རྒྱ་གར་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་གི་བྷོ་ཊིའི་སྡེ་ཚན་ནས་གོ་སྒྲིག་གནང་བའི་རྒྱ་གར་རྒྱལ་ཡོངས་མཁས་པའི་བགྲོ་གླེང་ཚོགས་འདུའི་ཐོག་བགྲོ་གླེང་གི་ལུས་ཀྱི་རྣམ་གཞག་དང་འབྲེལ་བའི་གཏམ་བཤད་ཡིག་འབེབས་བྱས་པ།
ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༧ ཉིན།
༄༅།། མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་པའི་རིན་པོ་ཆེ་མཆོག་དང་། གཙུག་ལག་སློབ་གཉེར་ཁང་གི་གཙོ་འཛིན་མཆོག།མཁས་དབང་རྣམ་པ། སློབ་གཉེར་པ་རྣམ་པ་ཡོངས་ལ་བཀྲ་ཤིས་བདེ་ལེགས་དང་། ཞོགས་པ་བདེ་ལེགས་ཞུ། ངས་དེ་རིང་བགྲོ་གླེང་གི་ལུས་ཀྱི་རྣམ་གཞག་དང་འབྲེལ་བའི་གཏམ་བཤད་ཞུ་དགོས་ཀྱི་ཡོད། གཏམ་བཤད་དངོས་གཞི་མ་ཞུས་པའི་གོང་དུ་ལོ་རྒྱུས་ཀྱི་གནད་དོན་དང་འབྲེལ་བའི་ཚིག་འགའ་ཤས་ཞུས་ཏེ་རྣམ་པ་ཚོ་ལ་དྲན་གསོ་དང་གསལ་འདེབས་ཀྱི་ཚུལ་དུ་ཞུ་རྒྱུ་ཡིན།
མཁས་དབང་རྣམས་ཀྱི་དགོངས་པར་མངའ་གསལ་ལྟར། ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་དམར་པོའི་གཞུང་གིས་བོད་ཁམས་ལ་དྲག་ཤུགས་ཀྱིས་བཙན་བཟུང་བྱས་པ་ནས་བཟུང་། འདས་པའི་ལོ་བདུན་ཅུ་ལྷག་རིང་འཆར་གཞི་ལྡན་པའི་ཐོག་ནས་བོད་ཀྱི་སྣོད་བཅུད་གཉིས་ཀ་རྩ་མེད་དུ་གཏོང་བའི་སྲིད་བྱུས་གདུག་རྩུབ་ཅན་སྣ་མང་ལག་བསྟར་བྱས་དང་བྱེད་བཞིན་ཡོད། ལྷག་པར་ཉེ་ལམ་ཕྱི་ཟླ་ ༧ ཚེས་ ༡ ཉིན་<<མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་>>ཅེས་པ་ཞིག་གཏན་འབེབས་ཁྱབ་བསྒྲགས་བྱས་ཏེ། མངོན་སུམ་འཛེམས་མེད་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་དུ་གཏོང་བའི་སྲིད་བྱུས་སྔར་ལས་ཀྱང་གདུག་རྩུབ་ཆེ་བ་ཞིག་ལག་བསྟར་འགོ་འཛུགས་བྱས་ཡོད་པ་ནི། བོད་ནང་དུ་རང་དབང་གི་ཐོག་ནས་སོ་སོའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་པའི་ཁོར་ཡུག་དང་གོ་སྐབས་མེད་པའི་མཚོན་རྟགས་གསལ་ཤོས་ཤིག་ཡིན།
བོད་གངས་ཅན་ལྗོངས་སུ་དེ་ལྟ་བུའི་ལོ་རྒྱུས་ཀྱི་འགྱུར་བ་ཆེན་པོ་ཞིག་བྱུང་བ་དང། བོད་ཀྱི་སྣོད་བཅུད་གཉིས་ཀ་གསོན་གནས་དཀའ་བའི་མཚམས་སུ་གྱར་བ་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ཀྱི་ཆབ་སྲིད་ཀྱི་ཁེ་དབང་འཐབ་རྩོད་གནང་བ་ཙམ་མ་ཡིན་པར། བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་རྣམས་རྒྱུན་གནས་དར་འཕེལ་ཡོང་ཐབས་སུ་དམིགས་བསལ་ཐུགས་འགན་བཞེས། ལ་དྭགས་པས་མཚོན་པའི་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མང་ཚོགས་ལ་ཐུགས་རེ་ཆེན་པོ་གནང་སྟེ། ཡུལ་ལུང་དེ་དག་ཏུ་བཤད་སྒྲུབ་གཉིས་ཀའི་ཐོག་ནས་བསྟན་པ་དར་འཕེལ་ཡོང་བར་རླབས་ཆེན་གྱི་མཛད་འཕྲིན་སྣ་མང་བསྐྱངས་ཡོད། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མང་ཚོགས་ལ་ཐུགས་རེ་ཆེན་པོ་གནང་གི་ཡོད་པའི་བཀའ་སློབ་ཀྱང་སྔ་ཕྱི་མང་པོ་ཕེབས་ཡོད། དཔེེར་ན། ཕྱི་ལོ་ ༢༠༠༩ ལོར། “དེང་སྐབས་སྤྱིར་འཛམ་གླིང་ནང་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་པོ་ཡོད་པ་དང། ནང་ཆོས་ངོ་མཚར་སྐྱེས་གཞི་ཞིག་ཆགས་ཡོད་ནའང། སངས་རྒྱས་ཀྱི་ཆོས་དངོས་སུ་ཉམས་ལེན་བྱེད་མཁན་རྒྱ་ནག་དང། སོག་ཡུལ། བོད་བཅས་ཀྱི་ནང་ཉམས་ཆག་ཆེན་པོ་ཕྱིན་པར་མ་ཟད། འབྱུང་འགྱུར་ཡང་ངེས་པ་མེད་པ་ཞིག་ཆགས་ཡོད་དུས། ཧི་མཱ་ལ་ཡའི་རི་རྒྱུད་ཁུལ་གྱི་མི་མང་ཚོས་གཞུང་ཆེན་ལ་སློབ་གཉེར་ཡག་པོ་གནང་སྟེ། ལུང་རྟོགས་ཀྱི་བསྟན་པ་མི་ཉམས་རྒྱུན་འཛིན་བྱེད་ཐུབ་པའི་ལས་འགན་ཡོད།”[1] ཅེས་དང། ཕྱི་ལོ་ ༢༠༢༢ ལོར། “ཧི་མཱ་ལ་ཡ་རི་རྒྱུད་ཀྱི་ཤེས་ཡོན་དེ་དང་པོ་བོད་ནས་ཚུར་དར་བ་རེད། བར་སྐབས་བོད་ལ་དཀའ་ངལ་འཕྲད་དུས་ཁྱེད་རང་ཚོས་སློབ་སྦྱོང་ཡག་པོ་བྱས་ནས་མ་འོངས་པར་བོད་ཙམ་མིན་པར། རྒྱ་རིགས་ལའང་ཚན་རིག་དང་མཐུན་པའི་ལྟ་གྲུབ་ཟབ་མོ་ཡོད་པའི་ནང་ཆོས་སླར་གསོ་བྱ་རྒྱུའི་ཐད་དམིགས་བསལ་གྱི་ལས་འགན་ཡོད།”[2] ཅེས་སོགས་ཀྱི་བཀའ་སློབ་ལན་མང་ཕེབས་ཡོད་ཡོངས་གྲགས་ལྟར་ཡིན།
༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་བཅུ་བཞི་པ་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དེ་མངོན་གྱུར་ཡོང་ཐབས་སུ། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་རིས་མེད་དགོན་སྡེ་ཁག་དང་མང་ཚོགས་གཉིས་ཀའི་ངོས་ནས། འདས་པའི་ལོ་མང་རིང་མངོན་གསལ་དང་མངོན་གསལ་མིན་པའི་ལས་གཞི་སྣ་མང་ཕྱག་བསྟར་གནང་དང་གནང་བཞིན་ཡོོད་ལ། ད་ཐེངས་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་གི་ངོས་ནས། <<བྷོ་ཊིའི་སྐད་ཡིག་གི་ལོ་རྒྱུས་དང། དེས་ཧི་མ་ལ་ཡའི་ནང་པའི་ལྟ་གྲུབ་རིག་གཞུང་སྲུང་སྐྱོབ་དང་དར་སྤེལ་བྱེད་ནུས་པ་>>ཞེས་པའི་བརྗོད་གཞིའི་ཐོག།རྒྱ་གར་རྒྱལ་ཡོངས་ཀྱི་མཁས་པའི་བགྲོ་གླེང་ཚོགས་འདུ་འདི་འདྲ་ཞིག་སྐོང་ཚོགས་གནང་བ་ནི། ཤིན་ཏུ་དོན་སྙིང་ཆེན་པོ་ལྡན་པ་དང་དུས་ལ་རན་པ་ཞིག་བྱུང་འདུག ཅེས་ཞུ་བར་འདོད།
དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་འདི་ཐོག་མར་གསར་འཛུགས་གནང་དགོས་པའི་རྒྱུ་མཚན་གཙོ་བོ་ཡང། ༸སྐྱབས་རྗེ་བ་ཀུ་ལ་རིན་པོ་ཆེ་མཆོག།ཕྱི་ལོ་ ༡༩༥༥ ལོར་བོད་ནང་འཚམས་གཟིགས་ལ་ཕེབས་པའི་སྐབས། རྒྱ་ནག་དམར་པོའི་གཞུང་གི་གནོན་ཤུགས་འོག་ནས། བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པ་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་གཟིགས་ཏེ། རྒྱ་གར་དུ་ཕྱིར་འཁོད་མ་ཐག་རྒྱ་གར་དབུས་གཞུང་གི་འབྲེལ་ཡོད་དཔོན་རིགས་རྣམས་ལ། བོད་བརྒྱུད་ཀྱི་ནང་པའི་ལྟ་གྲུབ་དང་འབྲེལ་བའི་རིག་གཞུང་ཐུན་མོང་མ་ཡིན་པ་རྣམས་བོད་ནང་དུ་ཉམས་ཉེན་ཆེན་པོ་འདུག་པས། ནང་པའི་རིག་གཞུང་དེ་དག་རྒྱུན་འཛིན་བྱ་བའི་དོན་དུ། གཞུང་ལུགས་དེ་དག་ལ་སློབ་སྦྱོང་བྱེད་སའི་བསྟི་གནས་ཁང་ཞིག་འཛུགས་ཐུབ་ན་ལེགས་པའི་དགོངས་ཚུལ་སྙན་སེང་ཞུས་འདུག་ལ། དེ་ནས་རིམ་པས་༸སྐྱབས་རྗེ་བ་ཀུལ་རིན་པོ་ཆེ་མཆོག་གིས་གཙོས་པའི་ལ་དྭགས་ཀྱི་མཁས་གྲུབ་སྐྱེས་བུ་མང་པོ་ཞིག་དང། ལ་དྭགས་ནང་ཚོགས་དང་དགོན་ཚོགས་བཅས་ཀྱིས་སྐུ་ལས་མང་པོ་བསྐྱོན་པའི་གྲུབ་འབྲས་སུ། ཕྱི་ལོ་ ༡༩༥༩ ལོར་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་འདི་ཉིད་གསར་འཛུགས་གནང་ཐུབ་པ་བྱུང་ཡོད། གཙུག་ལག་སློབ་གཉེར་ཁང་གི་ངོས་ནས་འདི་ལྟ་བུའི་བརྗོད་གཞི་དམིགས་བསལ་བའི་ཐོག།རྒྱ་གར་རྒྱལ་ཡོངས་རང་བཞིན་གྱི་མཁས་པའི་བགྲོ་གླེང་ཚོགས་འདུ་སྐོང་ཚོགས་གནང་བ་འདི། གཙུག་ལག་སློབ་གཉེར་ཁང་འདི་ཐོག་མར་གསར་འཛུགས་གནང་བའི་དམིགས་ཡུལ་དང་ཡོངས་སུ་མཐུན་པ་ཞིག་ཡིན།
ལྷག་པར་དུ་བྷོ་ཊིའི་སྐད་ཡིག་ལ་བརྟེན་ནས་ཧི་མཱ་ལ་ཡའི་ནང་པའི་ལྟ་གྲུབ་དང་རིག་གཞུང་སྲུང་སྐྱོབ་སྒོས་དར་སྤེལ་བྱེད་ནུས་པའི་སྐོར། བཤད་སྒྲོས་ཙམ་མ་ཡིན་པར་རྒྱུ་མཚན་དང་གནས་ལུགས་གཞི་ལ་གཞག་པའི་ཐོག་ནས་ཞིབ་ཏུ་གླེང་སྟེ་མང་ཚོགས་ཁྲོད་གོ་རྟོགས་སྤེལ་དགོས། ཐ་སྙད་གང་འདྲ་ཞིག་བེད་སྤྱོད་གནང་གི་ཡོད་མེད་ལ་མ་ལྟོས་པར། དབྱངས་གསལ་སོ་བཞིིའི་བརྒྱུད་ལམ་དུ་ཡོད་པའི་རྒྱལ་བའི་བཀའ་དང། དེའི་དགོངས་འགྲེལ་རྒྱ་གར་མཁས་པའི་གཞུང། བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་མཁས་གྲུབ་སྐྱེས་བུ་སྟོང་ཕྲག་མང་པོའི་གསུང་རྩོམ། མདོར་ན། ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཞུང་ལུགས་ཀྱི་གླེགས་བམ་རི་བོའི་གཏོས་དང་མཉམ་པ་ཡོད་པ་འདི་དག་ལ། ཐོས་བསམ་སྒོམ་གསུམ། འཆད་རྩོད་རྩོམ་གསུམ་གང་འདྲ་ཞིག་མཛད་དགོས་ཀྱང། དབྱངས་གསལ་སོ་བཞི་དང་དེའི་རྣམ་གཞག་སྟོན་པའི་བརྡ་སྤྲོད་ཀྱི་རྣམ་གཞག་ཁོ་ན་ལ་བརྟེན་པ་མ་ཡིན་པའི་བརྒྱུད་ལམ་གཉིས་པ་ཞིག་མེད་པའི་གནས་ལུགས། ད་ལྟའི་ཧི་མཱ་ལ་ཡའི་རི་རྒྱུད་ས་ཁུལ་གྱི་གཞོན་རབས་པ་རྣམས་ལ་ངོ་འཕྲོད་དགོས་པ་ཤིན་ཏུ་གལ་གནད་ཆེན་པོར་གྱུར་ཡོད་པའི་མཐོང་ཚུལ་གཏིང་ཟབ་བྱུང། ལོ་རྒྱུས་ལྡན་པའི་མི་རིགས་ཤིག་གི་གཞོན་རབས་པ་རྣམས་ལ་མཚོན་ན། རང་ཉིད་འཇིག་རྟེན་འདིར་གསོན་པོར་གནས་པའི་དགོས་དོན་གཙོ་བོ་ནི། རང་ཉིད་ཀྱི་མི་ཚེའི་ལྟོ་རྒྱབ་འཁྱོལ་ཐུབ་པ་ཙམ་མ་ཡིན་པར། རང་གི་མི་རིགས་ཀྱི་ངོ་བོ་དང་ཆེ་མཐོང་ཉམས་བརླག་མེད་པར་རྒྱུན་འཛིན་བྱ་དགོས་པ་དེ་ཡིན།
དེར་བརྟེན་ལ་དྭགས་ཀྱིས་གཙོས་ཧི་མཱ་ལ་ཡའི་རི་རྒྱུད་ས་ཁུལ་གྱི་མི་རབས་གསར་པ་རྣམས་ཀྱིས། རང་གི་ཕྲག་སྟེང་དུ་བབས་པའི་ལས་འགན་དེ་ངོས་ཟིན་པ་དང་སྒྲུབ་ཐུབ་པ་ཡོང་བ་ལ། སོ་སོའི་ཐུན་མོང་མ་ཡིན་པའི་སྐད་ཡིག་གི་ངོ་བོ་དང་རིན་ཐང་ངོས་ཟིན་པ་དང། སྐད་ཡིག་དེའི་བརྒྱུད་ལམ་དུ་རིན་ཐང་ལྡན་པའི་རིག་གཞུང་ཅི་ཞིག་ཡོད་པ། རིན་ཐང་ཅན་གྱི་རིག་གཞུང་དེ་དག་རྒྱུན་འཛིན་ཇི་ལྟར་བྱ་བ། རིག་གཞུང་དེ་དག་རྒྱུན་འཛིན་བྱས་པ་ལ་བརྟེན་ནས་རང་གཞན་ལ་ཕན་ཐོགས་ཅི་ཞིག་འབྱུང་རྒྱུ་ཡིན་པ་ལ་སོགས་པའི་གནས་ལུགས་རྣམས་ཞིབ་ཏུ་མཁྱེན་ཐུབ་པ་བྱ་དགོས་པར་བརྟེན། མང་ཚོགས་ཁྲོད་འདི་ལྟར་གོ་རྟོགས་སྤེལ་བ་དང་ཤེས་ཡོན་བརྒྱུད་སྤྲོད་བྱ་བ་ནི། དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་འདིའི་ལས་འགན་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་སྨོས་མ་དགོས།
ངའི་སྐད་ཆ་འདི་རྣམ་པ་ཚོར་སྙན་པོ་མེད་སྲིད་ཀྱང། གཙུག་ལག་སློབ་གཉེར་ཁང་གི་གཞོན་སྐྱེས་མང་པོ་ཞིག་འདིར་འཛོམས་ཡོད་པར་བརྟེན། ཁྱེད་ཚོར་གསལ་འདེབས་དང་དྲན་སྐུལ་གྱི་ཚུལ་དུ་ཞུ་རྒྱུ་ཡིན། འཛམ་གླིང་སྤྱི་འགྲོས་ལྟར་ཧི་མཱ་ལ་ཡའི་རི་རྒྱུད་ཁུལ་གྱི་གཞོན་སྐྱེས་མང་པོ་ཞིག་ཀྱང། དེང་རབས་ཀྱི་འདུ་འཛི་དང་གཡེང་བའི་དབང་དུ་གྱུར་ཏེ། རང་གི་དོན་དམ་གྱི་རྣམ་དཔྱོད་དང་བཟང་སྤྱོད་འཕེལ་རྒྱས་སུ་གཏོང་རྒྱུར་དོ་སྣང་བྱེད་མཁན་ཤིན་ཏུ་ཉུང་ངུར་གྱུར་ཡོད་པ་ནི། ང་རྐྱང་པའི་མཐོང་ཚུལ་ཙམ་མ་ཡིན་པར་མི་མང་པོ་ཞིག་ལ་གཅིག་མཚུངས་ཀྱིས་མཐོང་ཚུལ་དེ་ཡོང་གི་ཡོད། དེའི་མཚོན་རྟགས་མངོན་པར་གསལ་ཤོས་ཤིག་ནི། གཞོན་སྐྱེས་མང་པོ་ཞིག་གིས་རང་གི་སྐད་ཡིག་དང་རིག་གཞུང་ནི། ནུས་མེད་དང་དགོས་མེད། རང་གི་ཉིན་རེའི་འཚོ་བ་དང་འབྲེལ་བ་མེད་པ་ལྟ་བུ་ཞིག་ཏུ་ངོས་འཛིན་བྱས་ཏེ། རང་གི་རྒྱུན་སྤྱོད་ཀྱི་སྐད་ཆ་དང། བསམ་བློ། གོམས་གཤིས་བཅས་ལ་རང་གི་མི་རིགས་ཀྱི་ཁྱད་ཆོས་གཏན་ནས་མེད་པར་འགྱུར་བཞིན་ཡོད། ད་ལྟའི་ཉེན་ཁ་ཆེ་བའི་འགྱུར་འགྲོས་འདི་ལ་ཤེས་ཡོན་ལམ་སྲོལ་ཚད་ལྡན་ཞིག་གི་ཐོག་ནས་སྟངས་འཛིན་བྱེད་མ་ནུས་ཚེ། མཚམས་ཤིག་ནས་གཞོན་སྐྱེས་འདི་རིགས་མང་ཆེ་བས་རང་ཉིད་སུ་ཡིན་ངོས་མི་ཟིན་པར་བརླག་འགྲོ་ངེས་ཡིན། མི་སྒེར་པ་ཞིག་གི་མི་ཚེའི་བསམ་བློ་གཏོང་སྟངས་དང། སྐད་ཡིག་གོམས་གཤིས། རིན་ཐང་གི་ལྟ་བ་བཅས་ལ་འགྱུར་བ་ཕྱིན་པར་དེ་ཙམ་ཧ་ལས་དགོས་པའི་རྒྱུ་མཚན་མེད་སྲིད་ཀྱང། མི་སྒེར་པ་རེ་རེའི་འགྱུར་བ་དེ་ནི་མི་རིགས་ཤིག་ལ་མཚོན་ན། མི་རིགས་དེ་འཛམ་གླིང་འདིའི་སྟེང་ནས་རྩ་བརླག་ཏུ་འགྲོ་བའི་ཉེན་ཁ་ཆེ་ཤོས་དེ་ཡིན། འདས་པའི་ལོ་བརྒྱ་ཕྲག་དང་སྟོང་ཕྲག་རིང། ལ་དྭགས་པ་ལ་དྭགས་པ་རང་བྱས་ནས་འཚོ་གནས་བྱེད་ཐུབ་ཡོད། མ་འོངས་པར་ལ་དྭགས་པ་རྣམས་ལ་དྭགས་པ་རང་བྱས་ནས་འཚོ་གནས་བྱེད་ཐུབ་མིན་ནི། ཁང་པ་རྫིག་པོ་ཡོད་མེད་དང། རྒྱུ་ནོམ་པ་མང་པོ་ཡོད་མེད་སོགས་ཕྱིའི་མཐུན་རྐྱེན་གྱི་གནས་སྟངས་ཙམ་ལ་རག་ལས་པ་ཞིག་གཏན་ནས་མིན། ལ་དྭགས་པ་རྣམས་མུ་མཐུད་ལ་དྭགས་པ་རང་གི་ངོ་བོ་དང་ཆེ་མཐོང་མ་བརླག་པའི་ཐོག་ནས་འཛམ་གླིང་སྟེང་གནས་དགོས་ཀྱི་ཡོད་ན། ད་ལྟའི་ཉེན་ཁ་ཆེ་བའི་འགྱུར་འགྲོས་འདི་ངོས་ཟིན་པའི་ཐོག་ནས་རང་གི་སྐད་ཡིག་དང། བསམ་བློ། རིག་གཞུང། གོམས་གཤིས། རིན་ཐང་གི་ལྟ་བ་བཅས་རྒྱུན་འཛིན་བྱེད་ཐུབ་མིན་ལ་འབྲེལ་བ་གཏིང་ཟབ་ཡོད་པ་ཞིག་ཡིན། དེར་བརྟེན་ཛ་དྲག་ངང་སྒྲུབ་དགོས་པའི་ལས་དོན་འདི་ལ་འབྲེལ་ཡོད་དབང་འཛིན་པ་དང་མི་རབས་རྒན་པ་རྣམས་ཀྱིས་སྣང་མེད་གཏན་ནས་མཛད་མི་རུང།
ངས་གཞོན་སྐྱེས་སློབ་གཉེར་པ་ཚོར་ཁ་གསལ་པོ་བྱས་ནས་ཞུས་ན། རང་གི་མི་རིགས་ཀྱི་རྩ་བ་དང་ངོ་བོ་བརླག་ཟིན་པའི་སྐྱེས་བུ་མང་ཆེ་བ་ནི། རང་གི་སྐད་ཡིག་དང། རིག་གཞུང། གོམས་གཤིས། ལོ་རྒྱུས་བཅས་ཀྱི་གཟུང་ཐག་ཆད་པའི་ཤོག་བྱ་ལྟ་བུར་ཆགས་འགྲོ་གི་ཡོད། དེ་རིགས་ཀྱིས་རང་ཉིད་རླུང་གིས་གང་དུ་འཁྱེར་རྒྱུ་ཡིན་པ་དང། གང་དུ་ལྷུང་གི་ཡིན་པ་གཏན་ནས་ཤེས་མི་ཐུབ། རང་གི་མི་རིགས་ཀྱི་ངོ་བོ་བརླག་ཟིན་པའི་སྐྱེས་བུ་དེ་རིགས་རྒྱུ་དང་འབྱོར་བ་ཅི་ཙམ་སྟོབས་ཆེན་པོ་ཞིག་ཡིན་པའི་དབང་དུ་བྱས་ཀྱང། མིའི་མི་ཚེའི་རིན་ཐང་གི་ཆ་ནས་བཤད་ན། རྣམ་ཤེས་དང་བྲལ་བའི་བེམ་པོ་ཞིག་ལས་གང་ཡང་མིན། སྐྱེས་བུ་འདི་རིགས་གསོན་པོར་གནས་པའི་མི་ཚེ་ནི། ཆ་མ་ཚང་བ་ཞིག་དང། སེམས་ཀྱི་གཏིང་རིམ་ལ་གང་ཞིག་བརླག་སོང་བའི་སྟོང་ཆ་ཆེན་པོ་ཞིག་རྒྱུན་པར་འབྱུང་ངེས་ཡིན་ལ། སྐྱེས་བུ་དེ་རིགས་ཀྱི་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་བ་ཤིན་ཏུ་དཀའ། དེར་བརྟེན་འགྲོ་བ་མི་ཞིག་ལ་མཚོན་ན། རང་གི་ངོ་བོ་མ་བརླག་པར་བྱ་དགོས་པ་ནི། ལས་དོན་ཡོངས་རྫོགས་ཀྱི་རྩ་བ་དང། ནུས་ཤུགས་ཐམས་ཅད་ཀྱི་འབྱུང་ཁུངས། རང་གི་མི་རིགས་ཡར་རྒྱས་འགྲོ་བའི་སྒུལ་ཤུགས་ཆེ་ཤོས་དེ་ཡིན་ཞེས་བཤད་ཀྱང་ཆོག་སྙམ།
སྤྱིར་ལུང་པ་རེ་རེ་ལ་སྐད་ལུགས་མ་འདྲ་བ་རེ་ཡོད་པ་དངོས་ཡོད་གནས་ཚུལ་ཡིན། འོན་ཀྱང་རང་གི་ལུང་སྐད་ལ་གཙིགས་འཛིན་དང་ཞེན་ཆགས་བྱ་རྒྱུ་མང་དྲག་ན། བོད་དང་ཧི་མ་ལ་ཡའི་རི་རྒྱུད་སྤྱི་ལ་ཁྱབ་པའི་བརྡ་སྤྲོད་ཀྱི་རྣམ་གཞག་དང། ཚད་ལྡན་མཁས་པའི་གཞུང་ལུགས་མང་པོ་ཡོད་པ་དེ་དག་རིམ་གྱིས་བེད་མེད་དུ་འགྱུར་འགྲོ་ངེས་ཡིན། ང་ལ་མཚོན་ན་བོད་ལྗོངས་མདོ་སྨད་ཀྱི་ཤར་མཐའི་ས་མཚམས་ཕྱོགས་སུ་སྐྱེས་པ་ཞིག་ཡིན། ངའི་ཕ་ཡུལ་གྱི་ལུང་སྐད་རང་གི་ཐོག་ནས་སྐད་ཆ་བཤད་ན་ཁྱེད་རང་ཚོ་སུ་གཅིག་གིས་ཀྱང་གོ་མི་ཐུབ་ལ། ང་ཚོའི་ལུང་པ་ནས་སྤྱི་ལེ་བཅུ་གྲངས་ཤིག་བརྒལ་བའི་རྗེས། ངའི་ལུང་སྐད་དེ་བེད་སྤྱོད་མེད། ལུང་སྐད་མང་ཆེ་བའི་གནས་སྟངས་འདི་དང་འདྲ་མཚུངས་ཡིན། ང་ཚོས་རང་གི་ལུང་སྐད་ཤེས་དགོས་ཀྱང། ཤེས་ཡོན་སློབ་སྦྱོང་གི་བརྒྱུད་ལམ་ལུང་སྐད་ལ་བརྟེན་གྱི་ཡིན་ཟེར་ན་ཕན་ཐོགས་གང་ཡང་མེད་པའི་བསམ་འཆར་ཞིག་རེད། རྒྱུ་མཚན་ནི། ལུང་སྐད་མང་ཆེ་བའི་བརྒྱུད་ལམ་དུ་ཆོས་དང་རིག་གནས་ཀྱི་གཞུང་ལུགས་ཚད་ལྡན་སློབ་སྦྱོང་བྱེད་རིན་ཡོད་པ་གཅིག་ཀྱང་མེད། དེར་བརྟེན་སློབ་སྦྱོང་པ་དང། ཤེས་ཡོན་པ། རིག་གཞུང་འཛིན་སྐྱོང་གི་བྱ་བ་བྱེད་མཁན་རྣམས་ཀྱིས། དགོངས་པ་རྒྱ་ཆེ་སར་བཞེས་ཏེ་ཤེས་ཡོན་སློབ་སྦྱོང་གི་སྐད་ཡིག་བརྒྱུད་ལམ་དང། འཆད་རྩོད་རྩོམ་གསུམ་གྱི་བྱ་བ་གང་འདྲ་ཞིག་མཛད་ཀྱང་བོད་དང་ཧི་མཱ་ལ་ཡའི་རི་རྒྱུད་སྤྱི་ལ་ཁྱབ་པའི་བརྡ་སྤྲོད་ཀྱི་རྣམ་གཞག་དང་མཐུན་པ་དང། ཚད་ལྡན་མཁས་པའི་བསྟན་བཅོས་ཀྱི་རྩོམ་འགྲོས་དང་མཐུན་པ་ཞིག་ཡོང་ཐབས་གནང་དགོས་པ་ནི་ཤིན་ཏུ་གལ་གནད་ཆེན་པོར་གྱུར་ཡོད། བོད་སྐད་སྦྱོང་དགོས་ཞེས་པ་ནི། ལུང་སྐད་བྱེ་བྲག་པ་ཞིག་སྦྱོང་དགོས་པའི་དོན་མིན། བརྡ་སྤྲོད་ཀྱི་རྣམ་གཞག་དང་མཐུན་པ་དང། བསྟན་བཅོས་ཀྱི་རྩོམ་འགྲོས་དང་མཐུན་པའི་སྐད་ཆ་ལ་ཉན་ཐུབ་པ་དང། བཤད་ཤེས་པ་བྱ་དགོས་པའི་དོན་ཡིན།
ལུང་སྐད་ཀྱི་བརྡ་དང་ཐ་སྙད་མང་པོ་བསྡེབས་ནས་ཡིག་རྩོམ་འབྲི་བའི་སྲོལ་དུས་འགྱུར་གྱི་གོང་དུ་ཡང་བྱུང་ཡོད་ཚོད། དེར་བརྟེན་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། “རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང། དཔེར་ན། ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་འཁྱེར་ཡང། ཐམས་ཅད་ཀྱིས་ལྷོགས་ཤིང་གོ་ཐུབ་པ་ཡིན། དེ་མིན་དེང་སང་མཐའ་མི་འགའ་ཤིག་གིས། དབུས་ཀྱི་ཕལ་སྐད། བླ་དྭགས་ཀྱི་ཕལ་སྐད་སོགས་སྣང་བར་གང་དྲན་གྱི་སྐད་མཛོད་དང་གླེགས་བམ་སྡེབ་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས།”[3] ཞེས་ཡང། ཡང། “གལ་ཏེ་ཕལ་སྐད་གསར་པ་དེ་འདྲ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ན་ཡང། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱི་བག་ཟོན་དགོས་པ་ལགས།”[4] ཞེས་སོགས་གསུངས་པ་ལྟར། ལུང་པ་སོ་སོའི་ཕལ་སྐད་དང་ཡུལ་སྐད་རྐྱང་པ་གཙིགས་འཛིན་བྱ་ཐལ་ཤོར་ན། བོད་དང་ཧི་མཱ་ལ་ཡའི་རི་རྒྱུད་སྤྱི་ལ་ཁྱབ་པའི་ཡི་གེའི་རྣམ་གཞག་དང། བསྟན་བཅོས་ཀྱི་རྩོམ་འགྲོས་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དེ་རིམ་གྱིས་ཉམས་བརླག་ཏུ་འགྱུར་ངེས་ལ། དེ་ལྟར་གྱུར་ན་དེ་ནི་སྐད་ཡིག་དང་རིག་གཞུང་གཅིག་པའི་བོད་དང་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ཡུལ་ལུང་སྤྱིའི་གྱོང་གུད་ཚབས་ཆེ་ཤོས་ཤིག་ཏུ་འགྱུར་ངེས་ཡིན།
མདོར་ན། “བྷོ་ཊིའི་སྐད་ཡིག་གི་ལོ་རྒྱུས་དང། དེས་ཧི་མཱ་ལ་ཡའི་ནང་པའི་ལྟ་གྲུབ་རིག་གཞུང་སྲུང་སྐྱོབ་དང་དར་སྤེལ་བྱེད་ནུས་པ།” ཞེས་པའི་བརྗོད་གཞིའི་ཐོག་མཁས་པའི་བགྲོ་གླེང་སྐོང་ཚོགས་དང། བརྩམས་ཆོས་མང་པོ་གསར་རྩོམ་མཛད་པའི་རླབས་ཆེན་གྱི་བྱ་བ་འདི་ལ་བརྟེན་ནས། ཧི་མཱ་ལ་ཡའི་རི་རྒྱུད་ཁུལ་གྱི་གཞོན་སྐྱེས་མང་པོ་ཞིག་ལ་རང་གི་སྐད་ཡིག་གི་རིན་ཐང་ཤེས་པ་དང། རང་གི་ཆོས་དང་རིག་གཞུང་རྒྱུན་འཛིན་བྱ་དགོས་པའི་གོ་རྟོགས་དང་སེམས་ཤུགས་འཕེལ་ངེས་ཡིན་ལ། མཁས་དབང་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས། “འཕགས་ཡུལ་ཐེག་གསུམ་གྲུབ་མཐའ་རྣམ་བཞིའི་དོན། །བྷོ་ཊའི་སྲོལ་རྒྱུན་རྣམ་གྲངས་སྣ་ཚོགས་སུ། །དར་བའི་ལེགས་བཤད་བྱེ་བ་འབུམ་གྱི་བཅུད། །འཛིན་སྐྱོང་སྤེལ་བའི་སློབ་ཁང་ཨེ་མ་ཧོ། །གཞན་ཡང་བརྡ་སྤྲོད་སྐད་ཀྱི་རྣམ་གྲངས་དང་། །དེང་རབས་སྒྱུ་རྩལ་ཚན་རིག་འཕྲུལ་ལས་སོགས། །གནའ་དེང་ཤེས་བྱའི་གནས་ཀུན་དུས་གཅིག་ཏུ། །སྦྱང་ཡུལ་གཙུག་ལག་ཁང་ཆེན་ཨེ་མ་ཧོ། །”[5]ཞེས་སོགས་གསུངས་པ་ལྟར། ལ་དྭགས་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་གི་ཤེས་ཡོན་སློབ་སྤེལ་གྱི་མཛད་བཟང་ལ་བརྟེན་ནས། ཡུལ་འདིའི་མི་རབས་གསར་པའི་གཞོན་སྐྱེས་རྣམས་རང་གི་སྲོལ་རྒྱུན་ཤེས་ཡོན་གྱི་རྨང་གཞི་བརྟན་པོ་ཡོད་པའི་ཐོག།དེང་རབས་ཤེས་ཡོན་གྱི་གནས་ཚད་ལོན་པ་སྟེ། ཤེས་ཡོན་འདབ་གཤོག་གཉིས་ལྡན་ཞིག་ཏུ་སྐྱེད་སྲིང་བྱ་དགོས་པ་ནི། དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་འདི་ཉིད་གསར་འཛུགས་གནང་བའི་དགོས་དོན་གཙོ་བོ་ཡིན་ལ། ད་ཐེངས་ཀྱི་བགྲོ་གླེང་འདི་ཡང་དགོས་དོན་དེ་འགྲུབ་པའི་རྒྱུ་ཚོགས་ཁྱད་པར་བ་ཞིག་ཏུ་གྱུར་ཡོད་པ་སྨོས་མ་དགོས་པས། ཕྲན་བགྲོ་གླེང་ཚོགས་བཅར་པ་དཀྱུས་མ་ཞིག་གི་ངོས་ནས། འབྲེལ་ཡོད་གཙོ་འཛིན་རྣམ་པ་དང། བགྲོ་གླེང་གོ་སྒྲིག་གནང་མཁན། གསུང་བཤད་གནང་མཁན་གྱི་མཁས་དབང་རྣམ་པ་བཅས་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་གི་བྷོ་ཊིའི་སྡེ་ཚན་གྱི་འགན་འཛིན་འབུམ་རམས་པ་གཡང་འབྱོར་ལགས་ཀྱིས། རྒྱ་གར་རྒྱལ་ཡོངས་མཁས་པའི་བགྲོ་གླེང་གི་དབུ་འབྱེད་མཛད་སྒོའི་ཐོག །བགྲོ་གླེང་གི་བརྗོད་གཞིའི་སྙིང་དོན་ནམ་ལུས་ཀྱི་རྣམ་གཞག་དང་འབྲེལ་བའི་གཏམ་བཤད་བྱ་དགོས་པའི་རེ་སྐུལ་ཕེབས་པ་བཞིན། ཕྲན་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོའི་མིང་འཛིན་པ་རེ་མདོ་སེངྒེ་ནས། ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༩ ཚེས་ ཉིན་ ༥ ཉིན་འགྲུལ་བཞུད་ཀྱི་ལམ་བར་དུ་དྲན་ཐོ་བཀོད། མཛད་སྒོའི་གཏམ་བཤད་གྲུབ་པའི་རྗེས། འབྲེལ་ཡོད་འགའ་ཤས་ཀྱིས་གཏམ་བཤད་དེ་ཡིག་འབེབས་བྱས་ཏེ། རྩོམ་ཡིག་གི་རྣམ་པར་སྤེལ་ཐུབ་ན་བོད་དང་ཧི་མཱ་ལ་ཡའི་གཞོན་སྐྱེས་ཚོར་ཕན་ཐོགས་ཡོང་ལུགས་ཀྱི་རེ་འདུན་གནང་བ་ལྟར། གཏམ་བཤད་ཀྱི་སྙིང་དོན་ཡིག་ཐོག་ཏུ་བཀོད་པ་ལགས།
[1] ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༥ ཚེས་ ༡༦ ཉིན། གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། འཇམ་དབྱངས་ཆོས་གླིང་བཙུན་དགོན་རིགས་ལམ་སློབ་གཉེར་ཁང་གི་གཙུག་ལག་ཁང་དབུ་འབྱེད་དང་རབ་གནས་བཀའ་དྲིན་བསྐྱངས་པའི་སྐབས་བསྩལ་པའི་བཀའ་སློབ་ལས་ལུང་འདྲེན་ཞུས། [2] ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༨ ཚེས་ ༡༡ ཉིན། གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཟངས་དཀར་གྱི་མང་ཚོགས་ལ་བསྩལ་པའི་བཀའ་སློབ་ལས་ལུང་འདྲེན་ཞུས། [3] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་དེབ་ཕྲེང་གསུམ་པའི་ཤོག་གྲངས་ 271 ན་གསལ། [4] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་དེབ་ཕྲེང་གསུམ་པའི་ཤོག་གྲངས་ 272 ན་གསལ། [5] ལ་དྭགས་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་གི་རིགས་ཀྱི་གླུ་ལས་དྲངས།



