མདུན་ངོས། སྙན་ངག ང་ཡི་ཆང་གཞས།

ང་ཡི་ཆང་གཞས།

༥༠༦༢

སེར་ལ་དྲི་བསུང་འཐུལ་བའི།།

ནས་ཆང་གར་མ་འཁྱོགས་ཅིག།།

བུ་ངའི་མགྲིན་འགུག་ཞན་ཡང་།།

ཆང་གཞས་ཐབས་རྡུགས་ལོས་ཐུབ།།

ད་ནངས་དབུགས་རིང་ཤོར་བྱུང་།།
ཁ་སང་སྤོབས་པ་སྐྱེས་མྱོང་།།
སང་ཉིན་ཅི་ཡོང་མི་ཤེས།།
གླུ་འདིར་མཐོ་དམའ་ལོས་ཡོང་།།

སེམས་ཀྱི་གཏིང་ནས་དྲན་བཞིན།།
གཏམ་གྱི་ནང་དུ་གཞན་ཞིག །
ངལ་གསོ་སྙིང་ལ་ཉར་བའི།།
ཞབས་བྲོ་རྫུན་མ་ལོས་མཛེས།།

རྫུན་གྱི་ཚང་ཚིང་གསེང་ན།།
བདེན་པའི་མེ་ཏོག་འཛུམ་ཡོད།།
རོལ་དབྱངས་འདི་ཡི་བཅུད་དེ།།
སྲོག་ལ་ཐུག་ཀྱང་ངས་འཛིན།།

སྔོན་ཆད་མ་འཕྲད་ངོ་ཤེས། །
ད་ལྟ་ཐུག་ཀྱང་མ་འདྲིས།།
མགྲོན་པོའི་བཞུགས་གྲལ་འདི་ལ།།
སྤུན་ཟླ་ཟེར་འོས་ཡོད་དམ།།

སེམས་ལ་འཁོར་ཕྱོགས་ཤིག་ལ།།
ཁྱེད་རང་དྲུང་ན་ཡོད་འདྲ།།
ལྟ་སྣང་མཐོང་ཕྱོགས་ཤིག་ལ།།
ཐམས་ཅད་སྙིང་ནས་བོར་འདྲ།།

ཆང་ལ་ཟད་པ་མེད་ཀྱང་།།
གླུ་ལ་ཚད་དང་མཚམས་ཡོད།།
མུ་མཐུད་མཆོད་ན་གཅིག་རེད།།
མུ་མཐུད་ཉན་ན་མི་གཅིག །

གླུ་འདི་ཁྱེད་ལ་བཞག་ཡོད།།
གླུ་པ་འདི་ནས་བྲལ་འགྲོ།།
ཆང་རག་བདུད་རྩིའི་སྟོན་མོར།།
མཐའ་ཞིག་ཡོད་པ་འདི་རེད།། །།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།