རྫ་ཚེ་རིང་བཀྲ་ཤིས།
མཆན། ཆད་མདོ་ཞེས་པ་ནི་གུ་རུ་པདྨའི་སྒྲུབ་སྡེ་གཏེར་མ་དག་ལས་ཤས་ཆར་འབྱུང་བ་ཞིག་སྟེ། སྔོན་གྱི་དུས་སུ་དམ་བཅའ་དང་ཞལ་ཆད་གནང་བའི་སྲུང་མ་རྣམས་ཀྱི་ཐུགས་དམ་བསྐུལ་ཞིང་ལས་ལ་བཅོལ་བའི་གཏོར་འབུལ་གྱི་རྣམ་གྲངས་ཤིག་ཡིན། རྩོམ་ཡིག་འདིར་ཆད་མདོ་བཏགས་པ་ནི་སེམས་དཔའ་ཆེན་པོ་རྣམས་གཞན་དོན་འབའ་ཞིག་ལ་སེམས་ཅན་གཅིག་གི་ཕྱིར་ཡང་མནར་མེད་དུ་འཇུག་པ་ལྟ་བུའི་དམ་བཅའི་ཞལ་བཞེས་ཡོད་པ་ཉིད་སྐུལ་ཞིང་དྲན་པར་བྱ་བའི་གསོལ་འདེབས་ཀྱི་ཞུ་འབོད་བྱེད་པ་ལ་འདྲ་བ་ཙམ་གྱི་ཆ་ནས་བཏགས་པའི་མིང་ངོ་། །
སངས་རྒྱས་ལ་ཕྱག་འཚལ་ལོ། །
ཀྱེ་ཀྱེ་བདག་གི་བླ་མ་དཔལ་ལྡན་གྲུབ་ཆེན་མགར། །
ཀུན་ལ་ཉེ་རིང་མེད་པའི་བྱང་སེམས་རིན་པོ་ཆེ། །
ཁྱེད་ཀྱི་སྐུ་ལ་བསྙུན་པ་མེད་པར་བདེ་ལགས་སམ། །
ཁྱེད་ནི་སྔར་བཞིན་བྱམས་ཤིང་བརྩེ་བས་བཞུགས་ལགས་སམ།།
ཁྱེད་སྐུ་ཅུང་ཟད་བསྙུན་ནོ་ཞེས་པ་བདག་གིས་ཐོས། །
ཁྱེད་ཀྱིས་ཞལ་ཟས་ཆེར་མི་བཞེས་ཞེས་བདག་གིས་ཐོས། །
ཁྱེད་ནི་སྨན་ཁང་ཕེབས་མི་བཞེད་ཅེས་བདག་གིས་ཐོས། །
འདི་དག་ཚང་མ་བདེན་པ་མིན་པར་བདག་གིས་འདོད། །
སྤྱིར་ནི་བླ་མ་མི་རུ་སྣང་བའི་དུས་ཉིད་ནས། །
ཐ་མལ་ཚུལ་གྱིས་སྐྱེ་རྒ་ན་འཆི་བརྒྱུད་དགོས་མོད། །
ཁྱེད་ནི་བདག་གི་ཡིད་ཀྱི་བྱང་སེམས་གསོན་པོ་སྟེ། །
ཁྱེད་ཀྱི་ཁུར་ནི་གཞན་དག་སུ་ལས་ལྕི་བ་ཡིན། །
ཁྱེད་རང་ཨ་རིའི་ལུང་པར་བཞུགས་གདན་འཇགས་པ་བདེན། །
དེ་ན་མི་ཡུལ་རང་དབང་ཆེ་ཤོས་མཆིས་པ་བདེན། །
འོན་ཀྱང་ཁྱེད་ནི་གཞན་གྱི་དོན་དུ་འཁྲུངས་པ་སྟེ། །
སྙིང་རྗེའི་དབང་གིས་གཞན་དབང་ཉིད་དུ་གྱུར་པ་ཡིན། །
ཁྱེད་ཀྱི་རྗེས་སུ་ཞུགས་པ་ཀུན་ལ་ཕན་པའི་ཕྱིར། །
ཁྱེད་ལ་འཁྲེངས་ཤིང་བརྩེ་བ་མཐའ་དག་དགའ་བའི་ཕྱིར། །
ཁྱེད་ཀྱི་མཛད་པ་ཡོད་ཚད་གདུལ་བྱའི་ཆེད་དུ་སྟེ། །
ཁྱེད་ལ་བཏང་སྙོམས་མཛད་པའི་རང་དབང་ཡོངས་མེད་དོ། །
གདུལ་བྱའི་དོན་དུ་འགྱུར་བར་ངེས་ན་ཨ་ཅང་ཅང་། །
ཐ་མལ་སྐྱེ་བོའི་བསམ་པ་རྫོགས་པའི་ཆེད་ཙམ་ཡང་། །
སུ་ཡིས་གསོལ་བ་བཏབ་པ་དེ་ལ་གསན་དགོས་ཏེ། །
ཁྱེད་ཀྱི་གསང་གསུམ་གཞན་གྱི་ཆེད་དུ་བསྔོས་པས་སོ། །

འཛམ་བུ་གླིང་འདི་ཞི་བདེ་འོད་དང་སྔར་ལས་རིང་། །
དབུ་ཁྲིད་ཕལ་ཆེར་སྒེར་གཅོད་ལམ་དང་སྔར་ལས་ཉེ། །
ཚན་རིག་ཕལ་ཆེར་རང་བྱུང་ཁམས་དང་སྔར་ལས་འགྲས། །
ད་ནི་ཅི་ལ་བསམ་ཀྱང་བདེ་བའི་གོ་སྐབས་ཉུང་། །
ལུས་སེམས་གཅོང་བའི་རྒན་འཁོག་མི་འབོར་མང་དུ་ཕྱིན། །
དོགས་མཚེར་ན་བའི་གཞོན་པའི་ལོ་ཚད་དམའ་རུ་བབས། །
ལས་གནས་ཤོར་བའི་དར་མའི་གྲངས་ཀ་བསྡབས་ཀྱིས་འཕར། །
སྣང་བའི་འཇིག་རྟེན་འདི་ཉིད་སྐྱོ་བའི་སྣོན་མར་གདའ། །
ནང་པ་སྤྱི་ཡི་ཁ་གྲངས་ཉིན་བཞིན་ཉུང་ངུར་བྲི། །
བོད་བརྒྱུད་ནང་བསྟན་གཞོན་སྐྱེས་རྗེས་འཇུག་རིམ་བཞིན་གོད། །
བསླབ་པ་ཀུན་གྱི་གཞི་མ་དབྱངས་གསལ་སོ་བཞི་ཡང་། །
སོ་ཀའི་ཆབ་རོམ་བཞིན་དུ་ཤིན་ཏུ་འཇིག་ལ་ཕྱོགས། །
བླ་རྒན་རྒན་པ་རྣམས་ནི་རིམ་བཞིན་ཞིང་ཁམས་བརྗེས། །
མཁན་སྤྲུལ་གཞོན་པ་དག་ནི་ཁ་ཕྱོགས་མེད་པར་གཡེངས། །
དགོན་པ་ཕལ་ཆེར་གྲྭ་པས་སྟོངས་པའི་ཁང་པ་ཙམ། །
སྐྱོ་བའི་རབས་ལས་གླེང་ན་སྡུག་པའི་མཐའ་ལ་བབས། །
འོན་ཀྱང་ད་དུང་དམ་པ་འགའ་ཞིག་མེད་པ་མིན། །
བསྟན་པའི་གནས་དང་འདུས་པའི་སྡེའང་ཡོད་པ་ཡིན། །
ཁྱད་པར་བསྟན་པ་ཐུགས་ལ་བཞུགས་པ་འགའ་ཞིག་ཡོད། །
དེ་ཡི་ནང་ནས་ཁྱེད་ནི་གཙོ་བོའི་གཙོ་བོ་ཡིན། །
ཁྲིམས་ལྡན་ཡུན་རིང་འཚོ་བ་བསོད་ནམས་ཆེན་པོར་གསུངས། །
བཤེས་གཉེན་གང་དུ་བཞུགས་པ་ལྷ་མིའི་མཆོད་སྡོང་ཡིན། །
སྙིང་རྗེའི་ཐུགས་དང་ལྡན་པ་འགྲོ་བའི་དེད་དཔོན་ཏེ། །
ཁྱེད་ཉིད་སྲིད་འདིར་བཞུགས་པ་རེ་བའི་སྒྲོན་མེ་ཡིན། །
བྱམས་བརྩེ་ཁོ་ནས་གྲུབ་པའི་མི་ཞིག་ཡོད་སྲིད་ན། །
གཞན་དོན་ཁོ་ནས་རྒྱུ་བའི་དབུགས་ཞིག་ཡོད་སྲིད་ན། །
མ་བཏུང་ན་ཡང་ཕན་པའི་སྨན་ཞིག་ཡོད་སྲིད་ན། །
ཐེ་ཚོམ་མེད་པར་ཁྱེད་ཉིད་ཡིན་ཞེས་བདག་གིས་འབོད། །
འཛམ་གླིང་འདི་ན་ཁྱེད་ལ་དད་མཁན་མང་པོ་ཡོད། །
དད་པ་མི་ཤེས་པ་ཡང་ཁྱེད་ལ་དགའ་བཞིན་ཡོད། །
དེ་ནི་ཁྱེད་ཀྱི་བྱམས་དང་སྙིང་རྗེའི་འཐེན་ཤུགས་ཏེ། །
ང་ཚོ་སྙིང་ནས་ཁྱེད་ལ་དགའ་བ་བདེན་པ་ཡིན། །
དཔའ་ཆུང་པ་ཡིས་གཏད་པའི་ཕྱག་ཆེན་ཁྱེད་ལ་མཆིས། །
མུན་སེལ་ཞབས་ཀྱིས་གནང་བའི་རྫོགས་ཆེན་ཁྱེད་ལ་ཡོད། །
གྲུབ་མཆོག་ཞབས་ལས་བརྒྱུད་པའི་སེམས་བསྐྱེད་ཁྱེད་ལ་སྣང་། །
ཁྱེད་ནི་སངས་རྒྱས་བསྟན་པའི་བུམ་པ་བཟང་པོ་ཡིན། །
ཁྱེད་མེད་ཕྱག་ཆེན་གངྒ་བྲག་ཆའི་གླུ་དབྱངས་ཙམ། །
ཁྱེད་མེད་ཚིག་གསུམ་གནད་བརྡེགས་ཚིག་གི་ལྟ་བ་ཙམ། །
ཁྱེད་མེད་རྒྱལ་སྲས་ལག་ལེན་ཤོག་བུའི་དཔེ་ཆ་ཙམ། །
ཁྱེད་ནི་རྟོགས་པ་ཡོངས་སུ་རྫོགས་པའི་འདྲ་འབག་གོ །
བཀའ་བརྒྱུད་བསྟན་པ་ཐོབ་དང་ཁྲི་ཡིས་དབང་བསྒྱུར་དུས། །
འཇིག་རྟེན་མགོན་པོའི་ཐུགས་ལ་བརྣགས་པའི་ཆོས་འཛིན་པ། །
ཆོས་སྡིངས་པ་ཞེས་དཔལ་ལྡན་མགར་ཆེན་སྐྱེས་པའི་རབས། །
ཁྱེད་ལ་ལྷག་པའི་ཐུགས་འགན་ཡོད་པ་མཁྱེན་པར་མཛོད། །
སྐྱབས་མཆོག་ཆོས་ཀྱི་སྣང་བ་ཁ་བའི་ལྗོངས་སུ་བཞུགས། །
འགྲོ་མགོན་འཕྲིན་ལས་ལྷུན་གྲུབ་དབེན་པའི་རི་ལ་ཕེབས། །
འབྲི་བསྟན་མཁའ་ཡི་འོད་སྣང་ཉི་མ་ཟླ་བ་ཟུང་། །
ལྷན་དུ་འཛོམས་པ་དེ་སྲིད་ཁྱེད་སྐུ་བརྟན་པར་མཛོད། །
སྐྱབས་མགོན་རྣམ་པ་གཉིས་ཀྱི་དགྱེས་ཞལ་མ་འཛོམས་སྔོན། །
ཁྱེད་ཅག་ཡབ་སྲས་ཞལ་འཕྲད་མངོན་དུ་མ་གྱུར་སྔོན། །
འཇིག་རྟེན་མགོན་པོའི་འཕྲིན་ལས་མཐའ་དག་མ་འགྲུབ་སྔོན། །
ཐུགས་ལས་ཆུང་ངུར་མ་བཞུགས་དཔལ་ལྡན་མགར་ཆེན་པ། །
མགར་དགོན་ལྷ་སྡེ་མི་སྡེས་ངང་སྒུག་ཞུ་བཞིན་ཡོད། །
འབྲི་གུང་བསྟན་པ་ཡོངས་ཀྱིས་རེ་ལྟོས་གནང་བཞིན་ཡོད། །
ཤར་ནུབ་རྒྱལ་ཁབ་མི་འདྲའི་དད་སློབ་གཞན་པས་ཀྱང་། །
ད་དུང་ཡང་ཡང་མཇལ་བར་གསོལ་བ་འདེབས་བཞིན་ཡོད། །
ང་ཡང་ཉེ་སྔོན་བོད་དུ་ཁྱུག་ཙམ་ཕྱིན་པ་ཡིན། །
གྲུབ་དབང་སྒྲུབ་བརྒྱུད་པ་དང་ཞིབ་ཏུ་མཇལ་བ་ཡིན། །
ཁྱེད་ཀྱི་ཐུགས་རྗེའི་མཛད་པ་ཕྱོགས་ཙམ་གླེང་བའི་སྐབས། །
ང་ལ་མིག་ཆུ་རང་དབང་མེད་པར་བཞུར་བ་བྱུང་། །
བཀའ་བརྒྱུད་པ་ལ་བླ་ཆེན་མིང་ཆེན་མང་ན་ཡང་། །
མི་ལ་རས་ཆེན་བཞིན་དུ་ཆོས་དང་མཐུན་པ་ཞིག །
བྱིན་རླབས་ཉམས་ཀྱི་བརྒྱུད་པའི་དཔེ་དབྱིབས་གསོན་པོ་ཞིག །
ཡུལ་དུས་འདི་ན་མགར་ཆེན་ཙམ་ཞིག་ཡིན་ནམ་ཞུས། །
ཁྱེད་ཀྱིས་ང་ལ་གནང་བའི་བརྩེ་བ་ཤིན་ཏུ་ཟབ། །
ཁྱེད་ཀྱིས་ང་ལ་བཞག་པའི་བག་ཆགས་ཤིན་ཏུ་ཟབ། །
ཁྱེད་ཀྱིས་ང་ལ་དགོངས་པའི་ཐུགས་རྗེ་ཤིན་ཏུ་ཟབ། །
ཟབ་པའི་མཐའ་འདི་བསམ་ན་མིག་ཆུ་ག་ལ་ཁོག །
ང་ལ་འབུལ་རྒྱུའི་དངོས་པོ་གང་ཡང་མེད་ན་ཡང་། །
ཤར་ནུབ་རྒྱ་མཚོའི་ནམ་འཕང་བཅད་ནས་ཁྱེད་ཞབས་བསྙེགས། །
ལོ་རེ་བཞིན་དུ་དགྱེས་པའི་ཞལ་བཟང་ལན་རེ་མཇལ། །
ཁོ་བོ་ཁོ་ནའི་ཆེད་དུའང་ཡུན་རིང་བཞུགས་པར་མཛོད། །
ཉེ་ཆར་ཁོ་བོ་ཐའེ་ཝན་ཡུལ་དུ་ཕྱིན་པ་ཡིན། །
དད་སློབ་ཚང་མས་ཁྱེད་རང་དྲན་པར་ཚད་མི་འདུག །
སྔོན་ཆད་ས་འདིར་ཁྱེད་ཀྱིས་བསྐྱངས་པའི་མཛད་པ་དག །
ཕྱེར་དྲན་བྱེད་ཀྱིན་ཁྱེད་ཀྱི་བྱམས་བརྩེ་གླེང་པ་ཡིན། །
བླ་མ་ཡེ་ཤེས་རབ་རྒྱས་ང་གཉིས་སླར་ཡང་ཐུག །
ཉེ་སྔོན་ཁྱེད་ཞལ་མཇལ་བའི་བརྙན་ཐུང་ང་ལ་བསྟན། །
སེམས་ཅན་ང་གཉིས་སངས་རྒྱས་ཁྱེད་ལ་ཤིན་ཏུ་དགའ། །
དགའ་བ་འདི་ནི་ཐུགས་རྗེ་འདྲེན་པའི་ལྕགས་ཀྱུ་ཡིན། །
ཁར་ཉིན་བདག་གིས་མཐེན་ཐུག་བསྐོལ་ནས་ཁྱེད་ལ་དྲངས། །
ཁྱེད་ཀྱིས་ཤིན་ཏུ་མཉེས་ཚུལ་བསྟན་ནས་ཡང་ཡང་བཞེས། །
སང་ཕོད་བདག་གིས་དེ་ལས་ཞིམ་ཙམ་འབུལ་འདོད་པས། །
ཁྱེད་ནི་སྙུན་པ་མེད་པར་སྔར་བཞིན་བཞུགས་དགོས་སོ། །
ཆེན་པོ་ཕལ་ནི་ཞུ་དོན་ཆེན་པོར་མཉེས་སྲིད་མོད། །
ཁྱེད་ནི་ཀུན་ལ་སྙོམས་པའི་སྙིང་རྗེའི་གོང་བུ་སྟེ། །
སྐྱེ་བོ་གཅིག་གི་བསམ་པ་རྫོགས་པའི་ཆེད་དུ་ཡང་། །
རེ་བ་དོན་ལྡན་མཛད་ངེས་བདག་གི་ཡིད་ཆེས་ཡིན། །
ཨ་རིས་ཟོན་ནའི་ཡུལ་ལུང་སྐམ་ཤས་ཆེ་ན་ཡང་། །
ཁྱེད་ནི་ཡུལ་དེའི་བསིལ་བའི་ཟླ་བ་འོད་ཆེན་ཡིན། །
རི་ཁྲོད་དེ་ཡི་ཤྭ་བ་སེངྒེ་རི་བོང་ཀུན། །
ཁྱེད་ཉིད་འཚོ་ཤིང་བཞུགས་པའི་བསིལ་གྲིབ་སྙོགས་བཞིན་ཡོད། །
བླ་མ་ཧའོ་སིའི་ཁང་པའི་སྒོ་མོ་ཕྱེས་བཞིན་ཡོད། །
ཁྱེད་ཉིད་ནང་ན་བཞུགས་པའི་གསུང་གླེང་ཐོས་བཞིན་ཡོད། །
རི་སྐྱེས་ཤྭ་བས་སྒོ་འགྲམ་ཤིང་སྡོང་སྣོམ་བཞིན་ཡོད། །
འཇིག་རྟེན་ཁམས་ཀྱི་ཞི་བདེ་ཡོད་ཚད་དེ་ན་ཡོད། །
བླ་མ་ཧའོ་སི་ནི་མགར་ཆེན་ཆོས་སྒར་གྱི་དགེ་འདུན་པ་བཞུགས་སའི་ཁང་པ་ཞིག་གི་མིང་ཡིན་ཞིང་། རིན་པོ་ཆེ་ནམ་རྒྱུན་མང་ཆེ་བར་དེར་ཕེབས་ནས་བླ་གྲྭ་གཞན་དག་དང་མཉམ་དུ་ཉིན་གུང་དང་དགོང་མོའི་གསོལ་ཚིགས་བཞེས་བཞིན་ཡོད།
ཁྱེད་ནི་ཨ་ནེས་སྐྱོར་གྱིན་ཤར་རེར་ཕེབས་བཞིན་ཡོད། །
ཕྱག་འཛུབ་གཉིས་ཀྱིས་སྤྱན་ལྕིབས་ཕྱེ་ནས་གཟིགས་ཙམ་བྱེད། །
བཅོས་ལྷད་མེད་པའི་རྣམ་འགྱུར་རེ་རེས་སྣང་བ་བསྒྱུར། །
ད་དུང་མཚམས་རེར་༼ ཁྱོད་ལ་བརྩེ་བ་ཡོད་ ༽ ཅེས་གསུང་། །
མཆོད་རྟེན་དཀར་པོའི་གྲིབ་མ་ཚུར་ཚུར་འགུག་བཞིན་ཡོད། །
རྒྱང་རིང་མཁའ་མཐའི་མཚམས་སྤྲིན་དམར་འོད་མཚེར་བཞིན་ཡོད། །
ཞི་བར་ཕྱོགས་པའི་བླ་སློབ་ཐུན་ལ་གཞོལ་བཞིན་ཡོད། །
འཇིག་རྟེན་ཁམས་ཀྱི་བག་ཕེབས་ཡོད་ཚད་དེ་ན་ཡོད། །
སྐད་རིགས་མི་གཅིག་ཤ་མདོག་མི་གཅིག་མི་མང་པོ། །
བསམ་བློ་མི་གཅིག་ལྟ་བ་མི་གཅིག་སེམས་མང་པོ། །
ཁྱེད་ཀྱི་དྲུང་ན་ཁྱེད་ལས་བསམ་རྒྱུ་མེད་པ་སྟེ། །
ཐམས་ཅད་ཐབས་གཅིག་བཞུགས་པའི་རྣམ་ཐར་དེ་ན་ཡོད། །
ཐབས་གཅིག་ཏུ་བཞུགས་པ་ནི་ལྟ་བ་དང་སྤྱོད་པ་མཐུན་པར་བཞུགས་པའི་དོན་དུ་མདོ་འགྲེལ་དག་ལས་འབྱུང་བ་དྲན་པས་དེ་ལྟར་སྦྱར་རོ། །
འཇིག་རྟེན་ཁམས་འདིར་འཕྲད་པར་དཀའ་བའི་ཡིད་བཞིན་ནོར། །
འགྲོ་བ་སྤྱི་ལ་རིན་ཐང་ཆེ་བའི་སེམས་ཀྱི་གཏེར། །
བྱིན་རླབས་ཐུགས་རྗེའི་འོད་ཟེར་བཟང་པོ་ཡུན་གནས་ཕྱིར། །
ཁྱེད་ཀྱི་གཟུགས་སྐུ་འདི་ཉིད་ཡུན་རིང་བརྟན་དགོས་སོ། །
སྒྱུ་མ་ལུས་ཀྱི་འབྱུང་བའི་ཁམས་དང་འཕྲོད་བསྟེན་ནི། །
སྨན་སོགས་ཕྱི་ཡི་རྟེན་འབྲེལ་འབའ་ཞིག་ཟབ་པའི་ཚུལ། །
འཇིག་རྟེན་མགོན་པོའི་རྡོ་རྗེའི་གསུང་གི་དགོངས་པ་སྟེ། །
སྨན་པའི་ངག་ལ་གསན་ནས་སྨན་བཅོས་ངེས་པར་མཛོད། །
གལ་ཏེ་ཁྱེད་ཀྱིས་སྐུ་ལུས་ཡལ་བར་དོར་གྱུར་ན། །
གལ་ཏེ་ཁྱེད་ཀྱིས་འཕྲོད་བཞེས་ལྷོད་གཡེངས་གནང་གྱུར་ན། །
ལྟོས་བཅས་གདུལ་བྱ་ཡལ་བར་དོར་དང་ཁྱད་མེད་པས། །
ཁྱེད་ལ་བརྩེ་བའི་བདག་ཉིད་བོས་པ་རྫུན་དུ་ཟད། །
ཁྱེད་ནི་དགོང་ལོ་དགུ་བཅུའི་ཉེ་སར་ཕེབས་ལགས་ཀྱང་། །
ང་ཚོ་ཚང་མར་ཁྱེད་ཉིད་ཁོ་ན་མེད་ཐབས་མེད། །
ཁྱེད་ཞལ་བཞུགས་པ་ཙམ་གྱིས་ས་འདི་དགེ་བ་སྟེ། །
བསྟན་པ་ཟིལ་གྱིས་འཛིན་པའི་ཆེ་བ་ཁྱེད་ལ་མངའ། །
རོང་ཟོམ་ཆེན་པོ་དགུང་ལོ་བརྒྱ་དང་བཅུ་དགུར་བཞུགས། །
གྲུབ་ཐོབ་མང་པོ་དེ་ལས་ཀྱང་ནི་ཡུན་རིང་བཞུགས། །
འཇར་པན་ཡུལ་ན་ལོ་བརྒྱ་ལོན་མཁན་ཤིན་ཏུ་མང་། །
ཁྱེད་ནི་ད་དུང་དགོང་ལོ་མཐོ་བར་དགོངས་མི་རིགས། །
སྐུ་ཡི་བསྐྱོད་པ་སྔར་བཞིན་ཡངས་པར་བདག་ཡིད་ཆེས། །
གསུང་གི་བཀའ་མཆིད་སྔར་བཞིན་གསལ་བར་བདག་ཡིད་ཆེས། །
ཐུགས་ཀྱི་དགོངས་པ་སྔར་བཞིན་བཀྲ་བར་བདག་ཡིད་ཆེས། །
ཁྱེད་ཀྱི་གསང་གསུམ་འཇམ་དཔལ་རྡོ་རྗེ་གཞོན་ནུར་བཀྲ། །
ཁྱེད་ཀྱིས་སྨན་བཅོས་འཕྲོད་བཞེས་དགོས་ངེས་གནང་བཞིན་དུ། །
བཞུགས་པ་ཙམ་གྱིས་དགའ་བ་ཚད་མེད་སྐྱེ་འགྱུར་བས། །
བདག་ཅག་རྣམས་ཀྱི་ཆེད་དུ་དགོངས་པ་ཆེར་བཞེས་མཛོད། །
འདི་ནི་སློབ་འབངས་ཡོངས་ཀྱི་རེ་བ་ཉག་གཅིག་གོ །
བྱང་ཆུབ་སེམས་ནི་ཚེ་སྒྲུབ་ཀུན་གྱི་རྒྱལ་པོ་ཡིན། །
བྱམས་བརྩེའི་བློ་ནི་ཚེ་རིལ་ཀུན་གྱི་སྙིང་པོ་ཡིན། །
སྒྲོལ་དཀར་ཡུམ་ནི་ཚེ་ལྷ་ཀུན་གྱི་བདག་ཉིད་ཡིན། །
ཁྱེད་ནི་ཚེ་ལ་དབང་བའི་བྱང་ཆུབ་སེམས་དཔའ་ཡིན། །
དེ་ལྟ་ན་ཡང་གདུལ་བྱའི་སྐུལ་བའི་ཐུགས་རྗེའི་ཟེར། །
དྲག་ཏུ་གཡོ་བའི་གདུང་ཤུགས་ཆུ་ཤེལ་གྱིས་བསྐུལ་ན། །
གསོལ་བཏབ་འབྲས་བུའི་དྲོད་དུ་སྨིན་པ་ཆོས་ཉིད་དེ། །
དེ་ཕྱིར་བདག་གིས་གསོལ་འདེབས་འདི་ནི་ཟབ་པ་ཡིན། །
འབྲི་གུང་པ་ནི་རྟེན་འབྲེལ་གནད་ལ་རང་དབང་འབྱོར། །
བྱང་སེམས་རྣམས་ནི་ཚེ་ཡི་གནད་ལ་རང་དབང་འབྱོར། །
དེ་ཕྱིར་སློབ་མས་ཇི་ལྟར་གསོལ་བའི་དོན་དགོངས་ནས། །
སྐུ་ཚེ་མི་འགྱུར་ཡུན་དུ་བཞུགས་ཤིག་གྲུབ་ཆེན་མགར། །
སྒྲོལ་དཀར་ཡིད་བཞིན་འཁོར་ལོས་བླ་མའི་སྐུ་ཚེ་བསྲིངས། །
འཇམ་དཔལ་གཤིན་རྗེ་གཤེད་ཀྱིས་མི་མཐུན་མཚན་མ་བསལ། །
ཨ་ཕྱི་ཆོས་ཀྱི་སྒྲོལ་ནས་ཁ་མགོན་བསྡོངས་གྲོགས་ཡོད། །
དེ་ནི་དཔོན་སློབ་མི་འབྲལ་འགྲོགས་པའི་གཏན་ཚིགས་ཡིན། །
ཞེས་པ་འདིའང་། འཁོར་ལོའི་མགོན་པོ་བྱང་སེམས་བདག་ཉིད་ཆེན་པོ་བླ་མ་མགར་ཆེན་པ་ལ་དད་ཅིང་གུས་པ་ལྷུར་ལེན་པའི་བསོད་ནམས་ཀྱིས་ཕྱུག་པ། རྒྱལ་ཁམས་པ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཨོ་གླིང་ཡེ་ཤེས་འཁོར་ལོའི་ཆོས་ཚོགས་སུ་ཅུང་ཟད་བྲེལ་བའི་བར་གསེང་ནས་དྲན་པ་ཉེ་བར་བཞག་པའི་བློ་ལྷོད་པོའི་ངས་ནས་བྲིས་དེ་ཕུལ་བའོ། ། སྤྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༢༥ ལའོ། །



