མདུན་ངོས། Uncategorised སྒྲུབ་རྒན་རིན...

སྒྲུབ་རྒན་རིན་པོ་ཆེ་རྗེས་དྲན་གླུ་དབྱངས་མཚམས་སྦྱོར་ལས་འཕྲོས་པའི་གཏམ།

༦༥༣

རྫ་ཚེ་རིང་བཀྲ་ཤིས།

ལར་བླ་མ་རིན་པོ་ཆེ་སྒྲུབ་རྒན་ཀརྨ་སེང་གེས་མཛད་པའི་རྡོ་རྗེའི་མགུར་ལས། བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་ཁྱད་ཆོས་ཀྱི་ཕ་ནོར། །མོས་གུས་སྙིང་ལ་ཟུག་པའི་ལྡོག་མེད་ཀྱི་དད་གུས། །ཅི་མཛད་ལེགས་པར་མཐོང་བའི་ཁོ་ཐག་ཅིག་མེད་ན། །བྱིན་རླབས་སྨིག་རྒྱུའི་རི་མོ་ཕར་ཕར་དུ་རིང་འགྲོ །ཞེས་གསུངས་པ་ཡིན་ཏེ། མདོར་ན། ང་ཚོས་དུས་ནས་དུས་སུ་ཐབས་བརྒྱ་ཇུས་སྟོང་གིས་བླ་མའི་གསང་གསུམ་ཡིད་ཡུལ་དུ་ལེན་པ་ཞིག་ཡོང་དགོས།

ལྷག་པར་དུ་ཡང་། དེ་རིང་ནི་རང་རེ་སློབ་འབངས་ཚོར་མཚོན་ན། བཀའ་དྲིན་དང་ཐུགས་རྗེ་ཤིན་ཏུ་ཆེ་བའི་བླ་མ་རིན་པོ་ཆེ་ཚབ་ཚ་སྒྲུབ་རྒན་ཀརྨ་སེང་གེ་མཆོག་གི་འདས་མཆོད་ཐེངས་བཅུ་དགུ་བ་ཡིན་པས་ཧ་ཅང་དམིགས་བསལ་ཞིག་ཏུ་གྱུར་ཡོད་ལ། སློབ་འབངས་ཡོད་ཚད་རང་རང་གི་བློ་ཡི་ནུས་པ་དང་འཚམ་པའི་རྗེས་དྲན་གྱི་ལས་ལ་ཞུགས་བཞིན་ཡོད།

མ་ཟད་དུས་ཆེན་འདི་དང་སྟབས་བསྟུན། གུས་པས་བརྩམས་པའི་《སྒྲུབ་བརྒྱུད་བསྟན་པའི་ཀ་ཆེན་》ཞེས་པའི་རྗེས་དྲན་གྱི་ཚིག་དེ་ཉིད། གངས་རིའི་ལྗོངས་སུ་སྙན་པར་གྲགས་པའི་འཁྲབ་སྟོན་མཁན་དང་གླུ་མ་གཡང་ཕྱུག་མཚོས་ཆེད་ལེན་གནང་བ་དེ་ཉིད་བརྙན་ལེན་དང་སྒྲིག་སྦྱོར་ཡོངས་སུ་ཟིན་ནས་དངོས་སུ་འགྲེམ་སྤེལ་ཞུ་བཞིན་བྱུང་འདུག་པ་འདིའང་རྗེས་དྲན་གྱི་ཆ་ཤས་ཤིག་ཏུ་འབུལ་རྒྱུ་ཡིན།

སྤྱིར་ཆོས་བརྒྱད་ཀྱི་འཛིན་འཁྲིས་བོར་བའི་དམ་པ་དག་འདི་སྣང་གི་སྤྲོས་པ་གང་གིས་ཀྱང་ཐུགས་མི་མཉེས་ན་ཡང་། མདོ་ཕལ་པོ་ཆེ་ལས། དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །ཞེས་པའི་ཚུལ་དང་མཐུན་པར་བསམ་ན་ནི། འདི་དང་འདི་ལྟ་བུའི་ལས་དག་ཀྱང་ཚོགས་གསོག་སྒྲིབ་སྦྱོང་གི་ཐབས་ལམ་གལ་ཆེན་ཞིག་ཡིན་པར་ཐེ་ཚོམ་མི་དགོས། 
ཕྱོགས་གཞན་ཞིག་ནས་བསམ་ན། སློབ་མས་མོས་གུས་ཀྱི་ཞུ་དོན་མགུར་དུ་བསྡེབས་ཏེ་བླ་མའི་ཞབས་དྲུང་དུ་གསོལ་བ་ནི་བཀའ་བརྒྱུད་གྲུབ་ཐོབ་གོང་མའི་རྗེས་འབྲངས་པ་དག་གི་ཐུན་མིན་གྱི་ཕྱག་བཞེས་ཏེ། རྟེན་འབྲེལ་གྱི་བབ་འདི་དབང་བཙན་དུ་བྱས་ན་ནི་ལྷག་ཏུ་དོན་སྙིང་ཡོད་པ་ཞིག་ཏུ་ཡིད་ཆེས་ཞུ་ཆོག །

དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། ཐབས་ལམ་འདི་དང་འདི་ལྟ་བུ་བརྒྱུད་ནས་ཀྱང་དངོས་སུ་སྐྱེ་བོ་མང་པོས་མགོན་པོ་གང་གི་མཚན་དང་ཡོན་ཏན་གྱི་ཆ་ཤས་ཐོས་པར་འགྱུར་བ་དང་། བརྒྱུད་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་བོན་བསྐྲུན་པ་སོགས་ཀྱི་དགེ་མཚན་ཡོད།
སྤྱིར་ངས་མི་ཚེ་འདིར་བཀའ་དྲིན་ཆེ་བའི་བླ་མ་དུ་མ་ཞིག་མཇལ་བ་ཡིན་ཏེ། དེའི་ནང་ནས་གལ་ཆེ་བའི་བླ་མ་ཞིག་ནི་ངེས་པ་དོན་གྱི་རྟོགས་པའི་དབང་ཕྱུག་ཆེན་པོ་ཚབ་ཚ་སྒྲུབ་རྒན་རིན་པོ་ཆེ་ཀརྨ་སེང་གེ་ཉིད་ཡིན།

མི་ཚེ་འདིར་ཁོང་དང་དངོས་སུ་མཇལ་བ་ནི་སྤྱི་ལོ་ཉིས་སྟོང་གི་ལོར་འདན་སྒྲོལ་མ་ལྷ་ཁང་གི་འཁྲིས་སུ་བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་སོ་ཅོག་ཞུ་བའི་གོ་སྐབས་བྱུང་བ་དེ་ཡིན། སྐབས་དེར་ཚབ་ཚ་དགོན་སོགས་ནས་ཕེབས་པའི་ཆོས་གྲོགས་དུ་མ་ཞིག་དང་མཉམ་དུ་སྒྲུབ་རྒན་རིན་པོ་ཆེའི་སྐུ་མདུན་ནས་ཟླ་བ་ཧྲིལ་པོ་གཅིག་གི་རིང་༨ལ་བཀའ་ཆོས་ཞུས།

སྐབས་དེར་མི་ཉག་འཇམ་གྲགས་དང་། རྣམ་རྒྱལ་མཁན་པོ་རྡོ་རྒྱལ། གུས་པ་སོགས་ཆེད་དུ་བསྟན་འགྱུར་གྱི་ཕྱག་ཡིག་འབུལ་མཁན་ཡིན། གུས་པ་བཀའ་ཆོས་ཧྲིལ་པོའི་རིང་རིན་པོ་ཆེའི་གང་གསུང་བཞིན་པའི་ནང་དོན་དང་མཐུན་པའི་དཔེ་གཞན་ཞིག་མགོ་ནས་མཇུག་གི་བར་དུ་ཡིག་ཕྲེང་གཅིག་ཀྱང་མ་ཤོར་བར་མིག་འདེད་བྱས་པ་ཡིན། གུས་པས་གོ་སྐབས་དེ་བརྒྱུད་ནས་ཀྱང་བསྟན་འགྱུར་གྱི་ལུང་དེ་ཧ་ཅང་ཕུན་སུམ་ཚོགས་པ་དང་ཆད་ལྷག་མེད་པ་ཞིག་བྱུང་ཡོད།

དེ་ཡང་རིན་པོ་ཆེ་ནི་སྤྱི་ཚོགས་རྙིང་པའི་སྐབས་ནས་སྒྲ་དྲུག་འགྱུར་གྱི་སྙན་པ་ཆེ་ན་ཡང་། རིན་པོ་ཆེས་ལུང་གང་གསུངས་པ་དེ་ནི་ཐིག་ཕྲེང་ཆད་ལྷག་དང་། ཤོག་ལྷེ་བསྒྱུར་ནོར་སོགས་ཀྱིས་ལུང་ལ་ཆད་ལྷག་ཡོང་བར་དགོངས་ནས་རིན་པོ་ཆེས་བཀའ་ལྟར་ང་ཚོས་ཡིག་ཕྲེང་གཅིག་ཀྱང་མ་ཤོར་བར་མིག་འདེད་ཀྱིས་རིན་པོ་ཆེའི་མདུན་དུ་བསྡད་པ་ཡིན། དེ་ནི་རིན་པོ་ཆེ་རང་གི་བཀའ་བཞིན་ང་ཚོས་ཞབས་ཏོག་ཞུས་པ་ཞིག་རེད། རིན་པོ་ཆེ་ནི་དེ་ལྟར་གསུང་ཆོས་ལ་སླ་ཆོས་མི་མཛད་པའི་དོ་དན་གྱི་གནང་ཕྱོགས་དེའང་ད་ཆ་བསམ་ན་ཤིན་ཏུ་ངོ་མཚར་ཆེན་པོར་གདའ།

ཡང་ཕྱོགས་གཞན་ཞིག་ནས་རིན་པོ་ཆེའི་སྐབས་དེའི་སྤྱན་དེ་ཙམ་གསལ་པོ་མེད་པས་སྤྱན་ཤེལ་ཉིས་བརྩེགས་བསྣམས་ནས་གསུངས་དགོས་ན་ཡང་། བསྟན་འགྱུར་གྱི་ནང་གི་དྲི་མེད་འོད་ལྟ་བུའི་རྒྱུད་དང་། དཔག་གསམ་འཁྲི་ཤིང་ལྟ་བུའི་སྙན་ངག་སོགས་གང་ཞིག་ཡིན་ཡང་། སྤྱན་ལ་ཐོགས་པ་ཙམ་གྱིས་ཆགས་ཐོགས་གཏན་ནས་མེད་པ་ཡིན། གུས་པ་ཀློག་རྩལ་ཧ་ཅང་ཞན་པོ་མིན་ན་ཡང་། སྒྲུབ་རྒན་རིན་པོ་ཆེས་ལུང་གསུངས་པའི་ཀློག་རྩལ་གྱི་མདུན་དུ་ཁོང་གིས་ལྗགས་ཀྱིས་ནོན་པ་དེ་གུས་པས་མིག་གིས་ནོན་པ་ཙམ་ཞིག་ཡིན།

བཀའ་ཆོས་ཀྱི་མཇུག་ཏུ་འདན་ཀློང་ཐང་སྒྲོལ་མའི་གཙུག་ལག་ཁང་དུ་རྡོ་རྗེ་རྣལ་འབྱོར་མ་དང་འབྲེལ་བའི་ཚོགས་ཀྱི་འཁོར་ལོའི་མཐའ་རྟེན་དང་བཅས། རྗེ་བཙུན་སྒྲོལ་མའི་སྐུ་བརྙན་རིན་པོ་ཆེ་ཉིད་ཕྱག་དྲོན་མོས་ཕྲན་བདག་གི་སྤྱི་བོར་དངོས་སུ་བཞག་ནས་སྒྲོལ་མའི་རྟེན་དབང་གནང་བ་སོགས་ད་ལྟའང་ཤིན་ཏུ་གསལ་པོར་དྲན། སྐབས་དེའི་འདྲ་པར་རེའང་ད་ལྟ་མཐོང་ཡུལ་དུ་མཆིས། དུས་ཚོད་ནི་ཡུད་ཀྱིས་འགྲོ་བཞིན་ཡོད་པས་ད་ཆ་མི་ལོ་ཉི་ཤུ་རྩ་ལྔ་འདས་ན་ཡང་། འདས་དོན་དེ་ནི་ངའི་མི་ཚེའི་ནང་དུ་ནམ་ཡང་བརྗེད་དུ་མེད་པ་ཞིག་ཡིན།
ལོ་དེའི་དགུན་ངོས་གུས་པས་ཨ་རིག་བཤད་གྲྭར་བསྟན་འགྱུར་གྱི་ལུང་རྒྱུན་སྤེལ་ཁུལ་ཞུས་ཤིང་། སྐབས་དེར་ཕྲན་ལ་སྐུལ་མ་གནང་མཁན་གཙོ་བོ་སྤྲུལ་སྐུ་དགེ་རྒྱམ་ཚང་གིས་ཕྱིས་སུའང་བསྟན་འགྱུར་གྱི་ལུང་རྒྱུན་རྒྱ་ཁྱབ་ཏུ་སྤེལ་གནང་འདུག །ལར་ནས་གུས་པ་ལྟ་བུ་ཞིག་ལུང་རྒྱུན་གྱི་བརྒྱུད་པ་གཉན་པོ་དེ་ལྟ་བུ་ཞིག་དང་འབྲེལ་བ་ཆགས་པ་ནི་ཞུ་སྤོབས་མེད་པ་ཞིག་ཡིན་ན་ཡང་། བསྟན་འགྲོ་ལ་སྨན་པའི་ལེགས་ལམ་གྱི་ཆ་ཤས་ཤིག་ཏུ་གྱུར་ཡོད་སྲིད་ན་དེ་ནི་ཚབ་ཚ་སྒྲུབ་རྒན་རིན་པོ་ཆེའི་འཕྲིན་ལས་ཀྱི་བྱིན་མཐུ་འབའ་ཞིག་ཡིན།

ཉིས་སྟོང་གཅིག་གི་ལོར་གུས་པ་ཡང་བསྐྱར་ཆེད་དུ་སྐུ་མདུན་དུ་ཐེངས་གཉིས་པ་བཅར། སྐུ་མདུན་དུ་འདུག་ཡུན་རིང་པོ་མིན་ན་ཡང་རྗེ་རང་བྱུང་ཞབས་ཀྱི་ཕྱག་ཆེན་སྨོན་ལམ་གྱི་ཐོག་ནས་ཕྱག་རྒྱ་ཆེན་པོའི་བྱིན་རླབས་ཀྱི་གཏད་རྒྱ་ཟབ་མོའི་དབུགས་དབྱུང་ཐོབ། དེ་ནི་ནམ་ཡང་བསམ་ཡུལ་ལས་འདས་པ་ལྟ་བུ་ཞིག་ཏུ་གྱུར། ངས་སྐབས་དེར་ཁྱེད་ཀྱིས་ང་ལ་གནང་བའི་ལུང་དེ་ངས་ཁྲིད་དང་ངོ་སྤྲོད་ཐོབ་པར་ངོས་འཛིན་ཞུ་གི་ཡིན་ཞུས་པས་རིན་པོ་ཆེས་ང་ལ། ༼   འོ་ཡ་ ༽   གསུངས། དུས་དེ་ནས་ང་རང་ལ་ཉམས་ལེན་མེད་པ་མ་གཏོགས་ང་ལ་ཕྱག་རྒྱ་ཆེན་པོའི་གདམས་ངག་གནང་བའི་བླ་མ་ཞིག་ཡོད་པ་དེ་ཁོང་ཡིན་པར་ཐེ་ཚོམ་སྐྱེ་མ་མྱོང་།

དེ་ནས་སྤྱི་ལོ་ཉིས་སྟོང་གསུམ་གྱི་ལོར་རྒྱ་ནག་ཁྲིན་ཏུའུ་ནས་སྐུ་མདུན་དུ་བཅར་ཞིང་། སྤྱི་ལོ་ཉིས་སྟོང་བཞིའི་ལོར་གུས་པ་ཁྲི་མོན་ནས་ཐོན་སྐབས་རིན་པོ་ཆེ་མཆོག་མི་ཡུལ་དང་ཞལ་གྱེས་ནས་ཡུན་རིང་མ་ལོན་པའི་མཚམས་སུ་མཆིས། དུས་ཡུན་དེ་དག་གི་རིང་ལ་ཡང་རིན་པོ་ཆེས་གུས་པའི་ཕྱོགས་ལ་ཐུགས་བརྩེའི་ཐུགས་ཁུར་གནང་བ་གོ་ཐོས་བྱུང་།

དུས་དེ་ནས་བཟུང་དངོས་སུ་མཇལ་བའི་སྐལ་བ་ནི་མ་མཆིས་ན་ཡང་། དུས་དང་གནས་སྐབས་ཐམས་ཅད་དུ་སྒྲུབ་རྒན་རིན་པོ་ཆེ་ནི་གུས་པ་ཐུགས་བརྩེ་ཆེན་པོས་རྗེས་སུ་འཛིན་གནང་བའི་བླ་མ་ཡིན། 
ང་ཨ་རིག་སྒར་དུ་ཡོད་སྐབས་གུས་པར་སྒྲུབ་རྒན་རིན་པོ་ཆེའི་སྐུ་པར་ཞིག་བཤམ་རྒྱུ་ཡོད། དེར་ཆོས་གྲོགས་ཚོས་ཚེ་བཀྲའི་བླ་མ་རྒྱ་ཆས་ཅན་ཟེར་དར། དེ་ཡང་བདེན་པ་རེད། ཁོང་ནི་བླ་ཆེན་གཞན་དག་དང་མི་འདྲ་བར་ནམ་རྒྱུན་སྤྱིར་བཏང་གི་རྒྱ་ཆས་ཙམ་མནབས་ནས་བཞུགས་མཁན་ཞིག་ཡིན། ལོ་ཤུལ་ནང་པའི་བཤད་སྲོལ་ལ། མི་མང་པོ་ཞིག་སྒྲུབ་རྒན་རིན་པོ་ཆེ་མཇལ་སར་ཡོང་སྐབས་སྒོ་འགྲམ་དུ་ཉི་མ་ལྡེ་ནས་བཞུགས་ཡོད་པའི་སྒྲུབ་རྒན་ཉིད་སྤྱིར་བཏང་གི་སྒོ་སྲུང་ལྟ་བུ་ཞིག་ཏུ་བསམ་ནས་ཁོང་ལ་སྒྲུབ་རྒན་རིན་པོ་ཆེ་གང་ན་བཞུགས་ཡོད་རེད་ཅེས་དྲིས་པའི་ལོ་རྒྱུས་ཀྱང་ཤོད་སྲོལ་ཡོད།

ཁོང་ནི་འདན་ཁོག་གི་ལུང་པ་དེའི་ས་དགེ་བཀའ་རྙིང་ཚང་མས་གཅིག་མཚུངས་ཀྱིས་ཧ་ཅང་རྩི་བཀུར་ཞུ། ཁོང་ལ་སྐུ་ཕྲེང་དང་སྐྱེས་རབས་ཀྱི་ཆེ་བ་འཆད་རྒྱུ་ཡོད། ཁོང་ལ་སྐབས་དེའི་གཞུང་དང་ཆབ་སྲིད་ཀྱི་གོ་གནས་ཡོད། ཁོང་ལ་དགོན་པ་དང་གྲྭ་ཚང་གི་རྒྱབ་དཔུང་ཡོད། ཁོང་ལ་མདོ་སྔགས་དང་རིག་གནས་ཀྱི་མཁྱེན་རྒྱ་ཡོད། ཡིན་ན་ཡང་། ཁོང་ནི་ཧ་ཅང་སྤྲོས་མེད་ཀྱི་ངང་ནས་མི་རྒན་དཀྱུས་མ་ཞིག་ལྟར་བྱས་ནས་སྐུ་ཚེའི་མཇུག་སྐྱེལ་གནང་ཡོད། 
ངའི་སེམས་ཀྱི་དྲན་ཚོར་གཞི་ལ་བཞག་ནས་ཞུས་ན། སྒྲུབ་རྒན་རིན་པོ་ཆེ་ཁོང་ཇི་ལྟར་ཉམ་ཆུང་དང་བཅོས་མིན་ཁེངས་སྐྱུང་གི་འཚོ་བ་རོལ་གནང་བ་དེ་ཙམ་དུ། གཟེངས་སུ་ཐོན་པའི་སྤོབས་པ་དང་། ཕུལ་དུ་བྱུང་བའི་རྣམ་དཔྱོད། འགྲན་ཟླ་མེད་པའི་བྱིན་རླབས་བཅས་ནི་བཀག་ན་མི་ཁོག་པ་ལྟ་བུ་ཞིག་ཡོད། དམན་པ་ངས་ཀྱང་སྒྲུབ་རྒན་རིན་པོ་ཆེའི་སྐུ་གམ་ནས་སྤྱིར་བཏང་མ་ཡིན་པའི་བྱིན་རླབས་ཀྱི་ཚོར་སྣང་ཟབ་མོ་ཐོབ་མྱོང་། ཚོར་སྣང་དེ་ནི་མཐའ་མེད་པའི་ཐུགས་རྗེའི་རང་མདངས་སུ་ཤར་བ་ཞིག་རེད། ཚོར་སྣང་དེ་ནི་ངའི་སེམས་སུ་ད་ལྟ་བྱུང་བའི་གནས་ཚུལ་ཞིག་ལྟར་ཧ་ཅང་དྲོ་སྐྱིད་དང་ལྡན་པ་དང་རྙིང་དུ་མེད་པ་ཞིག་རེད།

མཇུག་ཏུ་ངས་ཞུ་འདོད་པ་ནི། དེ་ཡང་བླ་མ་རིན་པོ་ཆེའི་ཞལ་གདམས་ཀྱི་མགུར་ལས།
གདམས་ངག་མང་ཡང་གྲོལ་བ་གཅིག་ཆོག་ཏུ་བརྩོན་དགོས། །མང་ཡང་ཉུང་ཡང་རང་ཡིད་ཆེས་པ་ཞིག་བྱེད་དགོས། །ཞེས་གསུངས་པ་ལྟར། ང་ཚོས་བླ་མ་རིན་པོ་ཆེ་ཁོང་གི་འོད་གསལ་གྱི་ཐུགས་ལས་བྱུང་བའི་བརྩེ་བའི་གདམས་ངག་གི་ཆ་ཤས་དེ་དག་དྲན་དགོས། ཐ་ན་བླ་མའི་གམ་དུ་སྡོད་པའི་སྐབས་ཀྱི་དྲན་ཤེས་ཀྱི་བག་ཆགས་ཆེས་སྤྱིར་བཏང་བ་དེ་དག་ཀྱང་བླ་མ་དྲན་པའི་མོས་གུས་ཀྱི་གསལ་འདེབས་དང་། ངེས་ཤེས་ཀྱི་སྣོན་མ། འོད་གསལ་གྱི་ངོ་སྤྲོད་ཅེས་སུ་བསམ་དགོས། 
སྐབས་དེར་ང་ཚོ་ལ་སྒྲུབ་རྒན་རིན་པོ་ཆེས་སྤྱན་གྱིས་གཟིགས་ཙམ་ཞིག་གནང་མྱོང་བ་དྲན་གྱི་འདུག་ན་དེའང་ང་ཚོས་ཆ་རྐྱེན་མེད་པའི་ཐོག་ནས་གདམས་ངག་ཏུ་འཁྱེར་དགོས། 
བླ་མ་མཁྱེན་ནོ། །

ཨོ་གླིང་གྲོང་ཁྱེར་སིད་ནིས་ནས་སྤྱི་ལོ་ ༢༠༢༤ ཟླ་ ༦ ཚེས ༡༩ ཉིན་གྱི་དགོང་མོ། རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཚོར་སྣང་ཟབ་མོ་ཞིག་གི་ངང་ནས་འཕྲལ་དུ་བྲིས་སོ། །

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།