པོ་ལྡན་པ་དང། བོད་ཡིག་ལྟ་ཀློག་མི་ཐུབ་མཁན་ནམ་ཡང་ན་དུས་ཚོད་ཀྱི་བྲེལ་བའི་དབང་གིས་དཔེ་དེབ་ལྟ་ལོང་མེད་མཁན་དག་ལ་མཚོན་ན་ཡང། འགྲོ་ཞོར་འདུག་ཞོར་དང་ལས་ཀའི་ཞོར་དུ་སྒྲ་དེབ་འདི་དག་ལ་ཉན་ཚེ། སྤྱིར་བཏང་གི་རོལ་དབྱངས་དང་གཞས་ཚིག་སྣ་ཚོགས་ལ་ཉན་པ་དང་མི་འདྲ་བར། སྒྲ་དེབ་འདི་དག་བརྒྱུད་ནས་བོད་ཀྱི་སྐྱེས་ཆེན་མང་པོའི་རྣམ་ཐར་དང་ལོ་རྒྱུས་ཤེས་རྟོགས་ཐུབ་པ་དང་མཉམ་དུ། གནའ་སྔ་མོའི་བོད་ཀྱི་སྤྱི་ཚོགས་ཁྲོད་ཀྱི་བསམ་བློ་དང་འཚོ་བའི་གོམས་གཤིས་སོགས་ཡ་རབས་བཟང་སྤྱོད་དང་འབྲེལ་བའི་མི་ཆོས་ཀྱི་སྤྱོད་ཚུལ་མང་པོ་ཞིག་ལ་རང་བཞིན་གྱིས་རྒྱུས་ལོན་ཐུབ་པ་ཡོང་བ་དང། བོད་ཁམས་སྤྱིའི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་གནས་སྟངས་མང་པོ་ཞིག་ཀྱང་ལས་སླ་པོས་ཤེས་རྟོགས་ཐུབ་པ་བཅས་ཀྱི་དགེ་མཚན་ལྡན།

གོང་དུ་བཀོད་པའི་རྒྱུ་མཚན་དེ་དག་ལ་བརྟེན་ནས་འདས་པའི་ལོ་གཅིག་ཙམ་གྱི་གོང་ནས་ཁོ་བོའི་བསམ་པར། ད་ལྟའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་བོད་ཡིག་ཀློག་དེབ་འདི་དག་སྒྲ་དེབ་ཀྱི་ངོ་བོར་སྒྲིག་སྦྱོར་བྱེད་ཐུབ་ན་སྙམ་པའི་འདུན་པ་ཤུགས་ཆེན་པོ་ཡོད་ཀྱང། ལས་གཞི་འདི་ལག་བསྟར་བྱ་བར་མི་སྣའི་རྒྱུ་ཆ་ཚད་ལྡན་འཛོམས་དགོས་པའི་ཐོག དཔལ་འབྱོར་གྱི་འགྲོ་སོང་ཡང་གང་འཚམས་ཆེན་པོ་ཡོད་པ་ཞིག་ཡིན་པས། སེམས་ལ་ཉར་བའི་འདུན་པ་རེ་ཞིག་མངོན་འགྱུར་བྱེད་མ་ཐུབ་པར་ད་བར་དུ་ལྷག

ཉེ་ལམ་ཕྱི་ཟླ་དྲུག་པའི་ནང་ཨ་རིའི་བོད་ཀྱི་ཐེབས་རྩའི་འགན་འཛིན་སྐུ་ངོ་བཀའ་ཟུར་བློ་བཟང་སྙན་གྲགས་མཆོག་ལ་ལས་གཞི་འདི་ཞིབ་ཏུ་ངོ་སྤྲོད་ཞུས་པའི་སྐབས། སྐུ་ངོ་ཁོང་གིས་ལས་གཞི་འདི་ད་ལྟའི་དངོས་ཡོད་དགོས་མཁོ་དང་འཚམས་ཤིང། བོད་ཕྱི་ནང་གཉིས་ཀའི་གཞོན་སྐྱེས་ཚོར་བོད་ཀྱི་སྐད་ཡིག་དང། རྣམ་ཐར་ལོ་རྒྱུས་ཤེས་རྟོགས་ཐུབ་པར་ཕན་ཐོགས་ངེས་ཅན་ཡོད་པ་ཞིག་ཡིན་པར་མ་ཟད། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་སྤྱོད་བཟང་གི་གོམས་གཤིས་མི་ཉམས་རྒྱུན་གནས་ཡོང་བར་ཡང་ཕན་ཐོགས་ལྡན་པའི་ལས་འཆར་གལ་ཆེན་ཞིག་ཏུ་འདུག་པས། ལས་གཞི་འདིའི་ཐོག་ཨ་རིའི་བོད་ཀྱི་ཐེབས་རྩའི་ངོས་ནས་རོགས་དངུལ་མཐུན་འགྱུར་གནང་གི་ཡིན། ཞེས་འཕྲལ་མར་ཞལ་བཞེས་ཐོབ་པ་ནས་ལས་བྱེད་བསྡུ་སྐོང་གིས་ལས་གཞི་དངོས་སུ་འགོ་འཛུགས་བྱས།

གོང་དུ་བཤད་པ་ལྟར་ཀློག་དེབ་འདི་བོད་ཀྱི་སྐྱེས་ཆེན་སུམ་ཅུ་སོ་བཞི་དང་འབྲེལ་བའི་གཏམ་རྒྱུད་བརྒྱའི་བདག་ཉིད་ཅན་ཞིག་ཡིན་པས། ད་ཐེངས་<<སྒྲ་དེབ་བློ་གསལ་མིག་འབྱེད་>>ཀྱི་ཞལ་དབྱེ་མཛད་སྒོ་དང་བསྟུན་ནས་ཐོན་མི་སམ་བྷོཊ་དང་འབྲེལ་བའི་གཏམ་རྒྱུད་གསུམ་དང། བོད་ཀྱི་ལོ་ཙཱ་བ་གྲགས་ཅན་བཻ་རོ་ཙ་ན་དང་འབྲེལ་བའི་གཏམ་རྒྱུད་བཅུ། གཡུ་ཐོག་ཡོན་ཏན་མགོན་པོ་དང་འབྲེལ་བའི་གཏམ་རྒྱུད་བཞི་བཅས་གཏམ་རྒྱུད་ཉི་ཤུ་རྩ་གཅིག་སྒྲ་དེབ་ཏུ་སྒྲིག་སྦྱོར་ཟིན་འདུག་པ་དེ་རིང་དངོས་སུ་སྤྱི་ཚོགས་ཀྱི་དྲ་ལམ་ཁག་ཏུ་ཡོངས་ཁྱབ་ཏུ་འགྲེམས་སྤེལ་ཞུས་ཟིན་ཞིང། མ་འོངས་པར་རིམ་གྱིས་ཉིན་བཅུ་རེའི་མཚམས་སུ་གཏམ་རྒྱུད་གསུམ་རེ་དྲ་ལམ་དུ་འགྲེམས་སྤེལ་ཞུ་འཆར་ཡོད་ལགས་ན། ཐུགས་སྣང་ཡོད་མཁན་ཚོས་ Tibetan Audiobooks ཞེས་པའི་ཡུ་ཊུབ་བརྙན་ལམ་གྱི་དྲ་ཐག་https://www.youtube.com/channel/UC8c2MsnUrMPDZ5JS2T7hALA འདི་བརྒྱུད་ནས་གསན་གཟིགས་ཡོང་བའི་རེ་སྐུལ་ཞུ་ཞིང། མདོར་ན། ཁྱེད་ཀྱི་ཆེད་དུ་བསྐྲུན་པའི་སྒྲ་དེབ་བློ་གསལ་མི་འབྱེད་ཀྱིས་ཁྱེད་ལ་ཕན་པར་གྱུར་ཅིག

རྩོམ་སྔ་མ།ཏོག་དབྱིབས་གཉན་རིམས་སྐོར་འབྲུག་གཞུང་གི་ཁྱབ་བསྒྲགས།
རྩོམ་རྗེས་མ།སྲོག་ཆགས་ཀྱི་འཇིག་རྟེན་ལ་ཉུལ་བ། ༡ ཁའོ་ཨ་ལཱ།
རེ་མདོ་སེངྒེ།
ལོ་རྒྱུས་མཚམས་སྦྱོར། ཕྲན་གྱི་མིང་ལ་རེ་མདོ་སེངྒེ་(sangay)ཟེར་ཞིང༌། བོད་དུ་སློབ་ཆུང་ནས་མཐོ་འབྲིང་བར་དུ་ཕྱིན། དགོན་པར་ཞུགས་རྗེས་ཚད་མ་དང་ཕར་ཕྱིན་སོགས་ལ་སློབ་སྦྱོང་བྱས། རྒྱ་གར་དུ་འབྱོར་བའི་རྗེས་ཀིརྟིའི་མཐོ་རིམ་སློབ་གཉེར་ཁང་དུ་སློབ་སྦྱོང་བྱས། ཕྱིས་སུ་ཀིརྟིའི་མཐོ་སློབ་ཀྱི་སློབ་དཔོན་དང༌། སྤྱི་ཁྱབ་རྩོམ་སྒྲིག་པའི་ལས་འགན་འཁྱེར་བའི་རིང་དེབ་གྲངས་བཞི་བཅུ་ལྷག་རྩོམ་སྒྲིག་དང་དཔར་འགྲེམས་ཀྱི་རྐང་འགན་བླངས། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་གསུང་རྩོམ་ཕྱོགས་སྒྲིག་པའི་འགན་འཁྱེར་བའི་དུས་ཡུན་ནང་ཁོང་གི་གསུང་རྩོམ་དེབ་ཕྲེང་དགུ་བཅུ་གོ་གཉིས་དཔར་བསྐྲུན་ཟིན་ཡོད། གཉིས་པ། བརྩམས་ཆོས་དང་རྩོམ་དེབ་ངོ་སྤྲོད། ༡༽ བོད་ཀྱི་རྩོམ་རིག་མཐའ་དཔྱོད། ༢༽ བོད་ཀྱི་སྲོལ་རྒྱུན་རིག་གཞུང་གླེང་བའི་གཏམ། དེབ་འདི་གཉིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༠༥ ལོར་དཔར་འགྲེམས་བྱས། ༣༽ ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེའི་ངག་རྒྱུན་རྣམ་ཐར་ས་བོན་ཕྱོགས་བསྒྲིགས། ཀིརྟིའི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གིས་ཕྱི་ལོ་ ༢༠༠༧ ལོར་དཔར་འགྲེམས་བྱས། ༤༽ གྲུབ་མཐའི་རྣམ་བཤད། བོད་ཀྱི་དཔེ་མཛོད་ཁང་དང༌། དབུས་བོད་མིའིསྒྲིག་འཛུགས་ཀྱི་ཆོས་རིག་ལྷན་ཁང་གཉིས་ཀྱིས་ཕྱི་ལོ་ ༢༠༠༨ དང་ཕྱི་ལོ་ ༢༠༠༩ ལོ་སོ་སོར་དཔར་འགྲེམས་བྱས། ༥༽ བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ལོར་དཔར་འགྲེམས་བྱས། ༦༽ གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ། དབུས་བོད་མིའིསྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༦ ལོར་དཔར་འགྲེམས་བྱས་ཤིང། ཕྱི་ལོ་ ༢༠༡༧ ལོར་བོད་ནང་དུ་རྩོམ་པ་པོ་དཔེ་སྐྲུན་ཁང་གིས་དཔར་འགྲེམས་བྱས། ༧༽ བོད་ཀྱི་ཆབ་སྲིད་མི་སྣ་གྲགས་ཅན་གྱི་བྱུང་བ་བརྗོད་པ། དབུས་བོད་མིའིསྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༨ ལོར་དཔར་འགྲེམས་གནང་རྒྱུའི་ལས་འཆར་གྲས་སུ་ཡོད། དེ་བཞིན་དཔྱད་རྩོམ་དང༌། རྣམ་ཐར། ལོ་རྒྱུས། བརྒལ་ལན་བཅས་རྩོམ་ཡིག་བརྒྱ་ཕྲག་མ་ཟིན་ཙམ་སྤེལ་ཡོད་ལ། ཝར་ཎའི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང༌། ས་རཱ་བོད་ཀྱི་མཐོ་སློབ། ནོར་གླིང་བོད་ཀྱི་མཐོ་སློབ། ཀིརྟིའི་མཐོ་སློབ། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས། ས་སྐྱའི་མ་དགོན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས། ས་རཱ་གཞོན་ནུ་ཁག་སོགས་ཀྱིས་གོ་སྒྲིག་གནང་བའི་བགྲོ་གླེང་ཚོགས་འདུ་སོགས་སུ་སྔ་ཕྱིར་བརྗོད་གཞི་སྣ་ཚོགས་ཐོག་བགྲོ་གླེང་གཏམ་བཤད་ཞུས། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་བཅུ་བཞི་པ་གཉིས་ལ་ཞུགས་ཏེ་དཔྱད་རྩོམ་བགྲོ་སྦྱང་བྱས། གསུམ་པ། ད་ལྟའི་གནས་སྟངས། དེང་སྐབས་ཀིརྟིའི་མཐོ་སློབ་ཀྱི་རིག་གནས་སློབ་དཔོན་དང༌། ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེའི་གསུང་རྩོམ་ཕྱོགས་སྒྲིག་པ། དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཀློག་དེབ་རྩོམ་འབྲི། བོ་དོང་གསུང་རབ་ཞིབ་འཇུག་ཁང་གི་ལས་ཞོར་ཞིབ་འཇུག་པ། གཞིས་བྱེས་ཀིརྟིའི་དགོན་ཁག་གི་སྔོན་འགྲོའི་ནང་བསྟན་སློབ་གཉེར་ཁང་གི་སློབ་དེབ་བློ་གསལ་མགུལ་རྒྱན་རྩོམ་སྒྲིག་ཞབས་ཞུ་པ་བཅས་ཀྱི་ལས་འགན་འཁྱེར་མུས་ཡིན།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།