མདུན་ངོས། ལོ་རྒྱུས། ཝཱ་ཎ་དབུས་བོད...

ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་བྱུང་རབས་མདོར་བསྡུས། (དུམ་བུ་ལྔ་པ།)

༡༧༣༡༧༨
༧གོང་ས་མཆོག་དང་སྲིད་བློན་ནེ་ཧ་རུ་རྣམ་གཉིས་ལྷན་གཞུགས་ཀྱི་སྐུ་པར།

ཝཱ་ཎ་མཐོ་སློབ་ཀྱི་ཐོག་མའི་འཛིན་སྐྱོང་གི་འཕེལ་རིམ།

དང་པོ། རྒྱ་གར་དབུས་གཞུང་ལ་རེ་འདུན་ཞུས་ཚུལ།

བོད་གཞིས་བྱེས་གཉིས་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ཕྱི་ལོ་༡༩༥༩ ལོར་རྒྱ་གར་དུ་ཕེབས་པའི་ཉིན་དེ་ནས་བཟུང་སྟེ་བོད་མིའི་རྩ་དོན་དང་ཤེས་ཡོན་སློབ་སྦྱོང་གི་བསྟི་གནས་སོགས་ཀྱི་སྐོར་ལ་རྒྱ་གར་གྱི་སྲིད་བློན་དམ་པ་ནེ་རུ་མཆོག་དང་མཇལ་འཕྲད་གནང་སྟེ། གྲོས་མོལ་ཐེངས་མང་བྱུང་ཡོད། དེ་ཡང་སྲིད་བློན་ཁོང་གིས་བོད་ཕྲུག་གཞོན་སྐྱེས་ཚོར་ཤེས་རིག་ཐོག་ལ་ཤུགས་སྣོན་རྒྱག་སའི་སློབ་གྲྭ་ཟུར་འཛུགས་དགོས་པ་གལ་ཆེ་བ་གཟིགས་ནས་༧མགོན་པོ་གང་ཉིད་ལ་གསུངས་དོན། “ངའི་ངོས་ནས་བཤད་ན་ཁྱེད་ཚོ་ནི་ང་ཚོའི་མ་འོངས་པའི་སྐུ་མགྲོན་ཡིན་པས། ཁྱེད་ཚོའི་བུ་ཕྲུག་རྣམས་ནི་རྩ་འགངས་ཆེ་བའི་འབྱུང་ཁུངས་ཤིག་ཡིན། ཁོང་ཚོར་སློབ་སྤྱོང་ལེགས་པོ་ཞིག་སྤྲོད་དགོས། བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཀྱི་སླད་དུ་བོད་ཕྲུག་ཚོར་སློབ་གྲྭ་ཐ་དད་ཅིག་དགོས་པས། རྒྱ་གར་གྱི་སློབ་གསོ་བློན་ཆེན་ཁང་གི་ནང་དུ་བོད་ཀྱི་སློ་སློབ་གསོའི་རང་རྐྱ་འཕེར་བའི་ཚོགས་སྡེ་ཞིག་དགོས་པས། རྒྱ་གར་དབུས་གཞུང་ནས་མཐོ་སློབ་འཛུགས་རྒྱུའི་འགྲོ་གྲོན་ཆ་ཚང་གཏོང་གི་ཡིན”ཞེས་གསུངས། དེ་ཡང་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ལ་སོགས་པའི་ཤེས་རིག་བསྟི་གནས་མང་དག་ཅིག་ཏུ་འགྲོ་གྲོན་གཏོང་བཞིན་ཡོད་པ་རེད། གནད་དོན་དེའི་སྐོར་ལ་ནེཧ་རུས་སྐབས་དེའི་སློབ་གསོའི་བློན་ཆེན་ཤྲི་མཱ་ལི་མཆོག་ལ་བཀའ་མངགས་གནང་རྒྱུའི་ཞལ་བཞེས་མཛད།

ཕྱི་ལོ་༡༩༦༤ལོར་རྒྱ་གར་གྱི་སྲིད་བློན་དང་པོ་ནེཧ་རུ་དང་། ༧གོང་ས་མཆོག་མཇལ་འཕྲད་གནང་བའི་སྐབས་སུ་དགོས་མཁོ་ངེས་ཅན་དུ་གྱུར་པའི་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་ཞིག་འཛུགས་རྒྱུའི་སྐོར་ལ་གླེང་མོལ་དང་རེ་བསྐུལ་ཞུས་པ་བཞིན་དུ་ཞལ་བཞེས་ཐོབ་ཅིང་། སྲིད་བློན་ཁོང་གིས་དེའི་སྐོར་རྒྱ་གར་དབུས་གཞུང་གི་ཤེས་རིག་བློན་ཆེན་ཤྲི་མཱ་ལི་(Shri Mali)མཆོག་ལ་བཀའ་མངགས་གནང་ཡོད་པ་རེད། དེ་ནས་ཕྱིས་སུ་༧གོང་ས་མཆོག་དང་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་རྣམ་གཉིས་ཀྱིས་རྒྱ་གར་གྱི་ཤེས་རིག་བློན་ཆེན་མཆོག་དང་མཇལ་ཕྲད་གནང་ཞིང༌་། ཤེས་རིག་བློན་ཆེན་ཁོང་གིས་༧གོང་ས་མཆོག་ལ་སྲིད་བློན་མཆོག་གིས་གནང་བའི་ཤོག་ལྷེ་རྐྱང་པ་ཞིག་སྤྱན་འབུལ་ཞུས་ཏེ་འདི་ནི་སྲིད་བློན་མཆོག་གི་བསྙེལ་ཐོ་ཕྱག་བྲིས་རེད་ཅེས་གསུངས་གནང་ཡོད། འོན་ཀྱང་སྲིད་བློན་ཁོང་སྐུ་འཚོ་བཞུགས་གནང་སྐབས་ལས་དོན་དེ་དངོས་སུ་ལག་བསྟར་མ་བྱུང་ཡང་། ཕྱིས་སུ་རིམ་པས་གནད་དོན་དེ་ནི་ད་ལྟའི་རང་ཅག་གི་མིག་མདུན་དུ་མངོན་པར་གྱུར་བའི་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་འདིའི་བྱུང་རིམ་གྱི་སྐད་ཆའི་ཁྲོད་ནས་ཆེས་ཐོག་མའི་འབྲས་བཟང་ཞིག་ཀྱང་ཡིན་ཟེར་ན་འགྲིགས་པ་ཡིན། རིམ་པས་དེའི་སྐོར་ལ་བཀའ་ཟུར་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་ལགས་༧གོང་ས་མཆོག་གི་སྐུ་ཚབ་ལྟ་བུར་བསྐོ་བཞག་མཛད་ཅིང་། བཀའ་ཟུར་ཁོང་གིས་རྒྱ་གར་སྐད་དེ་ཙམ་མཁྱེན་གྱི་མེད་ནའང་། སྐད་སྒྱུར་ལྷན་དུ་རྒྱ་གར་དབུས་གཞུང་གི་ཤེས་རིག་ལྷན་ཁང་ནས་རྒྱབ་སྐྱོར་ཐོབ་ཕྱིར་འབད་བརྩོན་གང་ཐུབ་གནང་ཡོད་ལ། དེ་བཞིན་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཨུ་པ་ད་ཡ་(Prof Jagannath Upadhyaya)དང་གོ་རི་ནཱཐ་ཤཱ་སྟཱི་(Gaurinath Shastri)ཀ་ཤབ་ཇི་(Kashab Je)སོགས་ཀྱིས་ཀྱང་དེའི་སྐབས་ཁོང་ལ་རྒྱབ་སྐྱོར་དང་ལམ་སྟོན་རྒྱ་ཆེར་གནང་ཡོད། དེ་བཞིན་༧གོང་ས་མཆོག་གི་དགོངས་པ་བཞིན་དུ་མཐོ་སློབ་འདི་ཉིད་ཀྱི་འཆར་གཞི་ངེས་ཅན་ལྡན་པའི་སྒོ་ནས། ཐོག་མར་དབུས་བོད་ཀྱི་མཐོ་རིམ་སློབ་ཁང་འདི་ཉིད་ཕྱི་ལོ་༡༩༦༧ལོར་རྒྱ་གར་དབུས་གཞུང་ཤེས་རིག་ལས་ཁུངས་ནས་འཕྲལ་སེལ་གྱི་མ་དངུལ་ལྟ་བུ་ཞིག་བཏང་སྟེ་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་དུ་དམིགས་བསལ་གྱི་ཡན་ལག་གཅིག་གི་མངའ་འོག་ཏུ་དབུ་འཛུགས་གནང་། མཐོ་སློབ་འདི་འདྲ་ཞིག་ཐོག་མར་འགོ་བཙུགས་པའི་སྐབས་སུ་ལས་སླ་པོ་ཞིག་གཏན་ནས་མེད་ཅིང་། སྐབས་དེར་བོད་མི་ཚང་མ་ཛ་དྲག་གི་གནས་སྟངས་འོག་ནས་ཡོང་བ་ཡིན་སྟབས། ཡུལ་འདིའི་གནས་སྟངས་ལ་རྒྱུས་མངའ་མེད་པ་དང་གཞན་ཡང་ཡུལ་སྐད་ཀྱིས་ཕོངས་ན་ཡང་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་ལ་སོགས་པའི་རྒྱལ་ཞེན་ཅན་དང་རོགས་སྐྱོར་བ་རྣམས་ཀྱིས་བརྗེད་དཀའ་བའི་ཕུགས་ཀྱི་རེ་ཆེན་དེ་དག་ལེགས་གྲུབ་ཡོང་བར་དཀའ་ཚེགས་དང་དུ་བླངས་ཏེ་ཐོག་མར་མཐོ་སློབ་འདི་ཝཱ་རཱ་ཎ་སི་ལེགས་སྦྱར་གཙུག་ལག་སློབ་གཉེར་(Sampurnanda Sanskrit University)ཁང་དུ་དམིགས་བསལ་གྱི་སྡེ་ཚན་ལྟ་བུའི་འོག་ཏུ་ལོ་ཤས་རིང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་གཙོས་དེང་རབས་ཤེས་ཡོན་སྤྲོད་རྒྱུར་འབད་བརྩོན་ཧུར་ཐག་གནང་ཡོད།

གཉིས་པ། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་འཛིན་སྐྱོང་གི་སྒྲོམ་གཞི།

རྒྱ་གར་དབུས་གཞུང་གི་འཛིན་སྐྱོང་ལྷན་ཚོགས་ཀྱིས་སྟངས་འཛིན་བྱེད་ཕྱོགས་ཀྱི་རྩ་ཁྲིམས་ལ་གཞི་བཟུང་སྟེ། ཕྱི་ལོ་༡༩༧༧ལོར་རྒྱ་གར་དབུས་གཞུང་གི་རིག་གཞུང་ལྷན་ཁང་དང་། ཝཱ་ཎ་དབུས་བོད་ཀྱི་མཐོ་སློབ་ཀྱི་འགན་འཛིན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མངའ་ཁོངས་སུ་ཡོད་པའི་ཆོས་རིག་ལྷན་ཁང་གི་འཐུས་མི་བཅས་ལས་གྲུབ་པའི་འཛིན་སྐྱོང་ཚོགས་ཆུང་ཞིག་གསར་འཛུགས་གནང་ཡོད། ཐོག་མར་རྒྱ་གར་དབུས་གཞུང་གི་རིག་གཞུང་ལྷན་ཁང་ནས་བཀོད་པའི་སློབ་སྟོན་པ་ལྕམ་སྐུ་ཀ་པི་ལ་ཝཱཏ་སཡན(Dr Ms. Kapila Vatsayan)མཆོག་ཝཱ་ཎ་དབུས་བོད་ཀྱི་མཐོ་སློབ་ཀྱི་འཛིན་སྐྱོང་ཚོགས་ཆུང་གི་གཙོ་འགན་བཞེས་ཏེ་ལམ་སྟོན་མཛད་དུ་ཕེབས། ཁོང་གིས་གཟིགས་རྒྱ་ཡངས་པས་དབུ་ཁྲིད་དང་ལམ་སྟོན་མཛད་པས། ད་ལྟའི་ཆར་ཡང་ཉེ་བའི་རིགས་བདག་གིས་གཙོས་པའི་གཞི་རྩའིི་སྒྲོམ་གཞི་ལྟར་ཚོགས་མི་བཅུ་ལྷག་ཙམ་ལས་གྲུབ་པའི་འཐུས་མི་ཚོས་འཛིན་སྐྱོང་བྱེད་བཞིན་ཡོད།

ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་འཛིན་སྐྱོང་གི་སྒྲོམ་གཞི་ནི། འགན་འཛིན་གཙོ་བོ་ཉེ་བའི་རིགས་བདག་མཆོག་གིས་བཞེས་ཀྱི་ཡོད་ཅིང་། དེའི་མངའ་འོག་ཏུ་རིགས་དྲུང་དང་། དེའི་འོག་ཏུ་འཛིན་སྐྱོང་གི་སྡེ་ཚན་གཉིས། ཡན་ལག་གི་ཚན་པ་བཞི་བཅས་ཡོད། སྡེ་ཚན་དང་པོ་དེས་རྒྱ་གར་དབུས་གཞུང་གི་གཙུག་ལག་སློབ་གཉེར་ཁང་ཡོངས་ཀྱི་འཛིན་སྐྱོང་ལྷན་ཁང་ལ་འབྲེལ་གཏུགས་བྱ་རྒྱུ་དང་། མཐོ་སློབ་དེའི་སློབ་ཁྲིད་སོགས་འབྲེལ་ཡོད་ལ་ལྟ་རྟོག་བྱེད་ཀྱི་ཡོད། སྡེ་ཚན་གཞན་དེས་ཁྲིམས་སྲོལ་ལ་གཞི་བཟུང་སྟེ་སློབ་ཚན་ཁྲིད་མཁན་མ་ཡིན་པའི་ལས་བྱེད་ལ་ལྟ་རྟོག་བྱེད་ཀྱི་ཡོད། ཡན་ལག་ཚན་པ་བཞི་ནི། ༡-ཡིག་རྒྱུགས་ལྟ་རྟོག་ཚན་པ་དང་། ༢-བདེ་འཇགས་ལྟ་རྟོག་ཚན་པ། ༣-འགྲོ་གྲོན་རྩིས་ཁྲ་ལྟ་རྟོག་ཚན་པ། ༤-དཔར་སྐྲུན་ལྟ་རྟོག་ཚན་པ་བཅས་ཡིན། དེ་ཡང་ཡིག་རྒྱུགས་ཚན་པ་དེས་སློབ་གཉེར་བའི་ཡིག་རྒྱུགས་ཀྱི་ལས་གཞི་ཁག་ལ་ཕྱག་ལས་གནང་གི་ཡོད། བདེ་འཇགས་ཚན་པས་མཐོ་སློབ་དེའི་ཁོར་ཡུག་ཏུ་ཆུ་དང་གློག་དེ་བཞིན་སྐུ་མགྲོན་ཁང་སོགས་ལ་ལྟ་རྟོག་བྱེད་ཀྱི་ཡོད། འགྲོ་གྲོན་རྩིས་ཁྲ་ཚན་པས་མཐོ་སློབ་དེའི་བྱུང་སོང་གི་མ་དངུལ་ཁག་དང་། དེ་བཞིན་ལས་བྱེད་ཀྱི་གླ་ཕོགས་སོགས་ལ་སྟངས་འཛིན་བྱེད་ཀྱི་ཡོད། དཔར་སྐྲུན་ཚན་པས་སློབ་གཉེར་ཁང་དེའི་ཞིབ་འཇུག་བྱེད་པའི་ལས་གཞི་རྣམས་དང་། དེ་བཞིན་ཕྱག་དཔེ་འགྲེམས་སྤེལ་སོགས་ཀྱི་འགན་འཁུར་གནང་གི་ཡོད། སློབ་གཉེར་བའི་བདེ་སྡུག་ཐོག་ལ་ལྟ་རྟོག་བྱེད་མཁན་རིག་སྡེ་འགན་འཛིན་ཞེས་པ་ཞིག་མཐོ་སློབ་ཀྱི་གཞུང་འབྲེལ་ཐོག་ནས་བསྐོ་བཞག་གནང་གིན་ཡོད།

གསུམ་པ། ཝཱ་ཎ་མཐོ་སློབ་ཏུ་དགེ་སློབ་ཐེངས་དང་པོ་བསྡུ་ཚུལ།

ཝཱ་ཎ་མཐོ་སློབ་ཐོག་མར་དབུ་འཛུགས་གནང་སྐབས་དགེ་སློབ་ཡོང་མཁན་གཙོ་བོ་སྦག་ས་ཆོས་སྒར་དུ་དམིགས་ཤིང་། ཕྱོགས་གཞན་ཞིག་ནས་བཤད་ན་ཝཱ་ཎ་མཐོ་སློབ་འདི་ཉིད་སྦག་ས་ཆོས་སྒར་གྱི་རྣམ་པ་འགྱུར་ཙམ་བྱས་པ་ལྟ་བུ་རེད། སྦག་ས་ཆོས་སྒར་དུ་གནས་པའི་ཆོས་ལུགས་རིས་མེད་ཀྱི་དགེ་འདུན་པ་མང་པོ་ཞིག་རང་ཉིད་ཀྱི་དགའ་མོས་དང་ཤེས་འཇོན་སོགས་ལ་གཞིགས་ནས་རྣམ་པ་དུ་མ་ཞིག་ནང་བསྲེས་དབྱེ་དགོས་བྱུང་ཡོད། རྒྱུ་མཚན་ནི། སྔར་བོད་དུ་ཡང་ནང་ཆོས་ཀྱི་གཞུང་ལུགས་ལ་བསླབ་པ་སློབ་གཉེར་གནང་མཁན་ཞིག་དང་། ཆོ་ག་ཕྱག་ལེན་སྣ་ཚོགས་བྱེད་མཁན་གཙོ་བོ་རིགས་གཉིས་ཙམ་ཡོད། རེ་འགའ་ནི་སྲོལ་རྒྱུན་གྱི་ཤེས་ཡོན་ལ་གནས་ཚད་མཐོན་པོར་སླེབས་ཤིང་། སྐབས་དེར་དགེ་རྒན་རྣམས་ཀྱང་གཙུག་ལག་སློབ་གཉེར་ཁང་དང་མཐུན་པའི་ཤེས་ཚད་དང་སྦྱོང་བརྡར་སོགས་ལྡན་དགོས་པས། དགེ་རྒན་ལེགས་གྲས་རྣམས་རྩེ་ཏོག་ལྟ་བུ་བྱས་ཏེ་ཐོག་མར་ཟབ་སྦྱོང་ཞིག་སྤྲད་རྒྱུའི་གྲོས་བསྡུར་བྱུང་སྟེ། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག་གིས་མ་སུ་རིར་དགེ་རྒན་རྣམས་ལ་གཙོ་སྐྱོང་མཛད་དེ་ཟབ་སྦྱོང་ལོ་གཅིག་མིན་ཙམ་རིང་སྤྲད།

ཕྱི་ལོ་༡༩༦༥ལོར་མ་སུ་རིར་དགེ་རྒན་ཟབ་སྦྱོང་གནང་བཞིན་པའི་སྐབས་ཀྱི་སྐུ་པར།

སྐབས་དེར་སློབ་གཉེར་བའི་གྲས་སུ་བོད་ནས་ཚུར་ཕེབས་པའི་དགེ་བཤེས་དང་མཁན་པོ་སོགས་ཀྱང་ཡོད་པ་དང་། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་འགྲན་ཟླ་བྲལ་བ་ཡོད། དགེ་རྒན་རྣམས་ཀྱང་གཟབ་ནན་ངང་ནས་འདེམས་བསྐོ་མཛད། བོད་མི་རིགས་ཀྱི་སྐད་ཡིག་གི་དགེ་རྒན་རྐྱང་པ་མ་ཡིན་པར་ཝཱ་ཎ་མཐོ་སློབ་ཏུ་ཧིན་དཱིའི་དགེ་རྒན་དང་༌། དབྱིན་ཇིའི་དགེ་རྒན། ལེགས་སྦྱར་གྱི་དགེ་རྒན་སོགས་དགོས་ཀྱི་ཡོད། གཞན་ཡང་། སློབ་གཉེར་བ་རྣམས་སྦག་ས་ཆོས་སྒར་དུ་ཡོད་པའི་གདན་ས་སེ་འབྲས་དགའ་གསུམ་དང་ཆོས་ལུགས་རིས་སུ་མ་ཆད་པའི་སློབ་མ་དག་བསྡུ་རྒྱུའི་དམིགས་ཡུལ་བཟུང་ནས་སྦག་ས་རུ་བཞུགས་པའི་དགེ་འདུན་པའི་ནང་ནས་དགུང་ལོ་གཞོན་ཞིང་སློབ་གཉེར་བྱེད་བཞིན་པ་དང་། སློབ་གཉེར་བྱས་ཟིན་པ་སོགས་ཅི་རིགས་བསྡུ་སྐོང་བྱས། ཁྱོན་བསྡོམས་སློབ་མ་བརྒྱ་ཐམ་པ་དང་། དེ་དག་འཛིན་གྲྭ་གོང་འོག་གཉིས་སུ་བགོས་ཏེ་འཛིན་གྲྭ་གོང་མ་སློབ་དཔོན་ལོ་རིམ་དང་པོ་དང་། འཛིན་གྲྭ་འོག་མ་དབུ་མ་ལོ་རིམ་དང་པོ་དང་། གཉིས་པ་གཉིས་ལ་སློབ་གཉེར་བ་ལྔ་བཅུ་རེ་ཡོད། སྐབས་དེར་སློབ་གཉེར་བྱེད་མཁན་གྱི་གྲངས་ཚད་ལ་གཞིགས་ཏེ་ཆོས་བརྒྱུད་སོ་སོའི་ནང་དུ་སློབ་མ་ཇི་ཙམ་འཛུལ་ཞུགས་ཆོག་པའི་ས་མིག་ཀྱང་འཆར་འགོད་བྱས། བོད་ཀྱི་ཤེས་རིག་མྱུར་སྐྱོབ་ཀྱི་སླད་དུ་དགེ་སློབ་དག་བསྡུ་བསྐོང་བྱས་ཀྱང་དེང་སང་ལྟ་བུའི་དགེ་སློབ་བསྡུ་བསྐོང་བྱས་མེད། སྐབས་དེ་དག་གི་དགེ་སློབ་དང་དེང་སང་དགེ་སློབ་གཉིས་ཀྱི་དབར་ཤེས་ཡོན་སོགས་ལ་སྒོ་ཀུན་ནས་མཚུངས་བསྡུར་བྱ་མི་རུང་སྙམ། ལོ་རྒྱུས་འབྲི་མཁན་ཞིག་གིས་(བློ་གཟུ་བོར་གནས་པ་དང་། རང་དབང་ལྡན་པའི་སྒོ་ནས་སྨྱུག་ཐོགས་ཀྱི།) འོས་འགན་ཁུར་ཏེ་ཞུས་ན། ཝཱ་ཎ་དབུས་བོད་ཀྱི་གཙུག་སློབ་གཉེར་ཁང་དུ་ཕྱིའི་ཁོར་ཡུག་དང་ནང་སློབ་གཉེར་བ་གཉིས་ལ་འཕོ་འགྱུར་ཤུགས་ཆེར་ཕྱིན་ཡོད། དཔེ་མཚོན་རེ་འགའ་འགོད་ན། སྔར་ཝཱ་ཎ་མཐོ་སློབ་ཀྱི་སློབ་གཉེར་བ་མང་ཆེ་བ་སྦག་ས་ཆོས་སྒར་ནས་ལོ་ཤས་ཙམ་ལ་སློབ་སྦྱོང་བྱེད་དུ་བླངས་པས། དེང་དུས་ཀྱི་ཤེས་རིག་ཙམ་མ་གཏོགས་སློབ་གཉེར་བའི་རྒྱུད་ལ་ནང་དོན་རིག་པ་དང་རིག་གནས་ཀྱི་ཤེས་ཚད་གང་ཙམ་ལྡན་ཡོད། དེང་སང་ཝཱ་ཎ་མཐོ་སློབ་ཏུ་འཛིན་རིམ་བརྒྱད་པའི་ལག་འཁྱེར་ཡོད་ཙམ་གྱིས་བོད་ཕྲུག་དང་། དེ་བཞིན་ཧི་མ་ལ་ཡའི་ཁུལ་གྱི་རིག་གཞུང་གཅིག་པའི་སློབ་གཉེར་བ། གཞན་ཡང་རྒྱལ་ཁབ་མི་འདྲ་བའི་སློབ་གཉེར་བ་གང་མང་ཞིག་འཛུལ་རྒྱུག་གཏོང་བའི་སྒོ་ནས་ཡོང་བཞིན་ཡོད་ཀྱང་། སློབ་གཉེར་བ་དེ་དག་གི་རྒྱུད་ལ་ནང་དོན་རིག་པ་དང་བོད་ཀྱི་སྐད་ཡིག་གི་རྨང་གཞི་ཡང་ཕལ་ཆེ་བར་ཞན་པོ་ཡོད།

གཞན་ཞིག་ནི། སྔར་ཡིན་ན་ཝཱ་ཎ་མཐོ་སློབ་ཏུ་ནང་པའི་གཞུང་ལུགས་ལ་སློབ་གཉེར་བྱེད་མཁན་ནི་རབ་བྱུང་གི་སྡེ་ལས་མེད་ཅིང་། ཕྱིས་སུ་ཕོ་མོ་དབྱེར་མེད་དང་མི་རིགས་དབྱེར་མེད་ཀྱི་སྒོ་མོ་ཕྱེས་ཡོད། སྔར་དང་བསྡུར་ན་སློབ་གཉེར་བའི་ན་ཚོད་ཀྱི་ཆ་ནས་ཀྱང་ཁྱད་པར་ཆེན་པོ་ཡོད། དེ་བཞིན་དེང་དུས་ཀྱི་གཙུག་ལག་སློབ་གཉེར་ཁང་ལྟར་བསྒྱུར་ཕྱིར། ཕྱོགས་ཡོངས་ཀྱི་གནས་ཚུལ་དུ་མར་བསྟུན་ཏེ་འཕོ་འགྱུར་རིམ་པས་བཏང་གནང་མཛད་ཡོད།

ཕྱི་ལོ་༡༩༧༠ལོར་ཝཱ་རཱ་ཎ་སཱིའི་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་གི་མདུན་དུ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་གི་དགེ་སློབ་ཁག་གི་སྐུ་པར།

སྔར་ནས་བརྒྱུད་པའི་དགེ་རྒན་དང་སློབ་ཐོན་པས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་འདིའི་དམིགས་ཡུལ་ཆེན་པོ་བཞི་སྙིང་ཁོངས་སུ་བཟུང་སྟེ། སྤྱིར་འཛམ་གླིང་གི་ཕྱོགས་ཀུན་ཏུ་བོད་མི་རིགས་ཀྱི་ཆོས་སྲིད་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་མཛད་པ་དང་༌། བྱེ་བྲག་བོད་མི་རིགས་ཀྱི་ཚོགས་སྡེ་ཁག་ལ་རླབས་ཆེན་གྱི་བྱ་གཞག་མཛད་པ་དང་མཛད་བཞིན་ཡོད་མོད། དེ་དག་ནི་ཕྱི་རབས་པ་རྣམས་ཀྱི་མིག་དཔེ་བལྟ་སར་གྱུར་ཡོད།

བཞི་པ། གནའ་དེང་ཟུང་དུ་འབྲེལ་བའི་ཤེས་ཡོན་སྲིད་ཇུས་དང་སློབ་ཚན་བཀོད་སྒྲིག་བྱེད་ཚུལ།

ཕྱི་ལོ་༡༩༦༤ལོ་ནས་གཞིས་བྱེས་གཉིས་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་དེ་བཞིན་རྒྱལ་ཞེན་རབ་ཏུ་ལྡན་པའི་འཛིན་སྐྱོང་པ་དག་གི་སྙིང་སྟོབས་ཀྱི་གྲུབ་འབྲས་ལས་བཙན་བྱོལ་དུ་ཡོད་པའི་བོད་ཕྲུག་ན་གཞོན་ཡོངས་ལ་ཤེས་ཡོན་སྦྱོང་བའི་གོ་སྐབས་རིན་ཐང་ལྡན་པ་ཞིག་སྩལ་གནང་མཛད་ཡོད། དེ་ནི་སྔར་བོད་ཀྱི་ལོ་རྒྱུས་ལ་གཞིགས་ན་ཆེས་ངོ་མཚར་ལྡན་པའི་མཛད་རྗེས་ཤིག་ཡིན་ཟེར་ཆོག བཙན་བྱོལ་དུ་བོད་མིའི་གཞི་རིམ་སློབ་གྲྭའི་གནས་སྟངས་གང་ཙམ་ཞིག་སྲ་བརྟན་བྱུང་སྟེ་སྔར་བོད་དུ་དགོན་སྡེ་ཁག་གི་སློབ་གཉེར་བྱེད་ཕྱོགས་ཀྱི་སྲིད་ཇུས་སྔར་ཡོད་དེ་ལ་ཡུལ་དུས་ལ་གཞིགས་ཏེ་ཞིབ་འཇུག་དང་མ་འོངས་པའི་ཤེས་ཡོན་སྲིད་ཇུས་ལ་བསམ་ཞིབ་བྱེད་དགོས་པའི་དུས་ལ་བསླེབས་པ་དང་གཅིག གཉིས་ནི་གཞི་རིམ་སློབ་མ་རྣམས་མཐོ་སློབ་ཏུ་འཛུལ་ཞུགས་བྱེད་ཡུལ་ཞིག་ཀྱང་དགོས་པ། གསུམ་ནས་སྔར་བོད་དུ་བསླབ་པ་སློབ་གཉེར་བྱེད་ཚུལ་ལ་བསམ་ཞིབ་བྱེད་སྐབས་དུས་རབས་ཀྱི་དཀྱོག་མཚམས་འདིར་རྗེས་ལུས་ཐེབས་པ་ལྟ་བུར་གཟིགས་ཏེ། སྐབས་དེའི་མཁས་པ་དུ་མ་ལྷན་འཛོམས་གནང་སྟེ་གྲོས་བསྡུར་གནང་འབྲས་སུ། མཁས་པ་ལ་ལས་སྔར་བོད་དུ་སློབ་གཉེར་བྱེད་ཚུལ་དེ་ཧ་ཅང་ལེགས་པོ་ཡོད་རེད་ཟེར་ཏེ། དེ་ལྟར་གནང་སྟེ་འགྲོ་དགོས་པའི་དགོངས་ཚུལ་གནང་ཞིང་། གཞན་ཡང་མཁས་པ་རེ་འགས་དེང་དུས་ཀྱི་སློབ་སྦྱོང་སྤྲོད་སྟངས་འདི་ཡག་པོ་ཡོད་རེད་ཅེས་དགོངས་ཚུལ་སྣ་ཚོགས་བཏོན་ཡོད། དེ་ནས་རིམ་པས་རྒྱ་གར་དབུས་གཞུང་ཤེས་རིག་ལས་ཁུངས་ལ་སློབ་སྟོན་ཞུ་རྒྱུའི་གྲོས་ཐག་ཆོད་དེ། ༧གོང་ས་མཆོག་དང་ལྷན་དུ་བཀའ་ཟུར་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་སོགས་རྒྱ་གར་དབུས་གཞུང་གི་ཤེས་རིག་བློན་ཆེན་ཤྲི་མཱ་ལི་ཀ་མཆོག་གི་དྲུང་དུ་བཅར་ཏེ་མགོན་པོ་གང་ཉིད་ཀྱིས་ཁོང་ལ་དེང་དུས་ཤེས་རིག་དང་མཐུན་པའི་ལམ་སྟོན་ཞིག་གནང་རོགས་ཞེས་ཞུས་པ་བཞིན་དུ་ཞལ་བཞེས་མཛད་ནས་ཁོང་གིས་བོད་ཀྱི་སློབ་གཉེར་བྱེད་སྟངས་ཐོག་ལ་བསམ་ཚུལ་གྱི་ཚུལ་དུ་སློབ་སྟོན་བྱས་དོན། “དེང་དུས་སློབ་སྦྱོང་བྱེད་སྟངས་ནི་རང་ཅག་ཚོས་རི་ཞིག་གི་སྟེང་ནས་མར་བལྟས་ཚེ། མ་གིར་ཡུལ་ལྗོངས་ཤིག་འདུག གཞུང་ལམ་ཞིག་འདུག དགོན་པ་ཞིག་འདུག ཁང་པ་ཞིག་འདུག ཞེས་གང་སར་གང་ནས་བཤད་རྒྱུ་ཡོད་ཙམ་ཡོད་ཙམ་ཞིག་ཡོད་རེད། ཁྱེད་རང་ཚོས་བོད་ནང་དུ་སློབ་སྦྱོང་བྱེད་སྟངས་དེ་ནི་རི་མགོ་ནས་མར་བལྟས་ཚེ། དུད་ཚང་ཞིག་ཡོད་པ་མཐོང་ན། ཆེད་མངགས་མི་ཚང་དེའི་སྒོ་འགྲམ་དུ་ཕྱིན་ཏེ། དེའི་ནང་དུ་ནང་མི་ཇི་ཙམ་ཡོད་མེད་དང་། ཕ་མ་དང་སྤུན་མཆེད་སོགས་སུ་སུ་ཡིན་མིན་ཐོག་ལ་ཞིབ་ཕྲ་བྱས་པ་ལྟར་སློབ་གཉེར་བྱེད་ཀྱི་ཡོད། འོན་ཀྱང་། དེང་སང་སློབ་སྦྱོང་བྱེད་སྟངས་ནི་ཁ་ཟས་ཀྱི་ཚྭ་འཐད་མིན་དཔྱད་པ་ལྟ་བུ་ལས་མེད། སྔར་བོད་ཀྱི་སློབ་གཉེར་བྱེད་སྟངས་ཞིབ་ཕྲ་ཡོད་ཀྱང་འཐུས་སྒོ་ཚང་བ་དེ་ཙམ་མེད་པས། དེ་གཉིས་ཀ་ལ་ཞིབ་འཇུག་ལེགས་པོ་ཞིག་བྱས་ན་ཡག་པོ་ཡོད་རེད”ཅེས་གསུངས།

དེ་བཞིན་བཀའ་ཟུར་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་ལགས་ཀྱིས་གཟབ་ནན་ལྡན་པའི་ངང་ནས་རྒྱ་གར་གྱི་མཁས་པ་ཆེན་པོ་ཨུ་པཱ་ད་ཡ་མཆོག་ལ་ལམ་སྟོན་ཡང་ཡང་ཞུས་པ་དང༌་། དེ་བཞིན་བོད་མིའི་ཤེས་རིག་ཐོག་ལ་ཐུགས་འཁུར་ལྡན་པའི་མི་སྣ་ཁག་ལ་གྲོས་བསྡུར་བྱས། ཕྱིས་སུ་ཕྱི་ལོ་༡༩༦༧ཟླ༦་པའི་ནང་དུ་རིམ་པས་བཀའ་ཟུར་ཀུན་བདེ་གླིང་གཙོས་པའི་མཁས་པ་ཁག་ཅིག་བདེན་བཞི་ཆོས་འཁོར་བསྐོར་ཡུལ་སཱ་ར་ནཱ་ཐའི་མགྲོན་ཁང་དུ་འཛོམས་ཏེ། སློབ་ཚན་བཀོད་སྒྲིག་གི་གནད་དོན་དེའི་ཐོག་ལ་སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དང་། སྐབས་དེར་བལ་ཡུལ་དུ་བཞུགས་པའི་བཅོ་བརྒྱད་ཁྲི་རིན་པོ་ཆེ་སོགས་དང་གྲོས་བསྡུར་གནང། སྤྱིར་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་སློབ་གཉེར་བའི་སྦྱང་བྱའི་སློབ་ཚན་རྣམས་ཀ་སྡེ་དང་། ཁ་སྡེ་ཞེས་མི་འདྲ་བ་ཁག་གཉིས་སུ་འཆར་འགོད་གནང་ཡོད། དེ་ཡང་ཀ་སྡེའི་ཁོངས་གཏོགས་ཀྱི་སློབ་ཚན་རྣམས་སློབ་གཉེར་བས་ངེས་པར་དུ་སྦྱོང་གཞིའི་སློབ་ཚན་ཡིན། ཁ་སྡེའི་སློབ་ཚན་རྣམས་ནི་སློབ་མ་སོ་སོའི་དགའ་མོས་དང་དམིགས་ཡུལ་བཞིན་དུ་ལོ་གཉིས་རེའི་མཚམས་ནས་ཐེངས་རེ་འདེམས་སྒྲུག་བྱེད་ཆོག

༡-རྒྱ་གཞུང་༌གི་སློབ་ཚན་ནི།(རྒྱ་གར་གྱི་མཁས་གྲུབ་དང་རྒྱན་དྲུག་མཆོག་གཉིས་ལ་སོགས་པས་མཛད་པའི་གཞུང་ལུགས་དེ་དག་གི་སློབ་ཚན་ལ་རྒྱ་གཞུང་སློབ་ཚན་ཞེས་ཟེར། དཔེར་ན། སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མ་རིགས་སྒོ་ལྟ་བུའོ།) ཡང་ན།

༢-རང་གཞུང་༌གི་སློབ་ཚན་ནི།(སྟོན་པའི་བཀའི་དགོངས་པ་ཡིན་པ་གང་ཞིག་བོད་ཀྱི་ཆོས་བརྒྱུད་སོ་སོའི་མཁས་པ་དག་གིས་མཛད་པའི་བཀའ་འགྲེལ་གི་གཞུང་ལུགས་རྣམས་ལ་རང་གཞུང་ཞེས་བརྗོད། དཔེར་ན། ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་ཐུབ་པ་དགོངས་གསལ་ལྟ་བུའོ།)

རྒྱ་གཞུང་དང་རང་གཞུང་གི་སློབ་ཚན་བཞག་སྟངས་ཀྱི་སྐོར་ལ་ཆོས་ལུགས་ཆེན་པོ་བཞི་སོ་སོའི་དབུ་ཁྲིད་དང་བཀའ་བསྡུར་གནང་ནས་གཏན་འབེབས་མཛད་ཡོད་འདུག དང་པོར་གསར་འཛུགས་སྐབས་གཡུང་དྲུང་བོན་མེད། འོན་ཀྱང་། ཕྱིས་སུ་རིམ་པས་གསར་འཛུགས་བྱུང་།

དེང་རབས་ཀྱི་གཙུག་ལག་སློབ་གཉེར་ཁང་དང་། མཐོ་སློབ། འབྲིང་སློབ་ཁག་གི་སློབ་ཚན་དེ་དག་དུས་རབས་ཀྱི་དགོས་མཁོ་ལྟར་བཀོད་སྒྲིག་དང་བསྐྱར་ཞིབ་དུ་མར་བྱེད་པའི་ལུགས་སྲོལ་ཡོད་པ་བཞིན་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཚན་ཁག་ཅིག་ལ་དགེ་སློབ་ལྷན་དུ་འཛོམས་ཏེ་གྲོས་བསྡུར་དང་བསྐྱར་ཞིབ་བྱེད་དགོས་པའི་དུས་ཚོད་ལ་སླེབས་འདུག་སྙམ། དེ་ཡང་སློབ་ཚན་སོ་སོའི་དགེ་རྒན་དང་སློབ་སྤྱི་གཅིག་པུ་འཛོམས་ཏེ་སློབ་ཚན་གཏན་འབེབས་མ་གནང་བར་ངེས་པར་དུ་སློབ་གཉེར་བ་རྣམས་ཀྱི་བསམ་ཚུལ་ལ་ཡང་དགོངས་བཞེས་མཛད་རྒྱུ་གལ་འགངས་ཤིན་ཏུ་ཆེ། ད་དུང་རང་རིགས་ཤེས་ཡོན་ཅན་དང་ཉམས་མྱོང་ཅན་གཞན་དང་གཞན་ཡང་གདན་ཞུས་ཀྱིས་བཀའ་སློབ་ལམ་སྟོན་ཞུ་རྒྱུ། འདས་པའི་སློབ་ཚན་འཆར་འགོད་ལ་བསྐྱར་ཞིབ་ནན་པོ་བྱས་ནས་དགེ་སྐྱོན་ངོས་འཛིན་དང་སྤང་བླང་བསླབ་བྱ་ལེན་རྒྱུ་སོགས་མདོར་ན་གནའ་རབས་ཀྱི་སྲོལ་མི་ཉམས་པར་དུས་རབས་ཀྱི་རྗེས་སྙེགས་པ་ཞིག་དགོས་འདུག་སྙམ།

ལྔ་བ། ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་གི་གནས་སྐབས།

ཕྱི་ལོ་༡༩༦༧ལོར་ཟླ༡༡ཚེས༡༠ཉིན་བོད་གཞུང་ཆོས་དོན་ལྷན་ཁང་གིས་གོ་སྒྲིག་འོག་ཝཱ་རཱ་ཎ་སཱི་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་སློབ་གཉེར་ཁང་དེ་དམིགས་བསལ་གྱི་སྡེ་ཚན་ལྟ་བུ་ཞིག་ལ་དབུ་འཛུགས་ཐུབ་པའི་མཛད་སྒོ་ཚོགས་ཡོད་པ་དང་། སློབ་སྤྱི་དང་པོ་༧སྐྱབས་རྗེ་ཟོང་རིན་པོ་ཆེ་མཆོག་ཕྱི་ལོ༡༩༦༧ནས་༡༩༧༡བར་བསྐོ་བཞག་མཛད་ཅིང་། ཁོང་གི་སློབ་སྟོན་པ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག་བྱ་རྒྱུ་གཏན་འབེབས་གནང་ཡོད་འདུག ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་ལགས་ཀྱི་གསུང་བཤད་སོགས་ལ་གཞིགས་ན།

ཕྱི་ལོ་༡༩༦༧ལོར་སློབ་སྤྱི་ཟོང་རིན་པོ་མཆོག་ནས་འཛིན་གྲྭར་གཟིགས་སྐོར་ཕེབས་བཞིན་པའི་སྐུ་པར།

སྔར་རྒྱ་གར་དབུས་གཞུང་ལ་བོད་ཀྱི་མཐོ་སློབ་ཅིག་གསར་རྒྱག་བྱ་རྒྱུའི་སྐོར་ལ་འབོད་བསྐུལ་ཤུགས་ཆེ་ཞུས་ཀྱང་། སྐབས་དེར་ཝཱ་རཱ་ཎ་སཱིར་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་གི་མངའ་འོག་ཏུ་བཞག་པ་དེ་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་ཁོང་ཐུགས་ཕམ་ཙམ་བྱུང་ཡོད་འདུག འོན་ཀྱང༌། རྒྱ་གར་གྱི་མཁས་པ་ཀ་ཤབ་ཇི་མཆོག་ནས་འོད་ཟེར་རྒྱལ་མཚན་ཁོང་ལ་ཝཱ་རཱ་ཎ་སཱིར་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་མཐོ་སློབ་དབུ་འཛུགས་ཐུབ་པ་དེ་ཡང་ལེགས་པོ་ཡིན་ཚུལ་དང་། ཕྱིས་སུ་རིམ་པས་ཕུགས་རྒྱང་རིང་བའི་དམིགས་ཡུལ་ཡོད་ཚུལ་སོགས་སློབ་སྟོན་རྒྱ་ཆེར་མཛད། ཕྱི་ལོ༡༩༦༧་ནས༡༩༧༡་བར་འཕྲལ་སེལ་གྱི་འགྲོ་གྲོན་རྣམས་ཐད་ཀར་རྒྱ་གར་དབུས་ཤེས་རིག་ལྷན་ཁང་ནས་བཏང་སྟེ་ལེགས་སྦྱར་གཙུག་ལག་སློབ་ཁང་གི་བརྒྱུད་རིམ་ནས་རགས་ཙམ་དང་། ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་དུ་གནས་སྐབས་སུ་རང་ཅག་བོད་ཀྱི་མཐོ་སློབ་དབུ་འཛུགས་ཐུབ་ཀྱང་། ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་གི་དམིགས་བསལ་གྱི་སྡེ་ཚན་ལྟ་བུ་ཞིག་གི་རྣམ་པ་ལས་མེད་པར་བརྟེན་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་གི་ལྷན་ཚོགས་གང་གི་ནང་དུ་ཡང་ཚོགས་འདུ་སོགས་ལ་འཛོམས་མི་དགོས་ལ། ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པས་གང་བྱས་ལྟ་བུ་ཡིན། ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་དུ་གནས་སྐབས་སུ་སློབ་གཉེར་བ་ཚོས་ཤེས་ཡོན་སྦྱོང་བའི་མཐུན་རྐྱེན་དང་ཟས་གོས་སྡོད་གནས་སོགས་ཕྱོགས་གང་གི་ཐད་ནས་གནས་སྟངས་རབ་ཏུ་ཞན་ཞིང་། དགེ་སློབ་རྣམས་ནི་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་བདེན་བཞིའི་ཆོས་འཁོར་བསྐོར་སའི་སཱ་ར་ནཱ་ཐའི་འགྲམ་དུ་རྒན་མགོ་སེར་བླ་མས་ཕྱག་བཏབ་པའི་བོད་དགོན་དུ་དགེ་སློབ་ཁག་ཅིག་བཞུགས་པ་དང་། གཞན་རྣམས་ནི་མཆོད་རྟེན་གྱི་ཉེ་འགྲམ་གང་སར་འཚོ་གནས་བྱེད་ཀྱི་ཡོད། སྐབས་དེར་མཐུན་རྐྱེན་ཞན་པ་དང་ཆབས་ཅིག་ཏུ་གནམ་གཤིས་ཀྱི་ཚ་དྲོད་དང་དུག་སྦྲང་གི་དཀའ་ཚེགས་ཆེ། གཞན་ཡང་བཀའ་ཟུར་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་ལགས་ཀྱི་སྒྲ་འཛིན་འཁོར་ཐག་ཏུ་ཡོད་པའི་གསུང་བཤད་སོགས་ལ་ཉན་ཚེ་སྐབས་དེར་དགེ་སློབ་རེ་འགའ་ཞིག་གིས་དོན་དངོས་སུ་ཅི་ཡིན་ཡང་ཆོས་ལུགས་ཕན་ཚུན་འཐེན་འཁྱེར་གྱི་དཀྲོག་གཏམ་དུ་མ་ཞིག་བཤད་མཁན་བྱུང་ཡོད་ཚུལ་འདུག

ཞོགས་པ་སྐྱ་རེངས་ཤར་བ་དང་ཕྱག་ཚོད་ལྔ་པ་ཙམ་ནས་རླངས་འཁོར་ཡོད་མེད་ཇི་ལྟར་ཡང་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་དུ་འཛིན་གྲྭར་བཅར་དགོས། སཱ་ར་ནཱ་ཐའི་མཆོད་རྟེན་ཡོད་ས་ནས་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་གི་བར་དུ་ལེ་དབར་བརྒྱད་ཙམ་ཡོད། སྐབས་དེར་མི་རེ་འགས་མཐོ་རིམ་སློབ་གྲྭ་མ་རེད་ཐོ་རེངས་སློབ་གྲྭ་རེད་ཅེས་བཤད་སྲོལ་ཡང་བྱུང་འདུག

རྩོམ་སྔ་མ།ང་ཡི་ཆང་གཞས།
རྩོམ་རྗེས་མ།བོད་ཀྱི་འབྲི་གཡག
ཡ་ལོ་ངག་དབང་།
བོད་མཐོ་སྒང་དུ་སྐྱེས་ཞིང་། ས་མཐའི་ཡུལ་ནས་གནའ་དེང་ཟུང་འབྲེལ་གྱི་ཤེས་རིག་གི་ཡལ་འདབ་མི་དམན་པ་རྒྱས། འདས་ཟིན་པའི་མི་རིགས་འདིའི་ལོ་རྒྱུས་སྐྱུར་མོ་དང་མ་འོངས་པའི་ཕུགས་བསམ་ལ་འགན་ཁུར་ཏེ། བོད་ཀྱི་སྤྱི་ཚོགས་དང་སྐད་ཡིག་གི་ཞིང་ཁམས་སོགས་ལ་དྭངས་བླངས་ཞབས་ཞུ་ལོ་ཤས་རིང་ཞུས་དང་ཞུ་བཞིན་པ་རེད། ཁོང་གིས་ཟེར་ན། “དེ་དག་ནི་མི་ཡུལ་འགྲིམ་པའི་ལེགས་སྐྱེས་ཙམ་དང་བོད་ཕྲུག་ཁྱིམ་སྡེ་ལ་དྲིན་ལན་འཇལ་བའི་ཆུ་ཐིགས་ཙམ་ཡིན་ཟེར།”- ད་ལྟའི་ཆར་ཨོ་གླིང་གཞུང་གི་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་ཀ་བྱེད་མུས་རེད།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།