མདུན་ངོས། ལོ་རྒྱུས། ཝཱ་ཎ་དབུས་བོད...

ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་བྱུང་རབས་མདོར་བསྡུས། (དུམ་བུ་གསུམ་པ།)

༡༦༦༣
ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དཔེ་མཛོད་ཁང་།

༧གོང་ས་མཆོག་གི་ཆེས་ཐོག་མའི་དགོངས་གཞི།

༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་ཀྱི་རྩ་དོན་ཆེ་ཁག་ལ་བཅིངས་པའི་དགོངས་གཞི་དང་བྱེ་བྲག་ཏུ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་འདི་ཉིད་ལ་བཅིངས་པའི་དགོངས་པ་གཉིས་ལོགས་སུ་ཅི་ཡང་མི་མཐུན་པར་བརྗོད་རྒྱུ་གཏན་ནས་མེད་ཅིང་། ཡང་སྒོས་སུ་ཝཱ་ཎ་མཐོ་སློབ་ལ་བཅངས་པའི་དགོངས་པ་དེ་ནི་གོང་དུ་བརྗོད་ཟིན་པའི་ཉག་ཕྲ་བའི་ལོ་ནག་དེར་བོད་མི་རིགས་ཤིག་གི་རིག་གཞུང་དེ་འཆི་གསོན་གྱི་དཀྱོགས་མཚམས་སུ་གྱུར་པས་མྱུར་དུ་སྐྱོབ་དགོས་པ་དང་། དེ་བཞིན་མི་རིགས་ཤིག་གི་རྣམ་པ་ཆུ་བོའི་རྒྱུན་བཞིན་གནས་ཐབས། སྔར་ཡོད་ཀྱི་སྲིད་དོན་ལམ་ལུགས་དང་། སྲོལ་རྒྱུན་ཀྱི་ཤེས་ཡོན་ལམ་ལུགས་སོགས་ལ་དཔྱད་པ་མཛད་དེ། རྣམ་དཔྱོད་ལྡན་པའི་སྒོ་ནས་ནང་དོན་རིག་པའི་གཞི་རྩར་གྱུར་པའི་གནའ་དེང་གི་ཤེས་རིག་ཟུང་དུ་འབྲེལ་བའི་སྒོ་ནས་ན་གཞོན་རྣམས་ལ་སློབ་གཉེར་བྱེད་སའི་སྒོ་མོ་ཕྱེས་གནང་ཞིང་། གནད་དོན་འདི་ནི་བོད་དུ་གནས་པའི་བོད་མི་རྣམས་དང་ཕ་ས་དང་བྲལ་ཞིང་རང་ཡུལ་མེད་པའི་བོད་མི་ཚང་མས་བློ་ངོར་ངེས་དགོས་པའི་རྩ་དོན་ཞིག་ཡིན། ༧མགོན་པོ་གང་ཉིད་ཀྱི་འཁྲུལ་བ་མེད་པའི་དགོངས་པ་གང་ཡིན་པ་དེ་ཤེས་པར་བྱས་ཏེ་དེའི་རྗེས་སུ་འཇུག་ཅི་ཐུབ་བྱེད་དགོས་པ་ལས་རི་བོང་ཅལ་འདྲོགས་ཀྱི་གཏམ་རྒྱུད་དང་བླུན་པོ་ཆུ་སྣ་གར་འཁྲིད་ཀྱི་གཏམ་དཔེ་བཞིན་མ་ཡིན་པར་འཕྲལ་ཕུགས་ཀྱི་བཀའ་དགོངས་དག་ལ་ངེས་པར་དུ་སློབ་སྦྱོང་དང་དོ་སྣང་གསར་པ་ཞིག་བྱེད་དགོས་པའི་དུས་ཚོད་གཉེན་འཕྲང་ཅན་ལ་བསླེབས་ཡོད།

སྔར་དབྱིན་ཇི་སྲིད་གཞུང་གིས་རྒྱ་གར་བཙན་བཟུང་བྱས་པ་ལ་སོགས་པའི་འཛམ་གླིང་འདིའི་ལོ་རྒྱུས་ཀྱི་ཁྲོད་དུ་རྒྱལ་ཁབ་ཕན་ཚུན་བཙན་བཟུང་བྱས་པའི་བྱུང་རབས་ཇི་སྙེད་ཅིག་ཡོད། དབྱིན་ཇིས་རྒྱ་གར་བཙན་བཟུང་བྱས་པ་དང་རྒྱ་མིས་བོད་ལ་བཙན་བཟུང་བྱས་པ་གཉིས་མཚུངས་ཀྱང་། གཞི་རྩའི་བཙན་འཛུལ་བྱས་པའི་ལྟ་གྲུབ་ནི་མི་འདྲ་བར་མཐོང་། རྒྱ་དམར་སྲིད་གཞུང་གིས་བོད་བཙན་བཟུང་བྱས་པ་དེ་ནི་ཕྱིའི་དཔལ་འབྱོར་འབའ་ཞིག་གི་དམིགས་འབེན་ཁོ་ན་མ་ཡིན་པར་བོད་མིའི་ཟུངས་ཁྲག་ནས་བརྒྱུད་པའི་རང་མི་རིགས་ཀྱི་བླ་སྲོག་ལྟ་བུའི་ཆོས་དང་རིག་གཞུང་འདི་ཉིད་རྩ་མེད་དུ་བཟོ་བ་དང་ཆབས་ཅིག་ཏུ་དམར་ཤོག་གི་ལྟ་གྲུབ་སྤེལ་ཏེ་རྒྱ་མི་རིགས་མཉམ་དུ་བསྲེས་ནས་མཐོ་སྒང་དུ་གནས་པའི་གངས་ཅན་པའི་མི་རིགས་འདིའི་ངོ་བོ་ཙམ་ཡང་མེད་པར་བཟོ་རྒྱུའི་འཆར་གཞི་ངེས་ཅན་ཞིག་བཟུང་ཡོད་པ་ནི་ད་བར་རྒྱ་དམར་སྲིད་གཞུང་གིས་བོད་དུ་མངོན་པར་གསལ་བའི་སྲིད་བྱུས་དང་མངོན་པར་མ་གསལ་བའི་སྲིད་བྱུས་རེ་རེ་ལས་རྟོགས་ཐུབ། ཁོང་ཚོའི་རེ་ངན་འཆར་གཞི་ལྟར་བསྐྱོད་ཐུབ་ཕྱིར། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སོགས་ལ་དགའ་ཞེན་བྱས་ཏེ་གཡོ་མེད་ཀྱིས་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་བྱེད་མཁན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ལ་སོགས་པའི་རྒྱལ་ཞེན་ལྡན་པའི་བོད་མི་རྣམས་སྡུག་ལ་སྦྱར་ཞིང་། སྨྲ་བརྗོད་རང་དབང་དང་། ཆོས་དད་རང་དབང་། མི་རིགས་རང་གི་རིག་གཞུང་བདག་འཛིན་བྱེད་ཆོག་པའི་རང་དབང་སོགས། མདོར་ན་འཇིག་རྟེན་ཀུན་ཁྱབ་ཀྱི་རང་དབང་མི་སྤྲོད་པར་ལྷིང་འཇགས་མེད་པའི་ཁོར་ཡུག་ཞིག་བསྐྲུན་དང་སྐྲུན་བཞིན་ཡོད། ཕྱི་ཕྱོགས་སུ་སྙན་པའི་འབོད་ཚིག་ཇི་ཙམ་སྒྲོག་ཀྱང་དོན་དངོས་ནི་ཁོ་ཚོས་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་ཏུ་གཏོང་བཞིན་ཡོད།

མི་རིགས་ཤིག་གི་ངོ་བོ་འཛིན་པའི་ཆོས་དང་རིག་གཞུང་གི་རྣམ་པ་ཤུལ་མེད་བཟོ་བཞིན་པ་འདི་ནི་བོད་གངས་ཅན་པའི་མི་རིགས་རྩ་མེད་གཏོང་བཞིན་པ་དང་མཚུངས། སྤྱིར་བྱམས་དང་སྙིང་རྗེའི་གཞི་རྩར་གྲུབ་པའི་ལེགས་བྱང་འདི་ནི་བོད་མི་ཙམ་མ་ཟད་དེང་དུས་ཀྱི་སྤྱི་ཚོགས་སུ་དགོས་མཁོ་ཅན་གྱི་རིག་གཞུང་ཞིག་ཡིན། ཛ་དྲག་ཆེ་བའི་གོང་གི་གནད་དོན་རྣམས་གཞི་རྩར་བཟུང་སྟེ་༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག་བཙན་བྱོལ་དུ་ཕེབས་པའི་དུས་དེ་ནས་བཟུང་བོད་མི་ཚོ་ལ། “རེ་བ་བཟང་ས་ནས་རྒྱག་དགོས། གྲ་སྒྲིག་སྡུག་ས་ནས་བྱ་དགོས།” ཞེས་ཡང་ཡང་གསུང་བཞིན་པ་དང་། ཁོང་གིས་འདས་ཟིན་པའི་བོད་མི་རིགས་ཀྱི་ཕམ་ཁ་ལ་བསམ་ཞིབ་ནན་པོ་བྱས་ཏེ་ཡུལ་གྱར་བའི་ལོ་ཟླའི་ཁྲོད་ནས་བཟུང་སྟེ་ཁང་པ་རྫིག་པོ་དང་། དགོན་སྡེ་ཁག་རྫིག་པོ། ཡང་ན་མཆོད་རྟེན་སྣ་ཚོགས་སོགས་གསར་རྒྱག་བྱེད་རྒྱུའི་ལས་གཞི་ཐད་ལ་གཙོ་འདོན་མ་མཛད་པར་གནའ་དེང་ཟུང་དུ་འབྲེལ་བའི་ཤེས་རིག་གི་རྩ་དོན་ལ་ཐུགས་དགོངས་རྒྱ་ཆེར་བཞེས་ཡོད་དེ། ཕྱི་ལོ་༡༩༦༠ལོ་ནས་ཁོང་གི་དགོངས་པ་བཞིན་ཆོས་དོན་བཀའ་བློན་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་ལགས་ཀྱིས་ཐུགས་འགན་གཙོ་བོར་བཞེས་ཏེ་གཏན་འཇགས་སློབ་གྲྭ་གསར་འཛུགས་མཛད་ཡོད་དེ། དཔེར་ན། ཀ་ལོན་སྦུག རྡར་རྗེ་གླིང་། ཊལ་ཧོར་སི། མོན་གྲི་ཨ་པུ། པ་ཇི་མ་རི་ལ་སོགས་ལྟ་བུ་ཡིན། བོད་ནས་ཕེབས་པའི་ཆོས་ལུགས་རིས་མེད་ཀྱི་དགེ་འདུན་པ་རྣམས་ལ་ཡང་སློབ་གཉེར་གནང་ཡུལ་གྱི་ཆོས་སྒར་དགོས་གལ་ཆེ་ཚུལ་རྒྱ་གར་གཞུང་ལ་སྙན་སེང་ཞུས་ནས། སྦག་ས་རུ་ཆོས་སྒར་ཐོག་མར་དབུ་བཙུགས་ཏེ།(སྦག་ས་ཞེས་པ་དེ་ནི་རྒྱ་གར་དང་འབྲུག་གི་ས་མཚམས་སུ་གནས་ཡོད་ཅིང་། སྔར་དབྱིན་ཇིའི་དམག་སྒར་ཡིན། རྒྱ་གར་རང་བཙན་ཐོབ་རྗེས་ཁང་སྟོང་དེ་ཚོའི་ནང་དུ་བོད་མི་སྐྱབས་བཅོལ་པའི་དགེ་འདུན་པས་བསླབ་པ་སློབ་གཉེར་བྱེད་ཡུལ་དུ་གྱུར།) བསླབ་པ་སློབ་གཉེར་གནང་བའི་གོ་སྐབས་ཕུལ། དེ་ནས་རིམ་པས་འཁོར་ཡུག་དང་དགེ་འདུན་པ་དག་གི་འཚོ་བའི་གནས་སྟངས་སོགས་ལ་ཕུགས་ཀྱི་དགོངས་པ་བཞེས་ཏེ་རྒྱ་གར་དབུས་གཞུང་གི་རོགས་རམ་ལ་བརྟེན་ནས་ཕྱིས་སུ་རིམ་པས་རྒྱ་གར་ལྷོ་ཕྱོགས་སུ་གནས་སྤོས་བྱས། གཞན་ཡང་རྒྱ་གར་ཡུལ་མིའི་ཁྲོད་དུ་བོད་ཀྱི་ཆོས་དང་རིག་གཞུང་གི་ངོ་བོ་མི་བརླག་བའི་སླད་དུ་བོད་མི་རྣམས་ལྷན་གཅིག་ཏུ་རྒྱ་གར་གྱི་གནམ་གཤིས་གྲང་སའི་ས་གནས་ཁག་ལ་གཞིས་ཆགས་སུ་བཀོད་སྒྲིག་མཛད། ལས་གཞི་འདི་ནི་དམར་པོའི་སྲིད་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་བའི་འཆར་གཞི་ངེས་ཅན་ལ་ལྡོག་ཏུ་མེད་པའི་གཉེན་པོ་ཞིག་ཅི་ལ་མིན།

རིམ་པས་ཕྱི་ལོ་༡༩༦༤ལོ་ནས་༧གོང་ས་མཆོག་གཙོས་པའི་བཙན་བྱོལ་བོད་མིའི་ཤེས་རིག་བཀའ་བློན་ཐོག་མ་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་སོགས་ཀྱིས་གནའ་དེང་ཟུང་དུ་འབྲེལ་བའི་ཆེས་མཐོའི་སློབ་གཉེར་ཁང་ཞིག་དགོས་མཁོ་ངེས་ཅན་དུ་གཟིགས་ཏེ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་གནང་ནས་རྒྱ་གར་དབུས་གཞུང་ལ་རེ་འདུན་ཤུགས་དྲག་ཞུས་འབྲས་སུ། རིམ་པས་དབུས་བོད་ཀྱི་མཐོ་སློབ་འདི་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་གི་མངའ་འོག་ཏུ་སྡེ་ཚན་ལྟ་བུའི་ཚུལ་བྱས་ནས་དབུ་འཛུགས་ཐུབ་ཙམ་བྱུང་། སྐབས་དེར་བོད་ཀྱི་ཆོས་སྲིད་སོགས་གནས་སྟངས་གང་གི་ཐད་ནས་མྱུར་སྐྱོབ་བྱེད་དགོས་པའི་གནས་བབ་ཞིག་ལ་ཐུག་ཡོད།

མདོར་ན་༧གོང་ས་མཆོག་གིས་ཝཱ་ཎ་མཐོ་སློབ་འདི་ལ་བཅངས་པའི་དགོངས་གཞི་ནི། བོད་ཀྱི་རིག་གཞུང་རྒྱུན་འཛིན་དང་ཉམས་པ་སླར་གསོ། མི་ཉམས་ཁྱབ་སྤེལ་བྱ་རྒྱུ་དང་། དེ་བཞིན་དུ་རྒྱ་གར་གྱི་གནའ་བོའི་གཞུང་ལུགས་ལེགས་སྦྱར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་བའི་རྒྱ་དཔེ་རྩ་བརླག་ཏུ་ཕྱིན་པ་རྣམས་བོད་སྐད་ནས་ལེགས་སྦྱར་དུ་བསྐྱར་གསོ་བྱ་རྒྱུ། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་རྒྱ་གར་བའི་སློབ་གཉེར་བ་ཚོ་སྔོན་དུས་བོད་དུ་སློབ་གཉེར་བྱེད་དུ་འགྲོ་སྲོལ་ཡོད་པ་རྣམས་ལ་དེ་དང་མཚུངས་པའི་སློབ་གཉེར་གྱི་གོ་སྐབས་སྤྲོད་རྒྱུ། བོད་ཀྱི་ཆོས་སྡེ་ཆེན་པོ་ཁག་ཏུ་སྔོན་སྲོལ་སློབ་གཉེར་གནང་ལམ་དེ་དག་དེང་རབས་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལམ་སྲོལ་ནང་དུ་ཚུད་པ་བྱ་རྒྱུ། དེ་བཞིན་དུ་རིམ་པས་མགོན་པོ་གང་ཉིད་ཀྱི་དགོངས་བཞེད་གཙོ་བོ་གཞན་གཉིས་ནི། སྔར་བོད་དུ་ནང་པ་སངས་རྒྱས་པའི་གཞུང་ལུགས་ལ་བསླབ་པ་སློབ་གཉེར་བྱེད་རྒྱུ་དེ་ཉིད་སེར་མོ་བའམ་གྲྭ་པ་རྐྱང་པའི་སློབ་གཉེར་བྱེད་དགོས་པའི་ལུགས་སྲོལ་ཞིག་ཡོད། ད་ལྟའི་ཆར་དེ་བཞིན་མ་ཡིན་པར་སྐྱ་སེར་ཕོ་མོ་དབྱེར་མེད་ཀྱིས་ནང་པའི་གཞུང་ལུགས་ཁག་ལ་རང་ཉིད་ཀྱིས་བློ་རིག་གིས་ལྕོགས་ཚོད་བཞིན་དུ་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ། མཁས་བཙུན་བཟང་གསུམ་མཛད་སའི་ཁོར་ཡུག་རིམ་པས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་མཛད། ལམ་སྲོལ་བཟང་པོ་དེ་བོད་མིའི་སྤྱི་ཚོགས་སུ་དར་སྤེལ་བྱེད་པ་དང་ཕྱོགས་ཅིག་ཏུ་རྩ་ཆེ་བའི་ནང་པའི་གཞུང་ལུགས་ཀྱི་སྙིང་པོ་རྣམས་སྤྱི་ཚོགས་དངོས་སུ་ལག་བསྟར་ཐུབ་པ་བྱེད་རྒྱུ། ད་དུང་དགོངས་གཞི་གཞན་ཞིག་ནི། སྤྱིར་འཛམ་གླིང་ནང་དུ་ཆོས་ལུགས་ཕན་ཚུན་གྱི་རྩོད་རྙོག་དང་འཐབ་རྩོད་ཀྱི་གནས་སྟངས་འབྱུང་བཞིན་པ་དང་། བོད་མི་རིགས་ཀྱི་འདས་ཟིན་པའི་ལོ་རྒྱུས་ཁྲོད་དུ་ཆོས་བརྒྱུད་སོ་སོས་དོན་དངོས་སུ་གཞན་གྱི་ལྟ་སྒོམ་སྤྱོད་གསུམ་རྟོགས་མིན་ཇི་འདྲ་ཡང་། ཆོས་མིང་ཙམ་འཁྱེར་བའམ་ཆོས་སྲིད་དོན་གྱི་ལག་ཆར་བྱས་ནས་རྩོད་རྙོག་དུ་མ་ཞིག་བྱུང་ཟིན་པའི་ལོ་རྒྱུས་ཀྱི་སྐྱོ་གར་དེ་ལྟ་བུ་ཕྱིས་སུ་མི་ཡོང་བའི་སླད་དུ་༧མགོན་པོ་གང་ཉིད་དང་། དབུ་ཁྲིད་རྣམས་ཀྱིས་ཆོས་ལུགས་ཕན་ཚུན་གྱི་གནད་དོན་མ་རྟོགས་པ་རྣམས་རྟོགས་ཕྱིར་དང་ལོག་རྟོག་རྣམས་སེལ་ཕྱིར་ཤེས་རིག་གི་རྭ་བ་གཅིག་ཏུ་ཆོས་བརྒྱུད་བཞི་དང་གཡུང་དྲུང་བོན་དང་བཅས་པ་རྣམས་ལྷན་དུ་འཛོམས་ནས་བསླབ་པ་སློབ་གཉེར་བྱེད་སའི་བསྟི་གནས་གསར་འཛུགས་མཛད་པ་ནི། བོད་ཀྱི་གཏམ་དཔེ་ལ། ནང་བཀྲ་ཤིས་ན། ཕྱི་དོན་འགྲུབ།་ཅེས་པའི་བསླབ་བྱའི་བསྡོམས་ཚིག་སྒྲུབ་གནང་མཛད། དེ་ནི་བོད་མི་རྣམས་ཆིག་སྒྲིལ་དང་། ལྷིང་འཇགས། ཕུགས་རྒྱང་རིང་པོའི་སྒོ་ནས་ཆོས་ལུགས་ཕན་ཚུན་མཐུན་འབྲེལ་གྱི་བློ་མིག་འབྱེད་སའི་རྭ་བ་ཞིག་ཏུ་འཛུགས་སྐྲུན་གནང་བ་རེད་སྙམ།


དཔྱད་གཞིའི་དཔེ་དེབ་ཁག

བོད་ཡིག་ཟུར་ལྟ།

<<མི་ཚེའི་ལོ་རྒྱུས་ལས་འཕྲོས་པའི་གཏམ་ཐབས་བྱུས་སྙིང་སྟོབས་ཀྱི་འབྲས་བུ།>> དེབ་དང་པོ། མཛད་པ་པོ། ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན། དཔར་བསྐྲུན་པ། སེ་ར་སྨད།

<<སློབ་གཉེར་བ་གསར་ཞུགས་ཀྱི་སྒྲིག་གཞི།>> ཞུ་སྒྲིག་པ། སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ།

<<ཁུ་ནུ་རིན་པོ་ཆེ་བླ་མ་བསྟན་འཛིན་རྒྱལ་མཚན་དཔལ་བཟང་པོའི་མཛད་རྣམ་ཐར་པའི་ཐེམ་སྐས།>>རྩོམ་པ་པོ། དངོས་སློབ་དངོས་གྲུབ་ག་ཤ་བ། ༢༠༠༨ལོ་དཔར་བསྐྲུན་བྱས།

<<མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ།>>གླེགས་བམ་ལྔ་པ་དང་དྲུག་པ། ༢༠༠༩ ལོར་དཔར་སྐྲུན་བྱས།

<<བོད་མི་གསར་བརྗེ་བ།>> རྩོམ་པ་པོ་འབའ་པ་ཕུན་ཚོགས་དབང་རྒྱལ།

དབྱིན་ཡིག་ཟུར་ལྟ།

Author J.R Singh

<<Past and present of Sarnath>> ( Pg.61)

Edition 1980

<<Annual Report of 1981,1982, 1983, 1984 and 198>>

<<In search of truth>>1999

<<A collection of Articles in honour of Prof. Samdhong Rinpoche>>

<<Freedom Fighter>> (Biography of Gen Thupten Jangney(Gen gose)

རྩོམ་སྔ་མ།ཆིབས་བསྒྱུར།
རྩོམ་རྗེས་མ།༅༅།། ཨ་ཅང་ཅང་།
ཡ་ལོ་ངག་དབང་།
བོད་མཐོ་སྒང་དུ་སྐྱེས་ཞིང་། ས་མཐའི་ཡུལ་ནས་གནའ་དེང་ཟུང་འབྲེལ་གྱི་ཤེས་རིག་གི་ཡལ་འདབ་མི་དམན་པ་རྒྱས། འདས་ཟིན་པའི་མི་རིགས་འདིའི་ལོ་རྒྱུས་སྐྱུར་མོ་དང་མ་འོངས་པའི་ཕུགས་བསམ་ལ་འགན་ཁུར་ཏེ། བོད་ཀྱི་སྤྱི་ཚོགས་དང་སྐད་ཡིག་གི་ཞིང་ཁམས་སོགས་ལ་དྭངས་བླངས་ཞབས་ཞུ་ལོ་ཤས་རིང་ཞུས་དང་ཞུ་བཞིན་པ་རེད། ཁོང་གིས་ཟེར་ན། “དེ་དག་ནི་མི་ཡུལ་འགྲིམ་པའི་ལེགས་སྐྱེས་ཙམ་དང་བོད་ཕྲུག་ཁྱིམ་སྡེ་ལ་དྲིན་ལན་འཇལ་བའི་ཆུ་ཐིགས་ཙམ་ཡིན་ཟེར།”- ད་ལྟའི་ཆར་ཨོ་གླིང་གཞུང་གི་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་ཀ་བྱེད་མུས་རེད།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།