མདུན་ངོས། སྤྱི་ཚོགས་གནད་དོན། ཨོ་སི་ཊོ་ལི་ཡ...

ཨོ་སི་ཊོ་ལི་ཡའི་ནང་བོད་ཀྱི་སྐད་ཡིག་སློབ་སྦྱོང་སྐོར་གླེང་བ། (དུམ་བུ་ལྔ་པ།)

༢༧༤༢༡༧
སིཌ་ནི་གྲོང་ཁྱེར།

ལྔ་པ༽ ཕུགས་འདུན་མངོན་འགྱུར།

གོང་དུ་ཨོ་གླིང་ཡུལ་གྱི་ཆགས་སྟངས་དང་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭའི་སྐོར་དེ་བཞིན་ཨོ་གླིང་བོད་མི་ངོ་སྤྲོད་དང་དེའི་འཛིན་སྐྱོང་འོག་ཡོད་པའི་སློབ་གྲྭའི་གནས་སྟངས་ངོ་སྤྲོད་ཞུས་ཟིན་པ་ཡིན།  ང་ཚོ་རྒྱུན་དུ་བོད་དང་བོད་ཀྱི་རིག་གཞུང་ལ་ཞེན་པ་དཀར་བའི་མི་རྣམས་གང་དུ་འཛོམས་ཡང་ང་ཚོར་ཕུགས་འདུན་གཅིག་ཡོད་པ་ནི་ཨོ་གླིང་ནང་གི་བོད་རིགས་མཐུན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སློབ་གྲྭ་ཁག་སློབ་དེབ་གཅིག་དང་སློབ་གཞི་གཅིག་གི་ཐོག་ཉམས་མྱོང་སྤེལ་རེས་དང་བསླབ་བྱ་ལེན་རེས་བྱས་ནས་བོད་སྐད་ཡིག་གི་སློབ་ཁྲིད་ཀྱི་དམིགས་ཡུལ་གཅིག་དང་ཁ་ཕྱོགས་གཅིག་དང་ཐབས་ལམ་སྣ་ཚོགས་ཀྱི་སྒོ་སྐྱོད་ཐུབ་པ་བྱུང་ན་བོད་མི་རིགས་རྩ་དོན་ལ་ཕན་རླབས་ཆེན་པོ་ཡོང་ངེས་རེད་སེམས།  ས་གནས་སློབ་གྲྭ་ཁག་གི་ཐབས་ལམ་དང་ཉམས་མྱོང་གསར་པ་མངའ་སྡེ་གཞན་དང་མདོར་ནང་རྒྱལ་ཡོངས་ན་དགོངས་ཚུལ་བརྗེད་ལེན་བྱེད་ཐུབ་པ་དང་དེ་ནས་བོད་ཀྱི་སྐད་ཡིག་སློབ་ཁྲིད་རྒྱལ་སྤྱིའི་རང་བཞིན་གྱི་བགྲོ་གླེང་དང་ཉམས་མྱོང་སྤེལ་རེས་ཀྱི་རིམ་པ་བརྒྱུད་དགོས།   ལྷག་པར་ཨ་རི་དང་ཁེ་ན་ཌ་ཡོ་རོབ་བཅས་ཀྱི་ནང་ཡོད་པའི་གཟའ་འཇུག་སློབ་གྲྭའི་དགེ་རྒན་རྣམས་དུས་གཅིག་ཏུ་འཛོམས་ནས་ཡར་ཐོན་རྒྱལ་ཁབ་ནང་གི་བོད་ཕྲུག་ཚོའི་བོད་སྐད་ཡིག་སློབ་ཁྲིད་ཆ་རྐྱེན་བཟང་དུ་གཏོང་རྒྱུ་དང་སྐད་ཡིག་གཅིག་སྒྱུར་དང་སློབ་ཁྲིད་ཐབས་ལམ་གསར་པ་ངོ་སྤྲོད་བཅས་བགྲོ་གླེང་དང་ཉམས་མྱོང་སྤེལ་རེད་གནང་ཐུབ་ན་བོད་ནང་དུ་ཡང་སེམས་ཤུགས་གསར་པ་ཞིག་དང་རིག་པ་གསར་པ་ཞིག་འདྲེན་ཐུབ་ངེས་རེད།

མི་རིགས་གཞན་གྱིས་ལག་ལེན་དེ་ལྟར་གནང་ཡོད་པས་ང་ཚོས་དེ་དག་གིས་ཆོས་དང་རིག་གཞུང་སྲུང་སྐྱོབ་དར་སྤེལ་གཏོང་སྟངས་ནས་མིག་དཔེ་བླངས་ནས་བོད་ཀྱི་སྐད་ཡིག་སློབ་ཁྲིད་དེང་རབས་ཀྱི་ཐབས་ལམ་དང་རྣམ་དཔྱོད་བེད་སྤྱོད་གནང་ནས་ང་ཚོའི་རིག་གཞུང་གི་ནུས་སྟོབས་ཆེ་རུ་གཏོང་བ་དང་།  རྒྱ་ཁྱོན་དང་ཐབས་ལམ་ཟབ་ཏུ་གཏོང་དགོས།

ང་ཚོས་མི་རིགས་གཞན་དང་གཅིག་མཚུངས་དམའ་འབྲིང་སློབ་གྲྭའི་མི་རིགས་སྐད་ཡིག་སློབ་ཚན་ནང་བདུན་ཕྲག་གཅིག་ལ་ཐེངས་གཉིས་སློབ་ཁྲིད་གནང་གི་ཡོད་པའི་སློབ་གཞི་དང་དགེ་རྒན་ངོས་ལེན་ཡོང་བར་འབད་བརྩོན་གནང་ནས་ང་ཚོའི་བོད་ཕྲུག་ཚོས་རང་གི་སྐད་ཡིག་ཨོ་གླིང་དམའ་འབྲིང་སློབ་གྲྭའི་ནང་སློབ་སྦྱོང་གནང་ཐུབ་པ་དང་།  མི་རིགས་གཞན་གྱི་སློབ་མ་བོད་ཀྱི་སྐད་ཡིག་སློབ་གཉེར་གནང་འདུན་ཡོད་པ་རྣམས་ཀྱི་དགོས་མཁོ་བསྐང་ཐུབ་པ།  དེའི་སྦྱངས་འབྲས་འཛིན་རིམ་བཅུ་གཉིས་ཀྱི་བརྒྱ་ཆའི་ནང་འཁྱེར་ཐུབ་པར་བྱ་རྒྱུའི་གོ་སྐབས་ཡོད།  སློབ་ཁྲིད་ཀྱི་རྒྱུ་ཆ་གསར་བསྐྲུན་དང་དེ་དག་ས་གནས་དཔེ་མཛོད་ཁག་ནང་མི་རིགས་གཞན་གྱིས་སྐད་ཡིག་གི་སྡེ་ཚན་ཡོད་པ་བཞིན་དཔེ་མཛོད་འཛིན་སྐྱོང་ལ་འབྲེལ་བ་ཞུས་ནས་བོད་དབྱིན་ཤན་སྦྱར་གྱི་བྱིས་སྒྲུང་དང་བོད་ཡིག་དཔེ་དེབ། དེ་བཞིན་བརྙན་འཕྲིན་བཅས་ཀྱི་བོད་ཀྱི་སྐད་ཡིག་སྡེ་ཚན་ཟུར་བཙུགས་གནང་རྒྱུའི་ཐོབ་ཐང་དང་གོ་སྐབས་ཡོད་པ་དམ་འཛིན་གནང་དགོས།

ཨོ་གླིང་མི་རིགས་སྐད་ཡིག་སློབ་གྲྭའི་སྲིད་ཇུས་དེའི་འོག་སྤྱི་ཚོགས་དང་མི་སྒེར་ངོས་ནས་རང་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་དང་བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཁྱབ་སྤེལ་གཏོང་རྒྱུའི་གོ་སྐབས་ནི་ཧ་ཅང་ཡག་པོ་ཡོད།   ཁྱིམ་ཚང་གི་བོད་སྐད་བེད་སྤྱོད་བྱེད་དགོས་པ་སྨོ་མི་དགོས་ཁར་རང་གི་ཕྲུ་གུ་རེས་གཟའ་སྤེན་པའི་བོད་ཡིག་སློབ་གྲྭར་རྒྱུན་མཐུད་གཏོང་བ། ཕ་མ་ཚོས་སློབ་གྲྭའི་ནང་སྦྱོང་དང་བྱེད་སྒོ་ཁག་ལ་མཉམ་ཞུགས། ཕྲུ་གུར་བོད་ཡིག་སློབ་སྦྱོང་བྱ་རྒྱུར་སྐུལ་འདེད་དང་ཕྲུ་གུས་སྐད་ཡིག་སློབ་སྦྱོང་འདི་གལ་ཆེན་པོ་ཡིན་པ་ངོས་འཛིན་ཐུབ་པ་བྱེད་དགོས།  རང་ཉིད་དགེ་རྒན་དང་བོད་ཡིག་གི་ཤེས་ཚད་ཡག་པོ་ལྡན་པ་ཡིན་ན་དང་བླངས་དགེ་རྒན་དཔུང་ཁག་དང་འཛིན་སྐྱོང་སྡེ་ཚན་ནང་བཞུགས་ནས་དགོས་ངེས་ཀྱི་སྦྱོང་བརྡར་ཁག་ནང་ཆ་ཤས་ལེན་པ་དང་།  མི་རིགས་སྣ་མང་སྐད་ཡིག་སློབ་གྲྭའི་ཤེས་ཡོན་སྲིད་ཇུས་ཁག་ལ་ཐུགས་སྣང་གནང་ནས་བོད་ཀྱི་སྐད་ཡིག་ཨོ་གླིང་གི་ཡུལ་གྲུ་འདིའི་སློབ་གྲྭའི་ནང་སློབ་གཉེར་ཚད་ལྡན་ཡོང་བར་ལེགས་སྐྱེས་འབུལ་ཐུབ།

མི་རིགས་སྣ་མང་སྐད་ཡིག་སློབ་གྲྭའི་སྲིད་ཇུས་དེ་ད་ལྟ་ང་ཚོས་ལག་ལེན་ག་ཚོད་ཙམ་གནང་ཐུབ་ཀྱི་ཡོད་དམ་མེད་ཅེས་པའི་དྲི་བ་འདི་ང་ཚོས་ང་ཚོར་ག་དུས་ཡིནའང་འདྲི་དགོས་ངེས་རེད། འབྱུང་འགྱུར་དྲི་བ་དེ་དག་ལ་ང་ཚོས་ལན་འདེབས་ཆ་ཚང་བ་ཞིག་རྒྱག་ཐུབ་ན་ང་ཚོ་ཐུན་མོང་གི་ཕུགས་འདུན་མངོན་འགྱུར་ཡོང་ངེས་རེད།

ཨོ་གླིང་གི་མི་རིགས་མི་འདྲ་བའི་སྲིད་ཇུས་ནང་མི་རིགས་སུ་ཡིན་རུང་དང་ཐོག་རང་ཉིད་ཀྱི་མི་རིགས་ནང་མཉམ་གནས་ཐོག་མཐུན་ཚོགས་གསར་བཙུགས་སྒོ་ནས་རང་གི་རིག་གཞུང་སྲུང་སྐྱོབ་དང་།  ནང་ཁུལ་མཐུན་ལམ་སྒོ་ནས་ལྟ་སྐྱོང་བྱེད་བཞིན་རྒྱལ་ཁབ་འདིའི་ནང་གཞིས་ཡག་པོ་ཆགས་རྗེས་གཞུང་གི་སྡེ་ཁག་དང་མི་རིགས་གཞན་གྱི་ཚོགས་པ་ཁག་དང་ཕན་ཚུན་རིག་གཞུང་གི་གོ་རྟོགས་སྤེལ་རེས་དང་།  འཚོ་བའི་ཉམས་མྱོང་བརྗེ་རེས་བཅས་བྱས་ནས་མཐུན་མོང་གིས་ཨོ་གླིང་རྒྱལ་ཁབ་འདི་ཕུན་སུམ་ཚོགས་པའི་རིག་གཞུང་སྣ་མང་ལྡན་པའི་རྒྱལ་ཁབ་གཅིག་འཛུགས་སྐྲུན་བྱེད་དགོས་པ་སྤྱི་ཚོགས་འཛིན་སྐྱོང་གི་ཡིག་ཆ་ཁག་ནང་ཁ་གསལ་བཀོད་ཡོད།

མདོར་ན་བོད་སྐད་ཡིག་ལ་རྒྱ་ནག་གཞུང་གིས་བོད་ནང་འཆར་གཞི་དང་ལྡན་པའི་རྩ་མེད་གཏོང་གི་ཡོད་ཀྱང་ཨོ་གླིང་ནང་མི་རིགས་རིག་གཞུང་དང་མི་རིགས་སྐད་ཡིག་སྲིད་ཇུས་དང་གོ་སྐབས་ཡོད་པའི་སྐབས་འདིར། བོད་མི་ལར་ཞེན་ཅན་ཚོས་འབད་བརྩོན་གནང་ན། བོད་ཀྱི་སྐད་ཡིག་འདི་ཉིད་ཨོ་གླིང་ནང་མི་རབས་ནས་མི་རབས་གསོན་པོར་གསོན་གནས་ཐུབ་པ་དང་། ཨོ་གླིང་ནང་འཚར་ལོང་ཡོང་བཞིན་པའི་བོད་ཕྲུག་གཙོ་བོར་གྱུར་བོའི་བོད་སྐད་ཡིག་སློབ་འདོད་ཡོད་ཚོར་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཁོར་ཡུག་གསར་བསྐྲུན་ཐུབ་པ་དང་ཨོ་གླིང་མི་མང་གཙོ་བྱས་པའི་འཛམ་གླིང་མི་མང་རྣམས་བོད་ཀྱི་སྐད་ཡིག་རིག་གཞུང་ལ་ལོངས་སྤྱོད་ཐུབ་པ་དང་དེས་འཛམ་གླིང་ཞི་བདེར་སྨན་པར་ལེགས་སྐྱེས་རླབས་ཆེན་འབུལ་ཐུབ་པར་ངེས་སོ།། །།

 


རྩོམ་ཡིག་འདིའི་དཔྱད་གཞིའི་དྲ་རྒྱའི་ཁ་བྱང་།
  • http://www.dec.nsw.gov.au
  • http://educationstandards.nsw.edu.au
  • http://www.clnsw.org.au
  • http://www.communitylanguagesaustralia.org.au

 

 

རྩོམ་སྔ་མ།ཕྱེ་མར་དང་སྡེར་ཁ།
རྩོམ་རྗེས་མ།ཆིབས་བསྒྱུར།
རྭ་ལོ་དོན་ལྡན།
(སྔོན་མིང་ལ་བློ་བཟང་ལུང་རྟོགས།) བོད་དབུས་འཕན་ཡུལ་དུ་སྐྱེས། བོད་དང་རྒྱ་གར་དུ་སློབ་སྦྱོང་བྱས། ས་རྭ་མཐོ་སློབ་ཀྱི་དགེ་ཆེ་དང་། སིད་ཎི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ། དང་བླངས་བོད་དགེ ཨ་རིའི་བོད་སྐད་རླུང་འཕྲིན་ཁང་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཅས་བྱེད་མྱོང་། ད་ལྟ་སིད་ཎི་གཟའ་མཇུག་སློབ་གྲྭའི་དགེ་ཆེ་དང་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་གཙོའི་འགན་ཁུར་ཞོར་སིད་ཎི་གཙུག་ལག་སློབ་གྲྭར་དེང་དུས་སྐད་ཡིག་སློབ་ཁྲིད་ཀྱི་ཤེས་ཡོན་སྲིད་ཇུས་དང་ཐབས་ལམ་སྐོར་ལ་(diploma)ཆེད་སྦྱོང་བྱེད་བཞིན་ཡོད།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།