མདུན་ངོས། སྤྱི་ཚོགས་གནད་དོན། ཨོ་སི་ཊོ་ལི་ཡ...

ཨོ་སི་ཊོ་ལི་ཡའི་ནང་བོད་ཀྱི་སྐད་ཡིག་སློབ་སྦྱོང་སྐོར་གླེང་བ། (དུམ་བུ་དང་པོ།)

༢༧༥༦༩༨
ཨོ་སི་ཊོ་ལི་ཡའི་ནེའུ་སོའོ་རྡ་ལྦེའི་མངའ་སྡེའི་སིཌ་ནི་གྲོང་ཁྱེར་གྱི་རྣམ་པ། པར་རིས་དྲ་རྒྱ་ལས་བླངས།

སྔོན་གླེང་།

མིག་ལྡན་ཀུན་གྱིས་མཐོང་ཆོས་བཞིན་ཁྱིམ་མཚེས་རྒྱ་ནག་དམར་པོའི་གཞུང་གིས་བོད་ལ་བཙན་འཛུལ་བྱས་རྗེས་བོད་ཡུལ་རྒྱ་ཡུལ་དུ་སྒྱུར་བཞིན་པ་དང་གཞིས་ལུས་བོད་མི་རྣམས་རང་ཡུལ་རང་བདག་མེད་པར་གཞན་དབང་བཙན་གནོན་འོག་གནས་ཡོད།   འོན་ཀྱང་གཞིས་ལུས་བོད་མིའི་སྙིང་སྟོབས་ལྷག་བསམ་ལ་རྒྱ་དམ་གཙང་ལ་བརྟེན་བོད་ཀྱི་ཆོས་དང་རིག་གཞུང་སྐད་དང་ཡི་གེ་བཅས་རྒྱུན་འཛིན་གནང་བཞིན་ཡོད་ལ་བཙན་བྱོལ་ནང་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལས་ནང་ཆོས་དང་རིག་གཞུང་སྐད་དང་ཡི་གེ་སོགས་བསྟི་གནས་ཁང་བཙུགས་ནས་བོད་ཀྱི་རིག་གཞུང་སླར་གསོ་གནང་ནས་དེང་དུས་འཛམ་གླིང་མི་མང་ལ་ཞབས་ཕྱི་ཞུ་བའི་དུས་ལ་བསླེབས་པའི་གྲུབ་འབྲས་ཐོན་བཞིན་ཡོད།  བཙན་བྱོལ་བོད་མི་གཅིག་མཚུངས་ཨོ་སི་ཊོ་ལི་ཡའི་གླིང་ཆེན་འདིའི་ནང་ཡོད་པའི་བོད་མི་རྣམས་ཀྱིས་རང་དབང་ལུང་པའི་ཁེ་ཕན་ལོངས་སྤྱོད་གནང་བཞིན་རང་རང་གི་ས་གནས་སུ་རང་ཉིད་ཀྱི་འཚོ་གོས་དང་སློབ་སྦྱོང་ལ་འབད་བརྩོན། ལྷག་པར་བོད་དོན་ཆེད་བོད་རིགས་མཐུན་ཚོགས་གསར་བཙུགས་ཀྱིས་བོད་ཀྱི་བདེ་དོན་འཐབ་རྩོད་ཀྱི་ལས་འགུལ་དང་བོད་ཀྱི་ཆོས་དང་རིག་གཞུང་སྐད་དང་ཡི་གེ་ཉམས་པ་སོར་ཆུད་དང་མ་ཉམས་རྒྱུད་འཛིན་གནང་གི་ཡོད། གཞན་ཡང་ནང་བསྟན་སློབ་གཉེར་ཁང་དང་བོད་ཡིག་སློབ་གྲྭ་གསར་བཙུགས་གནང་ནས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སྐད་དང་ཡི་གེ་དེ་མི་རབས་རྗེས་མར་བདག་སྤྲོད་དང་།ཨོ་སི་ཊོ་ལི་ཡའི་གླིང་ཆེན་འདིའི་མི་རིགས་སྣ་མང་རིག་གཞུང་གི་མེ་ཏོག་ལྡུམ་རྭ་ཆེན་པོར་བོད་ཀྱི་གངས་ལྷ་མེ་ཏོག་རྟག་ཏུ་བཞད་ཐུབ་པའི་ལེགས་སྐྱེས་འབུལ་བཞིན་ཡོད།   དེ་ན་ཨོ་གླིང་ནང་བོད་ཀྱི་ཆོས་དང་རིག་གཞུང་སྐད་དང་ཡི་གེ་སྲུང་སྐྱོབ་དང་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱ་རྒྱུར་གོ་སྐབས་ད་ལྟ་གང་ཐོབ་པ་དང་མ་འོངས་གང་འདྲ་ཞིག་ཐོབ་དགོས་མིན་སྐོར་རང་ཉིད་མི་ལོ་ཧྲིལ་པོ་ཉི་ཤུ་ཙམ་སྤྱི་ཚོགས་འདི་བརྒྱུད་པའི་མྱོང་བ་གང་ཡོད་པ་ཡིག་ཐོག་ཏུ་བཀོད་ནས་གཞི་བྱེས་བོད་མིར་མཁྱེན་རྟོགས་སླད་དང་འབྲེལ་ཡོད་གཞུང་དང་གཞུང་འབྲེལ་མ་ཡིན་པ་སྒེར་པ་བཅས་ཀྱིས་ཨོ་གླིང་ནང་གི་བོད་ཀྱི་སྐད་ཡིག་གི་གཙོ་བྱས་པའི་བོད་ཀྱི་རིག་གཞུང་གི་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་འདིར་དངོས་ཡོད་ཀྱི་ནུས་པ་འདོན་ཐུབ་པའི་དཔྱད་གཞིའི་ཆེད་དུ་ས་བཅས་ལྔར་དབྱེ་ནས་ཞུ་འདོད་བྱུང་།  དེའི་ནང་དང་པོ་ཨོ་སི་ཊོ་ལི་ཡའི་རྒྱལ་ཁབ་ངོ་སྤྲོད། གཉིས་པ་མི་རིགས་སྐད་ཡིག་སློབ་གྲྭའི་ལས་གཞི།   གསུམ་པ།  ཨོ་གླིང་ནང་གི་བོད་མི་དང་བོད་རིགས་མཐུན་ཚོགས།  བཞི་པ།  བོད་སྐད་ཡིག་སློབ་སྦྱོང་གི་གོ་སྐབས།  ལྔ་པ།  ཕུག་འདུན་མངོན་དུ་འགྱུར་བ་བཅས་སོ།

དང་པོ་༽ རྒྱལ་ཁབ་ངོ་སྤྲོད།

ཨོ་སི་ཊོ་ལི་ཡ་ (Australia) ནི་འཛམ་གླིང་གི་གླིང་ཆེན་དྲུག་གི་ཡ་གྱལ་ཞིག་ཡིན་ཞིང་། གླིང་ཆེན་ཧྲིལ་པོ་རྒྱལ་ཁབ་གཅིག་ཆགས་ཡོད་པ་དེ་ཡང་མུ་མཐའ་མེད་པའི་ཞི་བདེ་རྒྱ་མཚོ་དང་ཧིན་རྡུ་རྒྱ་མཚོས་ཡོངས་སུ་བསྐོར་ཡོད་པས་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་མཚོ་དང་འབྲེལ་བ་ལས་སྐམ་སའི་འབྲེལ་མེད་སྟབས་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་དང་ལོགས་སུ་གནས་པའི་མཚོ་གླིང་གི་རྒྱལ་ཁབ་གཅིག་ཡིན། གླིང་ཆེན་འདིར་སྐམ་ཤས་ཆེ་བའི་ས་སྟོང་མང་པོ་ཡོད་པ་བདེན་པ་ཡིན་ནའང་རྟག་ཏུ་འགྱིང་ངེར་ལང་པའི་རི་བོ་ཡོད་ལ།  ལྗོན་ཤིང་སྣ་ཚོགས་ཡོད་པའི་གདོད་མའི་ནགས་ཚལ་སྟུགས་པོ་མང་པོ་ཡོད་པ་དང།  རི་གཤོང་ནང་དུ་གཏིང་མཐའ་མི་མངོན་པའི་གཙང་པོ་མང་ལ་མི་རྣམས་ཀྱི་ཡིད་དབང་འཕྲོག་ཐུབ་པའི་མཚོ་ཁ་མང་པོ་ཡོད།ཡངས་ཤིང་རྒྱ་ཆེ་བའི་ཨོ་གླིང་ཞིང་ཁམས་འདིར་མི་འབོར་ས་ཡ་ ༢༥ གནས་སྡོད་བྱེད་ཀྱི་ཡོད།   མི་མང་མང་ཆེ་བ་ཤར་ཕྱོགས་ཀྱི་མཚོ་ཁུལ་དང།  དེ་བཞིན་ཤར་ལྷོ་དང་ནུབ་ཕྱོགས་མཚོ་ཁུལབཅས་ཀྱི་མཚོ་ཁ་ཐག་ཉེ་སར་འཚོ་སྡོད་གནང་གི་ཡོད། མི་རྣམས་དབྱར་དུས་དྲོ་ལ་དགུན་དུས་གྲང་མི་དྲག་པར་སྡོད་རྒྱུར་དགའ་པོ་ཡོད།

འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་དང་བསྡུར་ན་ཨོ་སི་ཊོ་ལི་ཡ་རྒྱལ་ཁབ་ཆགས་ནས་ལོ་ངོ་ཉིས་བརྒྱ་ལྷག་ལས་འགྲོ་ཡི་མེད་པ་དེ་ཡང་ཕྱི་ལོ་༡༧༨༨ ལོར་ཨིན་ཇིའི་མི་རིགས་གཙོ་བོར་གྱུར་པའི་ཡུ་རོབ་ཀྱི་མི་རིགས་མ་བསླེབས་གོང་གདོད་མའི་མི་རིགས་ཨ་ཕོ་རི་ཇུའུ་ན་(Aboriginal) ཁྲོའོ་རིའི་སི།  སིའི་ཁྲའ་གླིང་ཕྲན་པ་ (Torres Strait Islander) འཚོ་སྡོད་བྱེད་ཀྱི་ཡོད་ཀྱང་སྤྱི་ལ་དབང་བའི་ལམ་ལུགས་མེད་པས་སིལ་བུའི་དུས་རབས་ཤིག་ཡིན།

ཕྱི་ལོ་ ༡༩༠༡ ལོའི་ཟླ་བ་ ༡ ཚེས་ ༡ ཉིན་ཨོ་སི་ཀྲོ་ལི་ཡའི་མངའ་སྡེ་དྲུག་སྟེ་ ལྷོ་ཕྱོགས་མངའ་སྡེ། (South Australia) ལྦིག་ཁྲོའོ་རིའི་ཡཱ་མངའ་སྡེ། (Victoria) དང།  ཁུན་སི་ལེན་ཌི་མངའ་སྡེ། (Queensland) དེ་བཞིན་ནེའུ་སོའོ་རྡ་ལྦེའི་མངའ་སྡེ་ (New South Wales) མངའ་སྡེ་བཅས་ཀྱི་ནང་མི་རྣམས་་འཚོ་སྡོད་བྱས།  ནུབ་ཕྱོགས་མངའ་སྡེ། (Western Australia) ཀྲའ་སི་མའ་ནའ་(Tasmania) མངའ་སྡེ་དེ་དག་གི་སྟེང་རང་སྐྱོང་ས་ཁུལ་གཉིས་ཡོད་ཁེན་སྦ་རཱ་ (Canberra) དང་ བྱང་ཕྱོགས་རང་སྐྱོང་ས་ཁུལ་ (Northern Territory) བཅས་མངའ་སྡེ་དྲུག་དང་རང་སྐྱོང་ས་ཁུལ་གཉིས་གཅིག་ཏུ་སྒྲིལ་བས་རྒྱལ་ཁབ་གཅིག་གི་ངོ་བོར་བསྒྱུར།

ཨོ་སི་ཊོ་ལི་ཡའི་རྒྱལ་ཁབ་གསར་དུ་གླིང་ཕྲན་འདི་ཐོག་ཆགས་ཡོད་ཀྱང་མི་འབོར་མང་ཆེ་བ་དབྱིན་ཡུལ་གཙོ་བོར་གྱུར་བའི་ཡོ་རོབ་ཁུལ་དང་ཨ་རི་སོགས་ནས་ཨོ་གླིང་ནས་འཚོ་བ་གསར་པར་རོལ་གྱི་ཡོད་པས་དབྱིན་ཡུལ་ནི་ཁོང་ཚོའི་མི་ཚེའི་ནང་གལ་གནས་ཆེན་པོ་ཆགས་ཡོད་པས་དབྱིན་ཡུལ་ལ་དེ་དུས་ནང་ཞེས་འབོད་ཀྱི་ཡོད།  རྒྱལ་ཁབ་བཙུགས་ནས་དུས་ཡུན་དེ་ཙམ་རིང་པོ་ཕྱིན་མེད་ཀྱང་རྒྱལ་ཁབ་ཀྱི་ཆབ་སྲིད་མང་གཙོ་ཚད་ལྡན་དང་དཔལ་འབྱོར་དེང་རབས་ཅན་དུ་གྱུར་ནས་མི་རྣམས་ཀྱི་འཚོ་བ་ཕུན་སུམ་ཚོགས་ལ་ཞི་བདེ་དང་ལྡན་པའི་སྔོན་་ཐོན་གྱི་རྒྱལ་ཁབ་ཅིག་ཡིན།

རྒྱལ་ཁབ་འདི་ནི་མི་ས་ཡ་ཉེར་ལྔ་ལྷག་ལས་གྲུབ་པའི་འཛམ་གླིང་མི་རིགས་ཚང་མ་འདུས་པའི་རྒྱལ་ཁབ་གཅིག་ཡིན་པས་མི་རིགས་དེ་དག་གི་སྤྱི་སྐད་དམ་ཐུན་མོང་གི་སྐད་ཡིག་ནི་ཨིན་སྐད་དང་།གཞུང་འབྲེལ་ལས་ཁུངས་ཀྱི་ཁྱབ་བསྒྲགས་ཡིག་ཆ་དང་འགྲིམ་འགྲུལ་སྒྲིག་མ་ལག་དེབ་སོགས་མི་འབོར་ལ་གཞིགས་པས་སྐད་མི་འདྲ་བའི་སྐད་ནང་དཔར་བསྐྲུན་གནང་ཡོད་པ་དང་།གཞུང་འབྲེལ་ལས་ཁུངས་ཁག་ལ་སྐད་སྒྱུར་གྱི་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད།

ཆབ་སྲིད་ལམ་ལུགས་ནི་མང་གཙོ་ཡིན། གཞུང་གི་དབུ་འཁྲི་གཙོ་བོ་ཨིན་ཇིའི་རྒྱལ་མོ་ཡིན་པ་དང་།  སྲིད་བློན་གྱིས་གཞུང་གི་ཉིན་རེའི་ཆབ་སྲིད་འཛིན་སྐྱོང་གནང་གི་ཡོད་དེ་ནི་མི་མང་གི་མང་མོས་འོས་འདེམས་བྱུང་བའི་སྲིད་དོན་ཚོགས་པས་གཞུང་འཛིན་པ་དང་འོས་འདེམས་ནང་ཤོར་བ་དེས་ཕྱོགས་འགལ་ཚོགས་པ་གནང་གི་ཡོད།  ལོ་རྒྱུས་ནང་ཕྱི་མིག་བལྟས་ན་ངལ་རྩོལ་ཚོགས་པ་དང་གུ་ཡངས་ཚོགས་པ་གཉིས་ཀྱིས་རེ་མོས་ཐོག་གཞུང་འཛིན་དང་ཕྱོགས་འགལ་ཚོགས་པ་གནང་ནས་རྒྱལ་ཁབ་སྐྱོང་གི་ཡོད།གུ་ཡངས་ཚོགས་པ་དང་ངལ་རྩོལ་ཚོགས་པ་གཙོ་བྱས་པའི་ཆབ་སྲིད་ཚོགས་པ་འདྲ་མིན་གྲོས་ཚོགས་ལམ་ལུགས་མཚན་ཉིད་དང་ལྡན་པ་ཡོད།གཞུང་གི་འཛིན་སྐྱོང་རིམ་པ་གསུམ་ཡོད་པ་དབུས་གཞུང་དང་མངའ་སྡེ་དེ་ནས་ས་གནས་གཞུང་བཅས་ཡོད།

འདོད་མའི་མི་རིགས་ཨ་ཕོ་རི་ཇུའུ་ན་ (Aboriginal) པར་རིས་དྲ་རྒྱ་ལས་བཏུས།

ཨོ་གླིང་གི་ཡུལ་གྲུ་འདིའི་ནང་མི་རིགས་མི་འདྲ་བ་རྣམས་ཞི་བདེ་བག་ཕེབས་ངང་མཉམ་གནས་ཐུབ་པའི་ངོ་མཚར་ཆེ་བའི་སྲིད་ཇུས་བཟང་པོ་མང་པོ་ཡོད་པའི་ནང་ནས་གཅིག་ནི་མི་རིགས་སྣ་མང་གི་རིག་གཞུང་དང་མི་རིགས་སྣ་མང་གི་སྐད་ཡིག་གི་སྲུང་སྐྱོབ་དང་ལག་ལེན་བྱེད་པའི་སྲིད་ཇུས་དེ་ཡིན།སྲིད་བྱུས་དེའི་འོག་བོད་མི་སྐྱབས་བཅོལ་བ་ཚོར་རང་གི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་ཀྱི་གོ་སྐབས་བཟང་པོ་ཐོབ་ཡོད།

ཕྱི་ལོ་༢༠༡༧ ལོའི་ཟླ་བ་༡༠ ཚེས་ ༧ མི་རིགས་སྣ་མང་སྐད་ཡིག་སློབ་གྲྭའི་ཚོགས་ཆེན་ལ་བཅར་མཁན་བོད་པའི་སྐུ་ཚབ་དང་མངའ་སྡེའི་ མི་རིགས་སྣ་མང་རིག་གཞུང་བློན་ཆེན་ (Minister for Multiculturalism) སྐུ་ཞབས་ཧོང་རེའི་ལྦིའི་ལེམ་མཆོག་ (Hon Ray Williams MP) ལྷན་དུ་བསྒྲོན་པའི་སྐུ་པར།

—–དུམ་བུ་གཉིས་པ།—–

 

 

 

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།