མདུན་ངོས། ལོ་རྒྱུས། ཝཱ་ཎ་དབུས་བོད...

ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་བྱུང་རབས་མདོར་བསྡུས། (དུམ་བུ་བཞི་པ།)

༤༨༠༦
ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་།

ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དམིགས་ཡུལ།

རྒྱ་དམར་སྲིད་གཞུང་གིས་བོད་གངས་ཅན་ལྗོངས་སུ་བཙན་འཛུལ་བྱས་པ་མ་ཟད། བོད་མི་རིགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་མེས་པོ་གོང་མ་ནས་བརྒྱུད་པའི་ཆོས་དང་རིག་གཞུང་སོགས་རླུང་ཁྲོད་དུ་མར་མེ་བཞིན་ནུབ་ལ་ཉེ་བའི་དུས་རབས་ཀྱི་དཀྱོག་མཚམས་དེར་གཞིས་བྱེས་གཉིས་ཀྱི་དབུ་འཁྲིད་དོན་གྱི་སླད་དུ་མཚན་ནས་སྨྲོས་ན། ༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག་གི་དགོངས་པ་དང་། གཞན་ཡང་རྒྱལ་ཞེན་དང་ལྷག་བསམ་ལྡན་པའི་སྐབས་དེའི་སྐྱེས་ཆེན་དམ་པ་རྣམས་དང་དེང་སང་ཡང་སྐུ་འཚོ་བཞུགས་བྱེད་པའི་མཐོ་སློབ་ཀྱི་ངེས་སྟོན་པ་ཟུར་པ་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་གཙོས། རྒན་རབས་དག་གིས་རྒྱལ་ཁབ་ཅིག་ཕམ་ཁ་ནས་རྒྱལ་ཐུབ་པའི་སྙིང་སྟོབས་ལ་བརྟེན་ཏེ། ཝཱ་ཎ་མཐོ་སློབ་འདིའི་དམིགས་ཡུལ་ཆེན་པོ་བཞི་གཙོ་བོར་བཟུང་སྟེ་གསར་འཛུགས་མཛད།

དམིགས་ཡུལ་དེ་དག་གལ་ཆེའི་རང་བཞིན་ཡིན་པའི་དངོས་མཐོང་གི་རྒྱུ་མཚན་རེ་འགའ་ནི། ༧མགོན་པོ་གང་ཉིད་ཀྱིས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དེ་ཉིད་མ་འོངས་པ་དང་ད་ལྟའི་བོད་ཀྱི་རྩ་དོན་ཁག་ལ་གལ་ཆེ་ཡིན་པ་དགོངས་ཏེ་ཡང་ནས་ཡང་དུ་ཆིབས་བསྒྱུར་བསྐྱངས་ནས་བཀའ་སློབ་བཀའ་དྲིན་སྐྱོང་མུས་ཡིན་ལ། ཕུགས་རྒྱང་རིང་བའི་དམིགས་ཡུལ་འགྲུབ་ཕྱིར་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེས། རིན་ཐང་ཆེ་བའི་དགུང་ལོ་ཧྲིལ་པོ་སུམ་ཅུ་ལྷག་ཙམ་གྱི་རིང་དུ་ཁོང་གི་རྣམ་དཔྱོད་དང་། ནུས་སྟོབས་ཡོངས་རྫོགས་མཐོ་སློབ་དེའི་སླད་དུ་བཏང་གནང་མཛད་ཡོད། གཞན་ཡང་རྒྱ་གར་དབུས་གཞུང་ནས་ལོ་ལྟར་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་འདི་ཉིད་ཀྱི་དམིགས་ཡུལ་འགྲུབ་ཕྱིར། རྒྱ་གར་གཞུང་གིས་སློབ་གཉེར་ཁང་འདིར་འགྲོ་གྲོན་ཤིན་ཏུ་མང་པོ་གཏོང་བཞིན་ཡོད། དེ་བཞིན་དུ་ཆོས་དོན་བཀའ་བློན་ཐོག་མ་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་ལགས་གཙོས་པའི་བོད་མི་རིགས་ཀྱི་རིག་གཞུང་ལ་དུངས་བའི་རྒྱ་བོད་ཀྱི་མི་སྣ་དུ་མས་ཀྱང་སློབ་གཉེར་ཁང་འདིའི་དམིགས་ཡུལ་ལ་རྩ་ཆེན་དང་རེ་བ་ཆེན་པོ་བརྒྱབ་ཡོད། མཐོ་སློབ་འདི་འཛུགས་དགོས་པའི་དམིགས་ཡུལ་གཙོ་བོ་བཞི་ནི།

གཅིག བོད་ཀྱི་རིག་གཞུང་རྒྱུན་འཛིན་དང་ཉམས་པ་སླར་གསོ། མ་ཉམས་པ་དར་སྤེལ་བྱ་རྒྱུ། (སྐབས་དེར་བོད་དུ་རྒྱ་དམར་གྱི་བཙན་འོག་ཏུ་བོད་ཀྱི་རིག་གཞུང་ངམ་ནང་པའི་ཆོས་དང་འབྲེལ་ཡོད་ཁག་རྩ་གཏོར་རྒྱ་ཆེར་བཏང་དང་གཏོང་བཞིན་ཡོད་པ་རེད། གནས་སྟངས་དེ་འདྲའི་སྐབས་སུ་སྦག་ས་ཆོས་སྒར་དུ་བཞུགས་པའི་ནང་པའི་གཞུང་ལུགས་དང་རིག་གནས་སུམ་རྟགས་ལ་མཁྱེན་རྒྱ་ཡངས་པའི་མཁས་པ་རྣམས་གཞི་རྩར་བཟུང་སྟེ། ཁོང་ཚོའི་མཁྱེན་ཡོན་དང་རྣམ་དཔྱོད་དེ་དག་བོད་མི་ཕྱི་རབས་པའི་རྒྱུན་འཛིན་དང་དར་སྤེལ་བྱེད་རྒྱུའི་རིག་པ་རྙེད། སྤྱིར་རིག་གཞུང་དེ་ཉིད་འགྲོ་བ་ཐམས་ཅད་ལ་ཕན་པར་ནུས་པའི་བདག་ཉིད་དང་བྱེ་བྲག་ཏུ་བོད་གངས་ཅན་པའི་མེས་པོ་གོང་མ་ནས་བརྒྱུད་པའི་བླ་སྲོག་ལྟ་བུའི་ལེགས་བྱང་དེ་འཆི་གསོན་གྱི་བར་མཚམས་སུ་བསླེབས་པས་ན། ཝཱ་ཎ་མཐོ་སློབ་འདི་བཙུགས་སྐབས་གལ་འགངས་ཆེ་ཤོས་ཀྱི་དམིགས་ཡུལ་འདི་བཟུང་ཡོད་པ་རེད།)

གཉིས། རྒྱ་གར་གྱི་གནའ་བོའི་གཞུང་ལུགས་ལེགས་སྦྱར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་བའི་རྒྱ་དཔེ་རྩ་བརླག་ཏུ་ཕྱིན་པ་རྣམས་བོད་སྐད་ནས་ལེགས་སྦྱར་དུ་བསྐྱར་གསོ་བྱ་རྒྱུ། (སྔར་བོད་དུ་ནང་ཆོས་དར་བའི་བྱུང་རབས་ཀྱི་ལོ་རྒྱུས་ལྟར་ན། རྒྱ་གར་གྱི་ལོ་པཎ་མཁས་གྲུབ་དག་ནི་བོད་གངས་ཅན་པའི་དགེ་རྒན་ཡིན་ཞིང་། སྔར་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐབས་སུ་སློབ་གཉེར་བ་རྣམས་ཀྱི་ལུས་སེམས་ཟུང་གི་དཀའ་ཚེགས་ལ་གདོང་ལེན་གྱིས་རྒྱ་གར་འཕགས་པའི་ཡུལ་གྱི་ཤེས་བྱ་ནང་འདྲེན་མཛད་དུ་ཕེབས་ཡོད་པ་རེད། ནང་པའི་གཞུང་ལུགས་རྣམས་ཀྱང་པཱ་ལི་དང་ལེགས་སྦྱར་གྱི་སྐད་ཡིག་ཏུ་འཁོད་ཡོད་ཀྱང་རྒྱ་གར་ནང་ལ་དུས་རབས་མང་པོའི་གོང་དུ་ཆོས་ལུགས་ཕན་ཚུན་ནང་འཁྲུག་རྒྱ་ཆེར་བྱུང་བ་དང་། གཞན་ཡང་དབྱིན་ཇིས་བཙན་འཛུལ་བྱས་པའི་སྐབས་སུ་རྒྱ་གར་མཁས་པས་མཛད་པའི་གཞུང་ལུགས་དུ་མ་ཞིག་རྩ་བརླག་ཏུ་ཕྱིན་པས། སྔར་གྱི་ལོ་ཙཱ་བ་པཎ་གྲུབ་རྣམས་ཀྱི་བརྗེད་དུ་མེད་པའི་བཀའ་དྲིན་ལས་ད་ཆ་བོད་གངས་ཅན་པའི་སྐད་ཡིག་ཏུ་གནས་པའི་ནང་པའི་གཞུང་ལུགས་རྣམས་བསྐྱར་དུ་རྒྱ་གར་སྐད་དུ་ཉམས་གསོ་དང་ཕན་ཚུན་ཕབ་བསྒྱུར་བྱ་རྒྱུའི་དམིགས་ཡུལ་བཟུང་པ་རེད། དམིགས་ཡུལ་འདིས་སྔར་རྒྱ་གར་གྱི་ལོ་པཎ་མཁས་གྲུབ་རྣམས་ལ་དྲིན་གསོ་བ་དང་ཆབས་ཅིག་འཕགས་བོད་གཉིས་ལོ་རྒྱུས་ཀྱི་ཁྲོད་དུ་མི་རབས་ནས་མི་རབས་བར་བརྗེད་དཀའ་བའི་བྱུང་རབས་ཀྱི་གསེར་ཟམ་དེ་སྲ་བརྟན་དུ་བཟོས་ཡོད།)

གསུམ། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་སློབ་གཉེར་བ་རྣམས་སྔོན་དུས་བོད་དུ་སློབ་གཉེར་བྱེད་དུ་འགྲོ་སྲོལ་ཡོད་པ་རྣམས་ལ་དེ་དང་མཚུངས་པའི་སློབ་གཉེར་གྱི་གོ་སྐབས་སྤྲོད་རྒྱུ།(སྔར་བོད་ཡུལ་དུ་རང་དབང་ལྡན་པའི་སྐབས་སུ་བོད་ཀྱི་ཆོས་དང་རིག་གཞུང་གཅིག་པ་ཡིན་པའི་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་རྒྱ་གར་བའི་ཡུལ་མི་མང་པོའི་བུ་ཕྲུག་མང་པོ་ཞིག་བོད་དུ་སློབ་གཉེར་བྱེད་དུ་བསྐྱོད་སྲོལ་ཡོད། དེའི་དཔེ་མཚོན་ལེགས་ཤོས་ནི་བྱང་ཆུབ་སེམས་དཔའི་བདག་ཉིད་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་ལྟ་བུའོ། འོན་ཀྱང་། བོད་དུ་རྒྱ་དམར་སྲིད་གཞུང་གིས་གདུག་རྩུབ་དྲག་པོས་ཡ་ང་བའི་གནས་བབས་སུ་ལྷུང་སྟེ། སྲོལ་རྒྱུན་བཟང་བོ་དེ་རྒྱུན་མཐུད་ཕྱིར། ཝཱ་ཎ་དབུས་བོད་ཀྱི་མཐོ་སློབ་ཁང་བཙུགས་ཏེ་ཁུ་ནུ། པི་ཏི། མོན་པ། རྟ་མང་། ལ་དྭགས་སོགས་ཀྱི་སློབ་གཉེར་བ་རྣམས་ལ་སྔར་དང་མཚུངས་པའི་གོ་སྐབས་སྤྲོད་རྒྱུའི་དམིགས་ཡུལ་བཟུང་ཡོད་པ་རེད།)

བཞི། བོད་ཀྱི་ཆོས་སྡེ་ཆེན་པོ་ཁག་ཏུ་སྔར་སྲོལ་སློབ་གཉེར་གནང་ལམ་དེ་དག་དེང་རབས་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལམ་སྲོལ་གྱི་སྒྲོམ་གཞིའི་ནང་དུ་ཚུད་པ་བྱ་རྒྱུ། (སྔར་བོད་གངས་ཅན་ལྗོངས་སུ་ཆོས་རྒྱུད་བཞི་དང་གཡུང་དྲུང་བོན་དང་བཅས་པའི་ཆོས་ལུགས་ཆེན་པོ་ལྔ་ཀས་བསླབ་པ་སློབ་གཉེར་བྱེད་ཚུལ་དེ་ཡང་སྲོལ་རྒྱུན་བཞིན་བྱེད་ཀྱི་ཡོད་ཀྱང༌། ད་ཆར་མི་རིགས་རང་གི་ལྟ་གྲུབ་དང་གཞུང་ལུགས་ཆེན་པོ་རྣམས་གཞིར་བཞག་སྟེ་དེང་དུས་ཀྱི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་རྣམས་དང་གཅིག་མཚུངས་ལྟར་བསྐྱོད་ཐུབ་པའི་ཚོད་ལྟ་དང་མདུན་བསྐྱོད་བྱ་རྒྱུ་བཅས་སོ།)


དཔྱད་གཞིའི་དཔེ་དེབ་ཁག

བོད་ཡིག་ཟུར་ལྟ།

<<མི་ཚེའི་ལོ་རྒྱུས་ལས་འཕྲོས་པའི་གཏམ་ཐབས་བྱུས་སྙིང་སྟོབས་ཀྱི་འབྲས་བུ།>> དེབ་དང་པོ། མཛད་པ་པོ། ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན། དཔར་བསྐྲུན་པ། སེ་ར་སྨད།

<<སློབ་གཉེར་བ་གསར་ཞུགས་ཀྱི་སྒྲིག་གཞི།>> ཞུ་སྒྲིག་པ། སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ།

<<ཁུ་ནུ་རིན་པོ་ཆེ་བླ་མ་བསྟན་འཛིན་རྒྱལ་མཚན་དཔལ་བཟང་པོའི་མཛད་རྣམ་ཐར་པའི་ཐེམ་སྐས།>>རྩོམ་པ་པོ། དངོས་སློབ་དངོས་གྲུབ་ག་ཤ་བ། ༢༠༠༨ལོ་དཔར་བསྐྲུན་བྱས།

<<མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ།>>གླེགས་བམ་ལྔ་པ་དང་དྲུག་པ། ༢༠༠༩ ལོར་དཔར་སྐྲུན་བྱས།

<<བོད་མི་གསར་བརྗེ་བ།>> རྩོམ་པ་པོ་འབའ་པ་ཕུན་ཚོགས་དབང་རྒྱལ།

དབྱིན་ཡིག་ཟུར་ལྟ།

Author J.R Singh

<<Past and present of Sarnath>> ( Pg.61)

Edition 1980

<<Annual Report of 1981,1982, 1983, 1984 and 198>>

<<In search of truth>>1999

<<A collection of Articles in honour of Prof. Samdhong Rinpoche>>

<<Freedom Fighter>> (Biography of Gen Thupten Jangney(Gen gose)

རྩོམ་སྔ་མ།དུག་སློག དུགས་སློག
རྩོམ་རྗེས་མ།བོད་སོག་ཆིངས་ཡིག་གི་ཞལ་བཤུས།
ཡ་ལོ་ངག་དབང་།
བོད་མཐོ་སྒང་དུ་སྐྱེས་ཞིང་། ས་མཐའི་ཡུལ་ནས་གནའ་དེང་ཟུང་འབྲེལ་གྱི་ཤེས་རིག་གི་ཡལ་འདབ་མི་དམན་པ་རྒྱས། འདས་ཟིན་པའི་མི་རིགས་འདིའི་ལོ་རྒྱུས་སྐྱུར་མོ་དང་མ་འོངས་པའི་ཕུགས་བསམ་ལ་འགན་ཁུར་ཏེ། བོད་ཀྱི་སྤྱི་ཚོགས་དང་སྐད་ཡིག་གི་ཞིང་ཁམས་སོགས་ལ་དྭངས་བླངས་ཞབས་ཞུ་ལོ་ཤས་རིང་ཞུས་དང་ཞུ་བཞིན་པ་རེད། ཁོང་གིས་ཟེར་ན། “དེ་དག་ནི་མི་ཡུལ་འགྲིམ་པའི་ལེགས་སྐྱེས་ཙམ་དང་བོད་ཕྲུག་ཁྱིམ་སྡེ་ལ་དྲིན་ལན་འཇལ་བའི་ཆུ་ཐིགས་ཙམ་ཡིན་ཟེར།”- ད་ལྟའི་ཆར་ཨོ་གླིང་གཞུང་གི་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་ཀ་བྱེད་མུས་རེད།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།