མདུན་ངོས། སྙན་ངག སྔ་འགྱུར་སྨོན...

སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་བསྟོད་པ།

༢༢༣
(རྡོར་གདན་སྔ་འགྱུར་སྨོན་ལམ་ཆེན་མོ་དང་གཙུག་ལག་ཁང་ཆེན་པོ་པདྨ་སམ་བྷ་ཝ་ལ་ཤིན་ཏུ་གོ་སླ་བའི་ཚིག་གིས་ཅུང་ཟད་བསྟོད་པ་ངེས་ཤེས་སྣང་བ་དམ་པའི་ཤིང་རྟ་ཞེས་བྱ་བ།)

རྫ་ཚེ་རིང་བཀྲ་ཤིས།

བླ་མ་དང་གུ་རུ་པདྨ་སམྦྷ་ཝ་དབྱེར་མེད་པ་ལ་ཕྱག་འཚལ་ལོ།།

 

རིག་པའི་འབྱུང་གནས་འཕགས་ཡུལ་དབུས་ཀྱི་ཆ། །

བསྟན་པའི་འབྱུང་གནས་རྒྱ་གར་རྡོ་རྗེ་གདན། །

བྱིན་རླབས་འབྱུང་གནས་སྤྲུལ་པའི་གནྡྷོ་ལ། །

བརྗིད་ཆགས་ལྷུན་གྱིས་གྲུབ་ལ་ཕྱག་འཚལ་ལོ། །

གྷ་ཡ་ཞེས་བྱ་རྨད་དུ་བྱུང་བའི་གནས། །

བྱང་ཆུབ་ཆེན་པོའི་མཆོད་རྟེན་རིན་པོ་ཆེ། །

འཛམ་གླིང་ནང་པ་ཡོངས་ཀྱི་སྙིང་གི་ནོར། །

ངོ་མཚར་འོད་སྟོང་འབར་ལ་ཕྱག་འཚལ་ལོ། །

ཇོ་བོ་བྱང་ཆུབ་ཆེན་པོའི་སྤྱན་ལམ་དུ། །

མཆོག་དམིན་རིགས་རུས་ང་ཁྱོད་གྲུབ་མཐའ་མེད། །

ཐམས་ཅད་ཐུབ་པའི་སློབ་མར་རོ་གཅིག་པའི། །

གནས་མཆོག་རྡོ་རྗེ་གདན་ལ་ཕྱག་འཚལ་ལོ། །

མཆོད་རྟེན་རྩེ་མོ་མཐོངས་ལས་མཐོ་བ་དང་། །

ཆོས་ཀྱི་སྒྲ་དབྱངས་ཟབ་ལ་སྙན་པ་དང་། །

ཞི་བའི་ཁོར་ཡུག་ཡིད་དུ་འོང་བ་ཡི། །

འཕགས་པ་རྡོ་རྗེ་གདན་ལ་ཕྱག་འཚལ་ལོ། །

གངས་ལྗོངས་བསྟན་པའི་ཕྱི་མོ་སྔ་འགྱུར་བ། །

མཁན་སློབ་བརྒྱུད་པའི་རིང་ལུགས་རིན་པོ་ཆེ། །

དུས་ཀྱི་མཐར་ཡང་༼རྫོགས་ལྡན་ཕྱི་མ༽འི་དཔལ། །

འཕགས་པའི་ཡུལ་དུ་སྣང་ལ་ཕྱག་འཚལ་ལོ། །

རྫོང་སར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས། །

བྱང་ཆུབ་ཤིང་དབང་དྲུང་ཏུ་བཏབ་པ་ཡི། །

ཡ་མཚན་སྨོན་ལམ་འབྲས་བཟང་མངོན་དུ་གྱུར། །

ཕྲིན་ལས་བསམ་མི་ཁྱབ་ལ་ཕྱག་འཚལ་ལོ། །

སྤྱི་ལོ་གཅིག་སྟོང་བརྒྱད་ཅུ་གྱ་གཉིས་ནས། །

ལོ་མང་རིང་ལ་རྡོ་གྲུབ་རིན་པོ་ཆེས། །

བཟང་སྤྱོད་འབུམ་ཐེར་ལོངས་ངེས་གནས་འདིར་འཚོགས། །

རྟེན་འབྲེལ་མཚན་མ་བརྙེས་ལ་ཕྱག་འཚལ་ལོ། །

དེ་རྗེས་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། །

འདུས་པའི་ཚོགས་བཅས་གནས་འདིར་ཆེད་ཕེབས་ཏེ། །

བཟང་སྤྱོད་དང་ནི་ལྟུང་བཤགས་འབུམ་བསགས་ནས། །

སྨོན་ལམ་ཉིན་བྱེད་དྲངས་ལ་ཕྱག་འཚལ་ལོ། །

སྤྱི་ལོ་དགུ་བརྒྱ་བརྒྱད་ཅུ་གྱ་དགུའི་ལོར། །

དར་ཐང་ཀུན་དགའ་ཡེ་ཤེས་རྡོ་རྗེ་ཡིས། །

གཙོ་བོ་མཛད་ནས་སྨོན་ལམ་ཆེན་མོ་ཉིད། །

དངོས་སུ་སྲོལ་གཏོད་མཛད་ལ་ཕྱག་འཚལ་ལོ། །

དིལ་མགོ་མཁྱེན་བརྩེ་སྨིན་གླིང་ཁྲི་ཆེན་དང་། །

གྲུབ་དབང་པད་ནོར་བྱ་བྲལ་རིན་པོ་ཆེ། །

སྟག་ལུང་རྩེ་སྤྲུལ་ཞ་དེའུ་འཁྲུལ་ཞིག་སོགས། །

གདན་འཛོམས་ཆེན་པོ་མཛད་ལ་ཕྱག་འཚལ་ལོ། །

འཕགས་ཡུལ་དབུས་འགྱུར་ཚལ་གྱི་གནས་ཆེན་པོར། །

སྨོན་ལམ་དབུ་བརྙེས་སྲོལ་གཏོད་རྒྱུན་སྐྱོང་བར། །

སྔ་འགྱུར་བསྟན་པའི་སྙིང་མིག་སྲོག་གསུམ་དག །

དགོངས་པ་གཅིག་ཏུ་མཐུན་ལ་ཕྱག་འཚལ་ལོ། །

དྲང་སྲོང་ཆེན་པོ་སངས་རྒྱས་རྡོ་རྗེ་ཡིས། །

བསྟན་དང་སྟོན་པར་བྱས་པ་བཟོ་བའི་ཕྱིར། །

ཚོགས་ལ་དཀར་སྐྱོང་དགོས་པ་ཁྲིམས་སུ་བཅས། །

མིག་དཔེ་བཟང་པོ་བསྟན་ལ་ཕྱག་འཚལ་ལོ། །

སྔ་འགྱུར་རྡོར་གདན་སྨོན་ལམ་ཆེན་མོ་ཞེས། །

མཚན་གྱི་ཅོད་པན་དེ་ཡང་ཁོང་གིས་བསྩལ། །

མཚན་དོན་རྗེས་སུ་མཐུན་པའི་ལག་ལེན་རྒྱུན། །

ད་ལྟའི་བར་དུ་གནས་ལ་ཕྱག་འཚལ་ལོ། །

སྔ་འགྱུར་སྤྱི་ལ་གཅེས་པའི་ལྷག་བསམ་དང་། །

མ་འོངས་རྒྱང་རིང་གཟིགས་པའི་མཁྱེན་དཔྱོད་དང་། །

དཀའ་ངལ་གདོང་ལེན་ཐུབ་པའི་སྙིང་སྟོབས་ཅན། །

བསྟན་པའི་བདག་པོ་རྣམས་ལ་ཕྱག་འཚལ་ལོ། །

ཆོས་ཀྱི་བློ་གྲོས་ཐུགས་བསྐྱེད་ཕྲག་པར་ཁུར། །

བོད་པ་སྤྲུལ་སྐུའི་རྙིང་ཞེན་རུས་ལ་ཟུག །

བསྟན་པའི་སྦྱིན་བདག་དེང་གི་མྱ་ངན་མེད། །

དར་ཐང་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །

སྙུན་གཞི་ལྕི་ཡང་སྨོན་ལམ་ཐུགས་ལ་གཅགས། །

ལོ་རེ་བཞིན་དུ་ཚོགས་པའི་དབུ་བཞུགས་མཛད། །

དཔའ་ཆེ་བློ་ཡངས་མཆོག་དམན་ཀུན་ལ་སྙོམས། །

པད་ནོར་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །

རྡོར་གདན་སྨོན་ལམ་ཆེན་པོའི་མཚན་གཞུང་ལ། །

དངོས་སུ་འཁོད་པའི་དགོན་པ་སྟོང་གཅིག་བརྒྱ། །

ད་དུང་དེ་ལས་གཞན་ཡང་མཆིས་པ་སྟེ། །

སྔ་འགྱུར་འདུས་པའི་སྡེ་ལ་ཕྱག་འཚལ་ལོ། །

ཁྱད་པར་ཉིས་སྟོང་བརྒྱད་དགུ་ཡས་མས་ནས། །

ཚོགས་གཞུགས་དགེ་འདུན་ཁྲི་ལ་ལོངས་པར་གསུང་། །

ཕྱོགས་ཀྱི་དད་ལྡན་སྤྲིན་གྱི་ཚོགས་ཆེན་ནི། །

གྲངས་སུ་དཔག་པར་དཀའ་ལ་ཕྱག་འཚལ་ལོ། །

རྩ་བ་བརྟན་ལ་གཞི་རྒྱ་ཆེ་བ་དང་། །

དུས་ཚོད་ངེས་ལ་འཚོགས་སྟངས་གུ་ཡངས་པས། །

རྡོ་རྗེ་གདན་གྱི་སྨོན་ལམ་ཐམས་ཅད་ལས། །

ལེགས་པའི་ཕུལ་དུ་ཕྱིན་ལ་ཕྱག་འཚལ་ལོ། །

རྒྱུད་ཀྱི་རྒྱལ་པོ་འཇམ་དཔལ་མཚན་བརྗོད་དང་། །

སྨོན་ལམ་རྒྱལ་པོ་བཟང་པོ་སྤྱོད་པ་ཡི། །

ཚངས་དབྱངས་རང་བཞིན་སྙན་པའི་སྒྲ་ཙམ་ཡང་། །

ཕན་བདེའི་གཏེར་དུ་གྱུར་ལ་ཕྱག་འཚལ་ལོ། །

ལོ་རེའི་དགུན་ཟླའི་ཚེས་བཅུ་སྨོན་ལམ་མཇུག །

ཨོ་རྒྱན་ཆེན་པོའི་དཀྱིལ་འཁོར་ཞལ་ཕྱེས་ནས། །

ཚིམས་པ་དྲུག་ལྡན་ཚོགས་ཀྱི་འཁོར་ལོར་བཅས། །

སྨོན་ལམ་ལེགས་པར་ཟིན་ལ་ཕྱག་འཚལ་ལོ། །

གདུགས་དང་མེ་ཏོག་རྒྱལ་མཚན་ལྷ་བཤོས་དང་། །

འཕན་དར་བདུག་སྤོས་གློག་གི་མཆོད་མེ་སོགས། །

དངོས་འབྱོར་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས། །

ཀུན་ནས་ཚར་དུ་དངར་ལ་ཕྱག་འཚལ་ལོ། །

གློ་བུར་ལྷག་དང་གཉུག་མར་གནས་པ་དང་། །

རབ་བྱུང་སྔགས་པ་རྒན་དར་གཞོན་པའི་བར། །

ཚོགས་དང་སྐུ་མགྱེད་མང་ཇ་བཞུགས་གནས་སོགས། །

བསྙེན་བཀུར་མཚུངས་པར་བསྟོབས་ལ་ཕྱག་འཚལ་ལོ། །

དར་ཐང་སྲས་མོ་པདྨ་དགེ་ལེགས་དང་། །

དཔལ་ཡུལ་ཕྱག་མཛོད་ཀུན་བཟང་མཚན་ཅན་སོགས། །

བླ་མའི་མཛད་པ་སྐྱོང་བའི་ཁ་ལོ་བ། །

ལས་འདིར་འབྲེལ་བ་དག་ལ་ཕྱག་འཚལ་ལོ། །

དར་ཐང་ཡེ་ཤེས་སྡེ་ཡི་དཔར་ཁང་ནས། །

དཔར་བའི་གླེགས་བམ་བརྩེགས་པའི་མཐོ་ཚད་ནི། །

ཇོ་མོ་གླང་མ་ལས་ཀྱང་མཐོ་བ་སྟེ། །

ཆོས་སྦྱིན་ཕྱོགས་མེད་མཛད་ལ་ཕྱག་འཚལ་ལོ། །

སྨིན་གླིང་བསྟན་པའི་སྲོག་འཛིན་མཁོ་ཁྱིམ་པ། །

དཔལ་ཡུལ་བསྟན་པའི་རྩ་ལག་རི་མགོ་སྤྲུལ། །

རྡོར་གདན་སྨོན་ལམ་རྐང་འཛིན་གནས་བརྟན་ཟུང་། །

དཀའ་དྲིན་ལྷག་ཏུ་ཆེ་ལ་ཕྱག་འཚལ་ལོ། །

རྒན་པ་གཟིམས་ཤིང་གཞོན་པ་ཕྱོགས་སྟོར་དུས། །

ཐབས་མཁས་བློ་གྲོས་འཕྲུལ་ལྡན་རང་ཚུགས་ཟིན། །

བསྟན་ལ་དགོངས་པའི་ཐག་གཅོད་དུས་སུ་སྨིན། །

རབ་འབྱམས་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །

ཁྱད་པར་རྡོ་རྗེ་གདན་གྱི་གནས་ཆེན་པོ། །

འཛམ་གླིང་ནང་པ་ཡོངས་ཀྱི་ཁྱིམ་གཅིག་པུ། །

མ་འོངས་རྒྱལ་སྤྱིའི་ཞི་བའི་བསིལ་ཁང་དེར། །

སྔར་མེད་འདུ་ཁང་བཞེངས་ལ་ཕྱག་འཚལ་ལོ། །

རྡོར་གདན་རྙིང་མའི་ཆོས་སྒར་འདེབས་སའི་གཞིར། །

རྒྱ་ཁྱོན་ཆེ་བའི་ས་ཆ་འབུལ་མཛད་པ། །

འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོར་ཡང་། །

བདག་བློ་དད་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །

ཚད་དང་མཚན་ཉིད་གཞལ་ཡས་ཁང་གི་ཚུལ། །

རྒྱན་དང་བཀོད་པ་རྒྱ་བོད་བཟོ་བོས་བསྐྲུན། །

སྔ་འགྱུར་སྤྱི་ལ་དབང་བའི་གཙུག་ལག་ཁང་། །

བསམ་ཡས་གཉིས་པར་ཕེབས་ལ་ཕྱག་འཚལ་ལོ། །

འོག་ཁང་གཙོ་བོ་དུས་གསུམ་སངས་རྒྱས་ནི། །

རྡོ་རྗེ་གདན་གྱི་མཚན་དོན་འཕྲོད་པ་སྟེ། །

བསྟན་པ་སྤྱི་བཙན་བརྒྱུད་པ་ཐུན་མོངས་ཚུལ། །

ནང་བསྟན་སྤྱི་དང་མཐུན་ལ་ཕྱག་འཚལ་ལོ། །

བར་ཁང་གཙོ་བོ་མཁན་སློབ་ཆོས་གསུམ་ནི། །

སྔ་འགྱུར་བསྟན་པའི་དོན་དང་མཐུན་པ་སྟེ། །

གང་ཟག་སྒོས་བཙན་བརྒྱུད་པ་ཐུན་མིན་ཚུལ། །

མེས་པོའི་བསྟན་སྲོལ་ཟིན་ལ་ཕྱག་འཚལ་ལོ། །

སྟེང་ཁང་གཙོ་བོ་མགོན་པོ་སྤྱན་རས་གཟིགས། །

གངས་ཅན་འཕགས་པའི་གདུལ་ཞིང་མཚོན་པ་སྟེ། །

སྲོང་བཙན་ཆོས་དབང་ཨ་བུ་དཔལ་དགེ་བཞིན། །

མ་ཎིའི་བསྟན་པ་ཟིན་ལ་ཕྱག་འཚལ་ལོ། །

སྤྱི་ཁྱབ་འགན་འཛིན་འཛུགས་བསྐྲུན་འཆར་འགོད་ནས། །

ལག་གི་གླ་དང་རླངས་འཁོར་ཁ་ལོ་བ། །

རྒྱུ་དང་ཚེགས་དང་བསམ་བློའི་འབྲེལ་ཚད་ལ། །

བྱས་པ་དྲིན་དུ་ཚོར་བས་ཕྱག་འཚལ་ལོ། །

མདོར་ན་རྡོར་གདན་རྙིང་མའི་ཆོས་སྒར་གྱི། །

རང་བྱུང་པདྨ་སམྦྷའི་གཙུག་ལག་ཁང་། །

ཟླ་བྲལ་ལྷུན་ཆགས་བརྗིད་པའི་གཞལ་མེད་ཁང་། །

འགྲོ་བའི་དཔལ་དུ་གྱུར་ལ་ཕྱག་འཚལ་ལོ། །

ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་བཞེས་བཞིན། །

རབ་གནས་དགེ་བའི་དངོས་གྲུབ་ཆར་དུ་ཕབ། །

བཀྲ་ཤིས་དཔལ་གྱི་མཚན་མ་བཟང་པོར་སྨིན། །

བདེ་ལེགས་དགེ་བའི་དཔལ་ལ་ཕྱག་འཚལ་ལོ། །

འཇིག་རྟེན་དབང་ཕྱུག་དགྱེས་པའི་བཀའ་བཟང་ཕེབས། །

ཆེ་རྒུའི་མགྲོན་གྱིས་བསྔགས་པའི་མེ་ཏོག་ཕུལ། །

ཐད་གཏོང་ལྟད་མོར་བསྔགས་རྡེབ་སྙིང་དམར་བརྡོལ། །

དགའ་སྤྲོའི་ཡོ་ལངས་འཁྲིགས་ལ་གསོལ་བ་འདེབས། །

བསྟན་བདག་བླ་ཆེན་ཚང་མ་མཉམ་དུ་འདུས། །

རབ་སྔགས་དགེ་འདུན་འདུ་བ་མཐའ་ནས་རྒྱས། །

འཁོར་འབངས་དད་པའི་མེ་ཏོག་ཕྱོགས་བཅུར་བཞད། །

སྒོ་འབྱེད་རྟེན་འབྲེལ་གྲུབ་ལ་ཕྱག་འཚལ་ལོ། །

ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི། །

བསྟན་པ་དང་ནི་འགྲོ་བའི་དོན་སླད་དུ། །

པདྨ་སམ་བྷ་ཝ་ཡི་གཙུག་ལག་ཁང་། །

སྤྱི་ཕན་ཆེད་དུ་བསྔོས་ལ་ཕྱག་འཚལ་ལོ། །

ས་ནི་ལོ་རེ་བཞིན་དུ་གོང་ཆེ་ལ། །

མི་ཚོགས་ལོ་རེ་བཞིན་དུ་མང་བ་ལྟར། །

གནས་གཞི་འདི་ཡི་སྤྱོད་སྒོའི་རིན་ཐང་ཡང་། །

བློ་ཡིས་དཔག་པར་དཀའ་ལ་ཕྱག་འཚལ་ལོ། །

བསྟན་གཉིས་འགལ་མེད་སྡེ་གཉིས་མཐུན་པར་གནས། །

ལུགས་གཉིས་ཉམས་མེད་ཚུལ་གཉིས་ཟུང་དུ་འཇུག །

ཚོགས་གཉིས་ཟླ་བཟང་སྐུ་གཉིས་གྲོགས་སུ་སྨིན། །

རྡོར་གདན་རྙིང་མ་དགོན་པར་ཕྱག་འཚལ་ལོ། །

རྒྱ་གར་བོད་དང་འབྲུག་དང་བལ་བོ་སོགས། །

འཛམ་གླིང་གང་སར་ཡོད་པའི་སྔ་འགྱུར་བ། །

ཀུན་ཀྱང་པདྨ་སམྦྷའི་ལྷ་ཁང་འདིར། །

རང་གི་ཁྱིམ་ན་གནས་པ་བཞིན་དུ་ཤོག །

དུས་དང་མཐུན་པའི་རྒྱལ་སྤྱིའི་བགྲོ་གླེང་དང་། །

བྱིངས་དང་མཐུན་པའི་མ་ཎི་ཞིང་ཁྲིད་སོགས། །

མི་མང་སྤྱི་ལ་མཐུན་པའི་མཛད་སྒོ་ཡིས། །

པདྨའི་ལྷ་ཁང་ཉིན་བཞིན་མཛེས་གྱུར་ཅིག །

ཐུན་མིན་ཉམས་ལེན་ཚོམ་བུ་ཚོགས་སྒྲུབ་དང་། །

བཀའ་མའི་སྒྲུབ་ཆེན་རྩ་གར་བྲུབ་འཆམ་སོགས། །

སྔ་འགྱུར་བསྟན་པའི་ཕྱག་ལེན་ཡོད་དོ་ཅོག །

པདྨའི་ལྷ་ཁང་ནང་ནས་མཇལ་བར་ཤོག །

ཁོར་ཡུག་འདི་ཡང་རྒྱལ་སྤྱིའི་ཚད་གཞི་དང་། །

དུས་ཀྱི་དགོས་མཁོར་ཤིན་ཏུ་འཚམས་པ་དང་། །

རྟེན་དང་རྟེན་པར་བཅས་པའི་བདག་གཉེར་དག །

སྐྱོན་མེད་ཕུལ་དུ་བྱུང་བ་ཉིད་དུ་ཤོག །

མཁན་སློབ་ཆོས་སུམ་གཉགས་གནུབས་རོང་ཀློང་དང་། །

ཟུར་དང་ཉང་གུར་སྨིན་གླིང་སྐུ་མཆེད་སོགས། །

བསྟན་པ་འདི་ལ་བདེན་ཚིག་གྲུབ་པ་དག །

བདག་གི་ཚིག་ལ་བྱིན་གྱིས་བརླབ་ཏུ་གསོལ། །

 

ཞེས་པ་འདིའང་སྨོན་ལམ་ཆེན་མོའི་ཚོགས་པ་སོགས་འབྲེལ་ཡོད་དག་གིས་པདྨ་སམྦྷ་ཝའི་སྨོན་ལམ་ཆེན་མོ་ལེགས་པར་བཞེངས་པའི་མཛད་སྒོའི་ཐད་གཏོང་གིས་སེམས་འགུལ་ཐེབས་པའི་ངང་ནས་དོན་གཉེར་ཅན་དག་གིས་ཚུལ་འདི་ཅུང་ཟད་རྒྱུས་ལོན་ཡོང་བར་ཕན་རེས་འབྲི་བ་པོ་ནི་རྫ་ཚེ་རིང་བཀྲ་ཤིས་ཏེ། དེ་ཡང་ཉིན་གཉིས་སྔོན་ཐོག་མར་སྤེལ་སྐབས། རྡོར་གདན་སྔ་འགྱུར་སྨོན་ལམ་ཆེན་པོ་སོགས་ལ་ཤིན་ཏུ་ཞིབ་པའི་རྒྱུས་ལོན་མེད་པས་ཆ་མ་ཚང་བ་དང་། མཚན་སྨོས་དགོས་པ་མ་སྨོས་པ་སོགས་ཀྱི་ནོར་འཁྲུལ་ཡོད་སྲིད་པས་དགོས་མཁོ་བྱུང་ན་རྗེས་སོར་བསྐྱར་བཅོས་ཞུ་ཆོག་ཅེས་ཞུས་པ་ལྟར། དགོངས་ཚུལ་འགའ་རེ་བྱུང་བ་ལྟར་ཚིགས་སུ་བཅད་པ་འགའ་ཞི་བསྣན་ཏེ་བཅོས་པའོ། །ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེ ས་ ༢༧ ལའོ།།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།