མདུན་ངོས། སྤྱི་ཚོགས་གནད་དོན། ཨོ་སི་ཊོ་ལི་ཡ...

ཨོ་སི་ཊོ་ལི་ཡའི་ནང་བོད་ཀྱི་སྐད་ཡིག་སློབ་སྦྱོང་སྐོར་གླེང་བ། (དུམ་བུ་གསུམ་པ།)

༢༧༦༨༠༢
ཕྱི་ལོ་༢༠༡༦ ལོའི་ནང་རྒན་བསྟན་འཛིན་མཚོ་བྱུང་ལགས་ཀྱིས་སྔོན་འགྲོའི་སློབ་མར་བྱེད་སྒོའི་ལམ་ནས་བོད་ཡིག་སློབ་ཁྲིད་གནང་བཞིན་པའི་རྣམ་པ།

གསུམ༽  བོད་མི་དང་བོད་རིགས་མཐུན་ཚོགས།

ཨོ་སི་ཊོ་ལི་ཡའི་ནང་ཚོད་རྩིས་ཞུས་ན་ད་ལྟའི་ཆར་བོད་མི་ ༢༥༠༠ ལྷག་ཡོད་པའི་ཐོག་ལོ་རེ་བཞིན་མི་འབོར་མང་དུ་འགྲོ་བཞིན་ཡོད་། ཨོ་གླིང་ཕྱི་མི་གཞིས་སྡོད་ལས་ཁུངས་ཀྱི་མི་རིགས་མི་འདྲ་བའི་ལོ་རྒྱུས་དུས་དེབ་ནང་གསལ་ཡས་ལ་བོད་མི་ཐོག་མ་རྣམ་རྒྱལ་ཚེ་རིང་ལགས་ཕྱི་ལོ་ ༡༩༧༣ ལོར་གླིང་འདིར་བསླེབས་པ་ཨོ་གླིང་གཞུང་གིས་ངོས་ལེན་གནང་ཡོད།

ཕྱི་ལོ་ ༡༩༩༦ ལོའི་ཨོ་གླིང་ཕྱི་མི་གཞིས་སྡོད་ལས་ཁུངས་ཀྱི་བློན་ཆེན་སྐུ་ཞབས་ཕི་ལེབ་རོག་ཌ་ (Philip Ruddock, Minister for Immigration and Multicultural and Indigenous Affairs in office 11/03/1996 – 07/10/2003) སྐུ་པར་དྲ་རྒྱ་ལས་བླངས།

ཨོ་སི་ཊོ་ལི་ཡའི་༸གོང་ས་མཆོག་ཆིབས་བསྒྱུར་གོ་སྒྲིག་ཚོགས་ཆུང་གི་གཞུང་འབྲེལ་དྲ་རྒྱའི་ཐོག་གསལ་ཡས་ལ་ཕྱི་ལོ་ ༡༩༩༢ ལོར་༸གོང་ས་མཆོག་ཨོ་གླིང་དུ་གཟིགས་སྐོར་ཐེངས་གཉིས་པ་གནང་སྐབས་སྲིད་བློན་སྐུ་ཞབས་ཕོའི་ཁེའི་ཁྲེན་(Paul Keating) མཆོག་ལ་རེ་བསྐུལ་ཞུས་པ་ལྟར་བོད་ཀྱི་སྐུ་ཚབ་དོན་གཅོད་གསར་བཙུགས་གནང་ཐུབ་པ་དེ་ནི་ཨོ་གླིང་ནང་བོད་ཀྱི་ཆབ་སྲིད་རིག་གཞུང་འཛིན་སྐྱོང་བྱེད་སའི་ཁྱིམ་ཚང་གསར་བཙུགས་བྱས་པ་ལྟ་བའི་ཕན་རླབས་ཆེན་པོ་ཐོན་བྱུང་ཡོད།  ཨོ་གླིང་དོན་གཅོད་ཟུར་པ་སྐུ་ངོ་འཆི་མེད་རིན་འཛིན་མཆོག་གིས་མང་ཚོགས་འདུ་འཛོམས་སར་གསུངས་དོན་ལ་ཕྱི་ལོ་ ༡༩༩༦ ལོར་༸མགོན་པོ་མཆོག་གིས་སིཌ་ནི་གྲོང་ཁྱེར་དུ་དུས་འཁོར་དབང་ཆེན་གནང་བ་དང་།  སྐབས་དེ་དུས་ཀྱི་ཕྱི་མི་གཞིས་སྡོད་ལས་ཁུངས་ཀྱི་བློན་ཆེན་སྐུ་ཞབས་ཕི་ལེབ་རོག་ཌ་ (Philip Ruddock, Minister for Immigration and Multicultural and Indigenous Affairs in office 11/03/1996 – 07/10/2003) མཆོག་ལ་ངོ་མཇལ་སྐབས་བོད་མི་སྐྱབས་བཅོལ་ལེན་རྒྱུར་རེ་བསྐུལ་ཞུས་པ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཐུགས་འགན་གཙོ་བཞེས་སྒོ་ནས་བོད་མི་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་འབྲེལ་ཆགས་གཞུང་འབྲེལ་ཐོག་ནས་བོད་མི་སྐྱབས་བཅོལ་དུ་ལེན་རྒྱུ་འགོ་ཚུགས་པ་རེད།

ཕྱི་ལོ་༡༩༩༧ ལོའི་ཕྱི་ཟླ་ ༧ ཚེས་ ༢༤ ཉིན་ནས་བོད་མི་ཆབ་སྲིད་བཙོན་ཟུར་སྐྱབས་བཅོལ་དུ་ཐོག་མ་སིཌ་ནི་གྲོང་ཁྱེར་གྱི་གནམ་ཐང་ལ་འབྱོར་ཡོད་པ་དང་དེ་ནང་ཐུབ་བསྟན་རྒྱལ་མཚན་ལགས་དང་ཁོང་གི་བཟའ་ཟླ་བསྟན་འཛིན་སྒྲོལ་དཀར།  ཕྲན་རྭ་ལོ་དོན་ལྡན་བཅས་ཡོད་པ་དང་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཛ་སྤྲུལ་རིན་པོ་ཆེ་དང་ཚོགས་གཞོན་རྣམ་རྒྱལ་ཚེ་རིང་ལགས་གནམ་ཐང་ལ་སྣེ་ལེན་ཞུ་བར་ཕེབས། སྡོད་གནས་དང་ཡིག་ཆ་སོགས་ཀྱི་ཐད་མཐུན་ཚོགས་ཀྱིས་རྐང་འགན་བཞེས་ཐོག་ས་གནས་བོད་མི་རྣམས་ཀྱིས་རྒྱབ་སྐྱོར་དང་དགོས་ངེས་རོགས་རམ་ཆེན་པོ་གནང་བའི་གོམས་སྲོལ་ཡག་པོ་དེ་དུས་ནས་ད་ལྟ་བར་མ་ཉམས་པར་ཡོད་པ་རེད།

ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁེན་སྦ་རར་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཡོད་ཅིང་ད་ལྟའི་དོན་གཅོད་ནི་སྐུ་ངོ་མཚོ་སྒོ་ལྷག་པ་མཆོག་ཡིན། དེ་མིན་ད་ལྟ་ཨོ་སི་ཊོ་ལི་ཡའི་ཨོ་ཤི་ཡ་ནིའི་སྤྱི་འཐུས་གདོང་གདུས་སྐྱིད་འཛོམས་ལགས་དང་།   ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དངོས་གྲུབ་ཚེ་རིང་ལགས།  དེ་བཞིན་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་རྒྱུན་ལས་བཅས་དབུས་སའི་སྒྲིག་འཛུགས་གོ་རིམ་དང་ལྡན་པ་ཞིག་ཡོད།  དོན་གཅོད་ནི་དབུས་བོད་མིའི་སྒྲིག་འཛུགས་ནས་བསྐོ་བཞག་གནང་གི་ཡོད་པ་དང་།  གཞན་གྱི་དབུ་ཁྲིད་རྣམས་མང་ཚོགས་ཀྱིས་ཐད་ཀར་འདེམས་བསྐོ་གནང་གི་ཡོད་།

ལས་དོན་གལ་ཆེ་མང་ཆེ་བ་རྒྱལ་ཡོངས་ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་གྲོལ་མོལ་གནང་ནས་ཐག་གཅོད་གནང་གི་ཡོད།

བོད་མི་གནས་ཁུལ་ས་གནས་མང་ཆེ་བའི་ནང་ས་གནས་བོད་རིགས་མཐུན་ཚོགས་གསར་བཙུགས་གནང་ཡོད་པ་དང་ཚོགས་པའི་མ་དངུལ་གཙོ་བོའི་ཚོགས་མིའི་ཚོགས་དངུལ་དང་ཨོ་གླིང་གཞུང་གི་རོགས་རམ། དེ་བཞིན་མང་ཚོགས་ཀྱི་དཔལ་འབྱོར་འདུ་འགོད་ཀྱི་ལས་འགུལ་དང་མི་སྒེར་གྱི་ཞལ་འདེབས་བཅས་ཡིན།

ཨོ་གླིང་ནང་བོད་མིའི་སྒྲིག་འཛུགས་ཁོངས་སུ་ཡོད་པའི་བོད་མི་མང་ཆེ་བས་དབུས་བོད་མི་སྒྲིག་འཛུགས་ལ་བོད་མིའི་དང་བླངས་དཔྱ་ཁྲལ་ལོ་ལྟར་འབུལ་གྱི་ཡོད།

ད་ལྟའི་འཆར་ཨོ་གླིང་ནང་སིཌ་ནི་གྲོང་ཁྱེར་དང་མེལ་སྦོན་གཙོ་བོར་གྱུར་པའི་གྲོང་ཁྱེར་ཆེ་ཁག་དང་གྲོང་བརྡལ་ཁག་ནང་བོད་རིགས་མཐུན་ཚོགས་དགུ་ཙམ་ཡོད་པ་དེ་དག་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་འོག་མཉམ་གནས་ཀྱི་སྒོ་ནས་བོད་མིའི་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ལས་འགུལ་འདྲ་མིན་མང་པོ་སྤེལ་བཞིན་ཡོད་པ་ལས་རེས་གཟའ་སྤེན་པའམ་ཉི་མའི་ཉིན་ས་གནས་སོ་སོའི་ཁོངས་གཏོགས་བོད་ཡིག་སློབ་གྲྭ་ཁག་ལ་བོད་ཀྱི་སྐད་ཡིག་གཙོ་བོར་གྱུར་པའི་བོད་མིའི་ལེགས་བྱང་སློབ་ཁྲིད་གནང་གི་ཡོད། དེ་དག་ནང་ནས་མེལ་སྦོན་བོད་རིགས་མཐུན་ཚོགས་ནི་ཕྱི་ལོ་༡༩༨༥ ལོའི་ནང་གསར་བཙུགས་ཞུས་པས་བཙུགས་སྔ་ཤོས་དང་། བོད་མིའི་མི་འབོར་མང་ཤོས་ནི་སིཌ་ནི་གྲོང་ཁྱེར་ལ་ཡོད་ཅིང་དེའི་བོད་རིགས་མཐུན་ཚོགས་ནི་ཕྱི་ལོ་ ༡༩༩༢ ལོར་གསར་བཙུགས་ཞུས་ཡོད།

ཨོ་གླིང་ནང་གནས་འཁོད་བོད་མི་མང་ཆེ་བ་ཆབ་སྲིད་བཙོན་ཟུར་དང་། འབྲེལ་ཆགས། འབྲེལ་ཡོད་ཡིན་པས་བོད་མི་མང་ཆེ་བའི་ཡོང་ཁུངས་བོད་རང་ནས་ཡིན། དེར་བརྟེན་བོད་མི་མང་ཆེ་བ་བོད་སྐད་ཀྱི་རྨང་གཞི་ཧ་ཅང་ཡག་པོ་ཡོད་པ་དང་།  དེའི་ནང་བཙན་བྱོལ་སྤྱི་ཚོགས་ནང་ཡོངས་གྲགས་ཀྱི་རྩོམ་པ་པོ་དང་།  དགེ་བཤེས།  དགེ་རྒན།  སྨན་པ།  བཟོ་རིགས་ལ་མཁས་པ་མང་པོ་ཡོད་ལ། ཁོང་ཚོའི་ཆབ་སྲིད་ཀྱི་གོ་རྟོགས་ཡག་པོ་ཡོད།  འོན་ཏང་མཐུན་ཚོགས་དང་འབྲེལ་ཡོད་དབུ་ཁྲིད་ངོས་ནས་བོད་རིགས་ཤེས་ཡོན་ཅན་ལ་དམིགས་བསལ་ཆེ་མཐོང་དང་ཁོང་ཚོའི་རྒྱུད་ཀྱི་ཡོན་ཏན་ཡུལ་འདིའི་ནང་མུ་མཐུད་གནས་ཐབས་ཐོག་ཁོང་ཚོར་ཆེ་མཐོང་དང་། གོ་སྐབས། ཁོར་ཡུག་བསྐྲུན་རྒྱུ་དེ་ནི་ཨོ་གླིང་ནང་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཀྱི་ཐབས་ལམ་ཉག་ཅིག་ཡིན་སྟབས་འབྲེལ་ཡོད་ཚོས་ངེས་པར་དུ་ཐུགས་སྣང་གནང་དགོས་ངེས་སུ་མཐོང་།

དེ་བཞིན་བོད་ཀྱི་ཆོས་བརྒྱུད་མི་འདྲ་བའི་རིག་གཞུང་བསྟི་གནས་ཆོས་ཚོགས་ཁག་མང་པོ་ཡོད་པ་དང་དེ་དག་གི་ཚོགས་མི་དང་སློབ་གཉེར་བ་མང་ཆེ་བ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་རྒྱུན་དུ་སྒེར་ངོས་ནས་བོད་མིའི་སྤྱི་ཚོགས་ལ་རོགས་རམ་གནང་མཁན་རེད།

ཨོ་གླིང་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་པོ་ཡོད་པའི་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་།  ཨོ་གླིང་བོད་དོན་ལྷན་ཁང་།  ཨོ་གླིང་བོད་ཀྱི་ཚོགས་པ།  ཨོ་གླིང་བོད་ཀྱི་གྲོགས་པོ་ཚོགས་པ་བཅས་ཆབ་སྲིད་ཐོག་རྒྱབ་སྐྱོར་དང་དཔལ་འབྱོར་ཐོག་བོད་དང་རྒྱ་གར་གཙོ་བོར་འགྱུར་བའི་བོད་མིའི་སྤྱི་ཚོགས་ལ་རོགས་རམ་གནང་གི་ཡོད།

 

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།