མདུན་ངོས། མྱོང་བྱང་། འགྲིམ་འགྲུལ་ག...

འགྲིམ་འགྲུལ་གྱི་ཟིན་ཐོ་ཞིག

༦༠༤༩

༄༅།  དེ་རིང་ཞོགས་པ་སྟེ་རབ་གནས་ཤིང་ལུག  བོད་རྒྱལ་ལོ་ ༢༡༤༢ ཕྱི་ལོ་ ༢༠༡༥ཟླ་ ཚེས་ ༢༧ ཉིན་ཀ་ཐ་ལུ་ཡན་གྱི་རྒྱལ་ས་གྲོང་ཁྱེར་སྦར་སི་ལོ་ནའི་དཀྱིལ་མཚོའི་མཚོ་མཐར་(mediterenian sea)ལྟ་རུ་སོང་།  སྦར་སི་ལོ་ན་ནི་ཡོ་རོབ་མཉམ་སྦྲེལ་གྱི་ལྷོར་ཆགས་པའི་སི་པེན་རྒྱལ་ཁབ་ཀྱི་གྲོང་ཁྱེར་རྙིང་པ་སྐད་གྲགས་ཆོད་པ་ཞིག་ཡིན།  ང་རང་འདི་གར་ཉིན་གཉིས་ཀྱི་སྔོན་དུ་ཕྷ་རན་སིའི་གྲོང་ཁྱེར་པེ་རི་སི་ནས་རང་གི་གཅེན་མོའི་བུ་མོ་སྟེ་ང་རང་གི་ཚ་མོའི་ཁྱིམ་ཚང་ཐུག་འཕྲད་དུ་སླེབས།  པེ་རི་སི་གྲོང་ཁྱེར་ནས་འདི་གར་སྤྱི་སྤྱོད་རླངས་འཁོར་ནང་ཆུ་ཚོད་བཅུ་དྲུག་འགྲུལ་བཞུད་བྱས་ཏེ་ད་གཟོད་གྲོང་ཁྱེར་འདིར་གཞི་ནས་འབྱོར།  འགྲུལ་གླ་ནི་ཡོ་སྒོར་ལྔ་བཅུ་ང་ལྔ་ཤོར།  གལ་ཏེ་ངས་གནམ་གྲུའི་ནང་ཡོང་ཡོད་ན་འགྲུལ་གླ་དེ་ལས་ཆེ་བ་དང་།  ཡང་གལ་ཏེ་ངས་མེ་འཁོར་ནང་ཡོང་ཡོད་ན་འགྲུལ་གླ་གནམ་གྲུ་ལས་ཆེ་བ་ཤོར་གྱི་ཡོད།  ཡིན་ནའང་དུས་ཚོད་འགོར་ཡུན་ནི་གནམ་སའི་ཁྱད་པར་འདུག  གནམ་གྲུའི་ནང་ཆུ་ཚོད་གཉིས་ཙམ་དང་མེ་འཁོར་མགྱོགས་པ་དེའི་ནང་ཆུ་ཚོད་ལྔ་ཙམ་འགོར་གྱི་ཡོད།  དེང་རབས་ཀྱི་དབྱིན་ཇིའི་ཁ་སྐད་ནང་དུས་ཚོད་ནི་དངུལ་ཡིན་ཟེར་སྲོལ་ཡོད།  སྐབས་རེ་གནམ་གྲུའི་རིན་གོང་ནི་སྤྱི་སྤྱོད་རླངས་འཁོར་འགྲུལ་བཞུད་ཀྱི་འགྲུལ་གླ་ལས་ཆུང་བ་ཆགས་ཀྱི་ཡོད།  དེ་ནི་དུས་ཚོད་ངེས་ཅན་གཅིག་ལ་མ་གཏོགས་ཐོབ་ཀྱི་མེད་ཅིང་  འདི་ཚོ་ནི་ཚོང་དང་འབྲེལ་བའི་རྩིས་སྟངས་ཤིག་ཡིན་པ་ལས་བསམ་བཟང་གིས་བྱས་པ་ཞིག་ག་ལ་ཡིན།

ངོ་མ་གང་ནས་བལྟས་ཀྱང་རང་བྱུང་ཁམས་འདི་སྲིད་པ་ཆགས་པའི་དུས་ནས་ཡོད་པའི་གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་ཉི་ཟླ་སྐར་གསུམ་དང་།  ལོགས་བཀྲ་ཤིས་རྟགས་བརྒྱད་ཀྱི་གངས་རི་དང་ནགས་རི་དང་བྲག་རི།  ས་པདྨ་འདབ་བརྒྱད་ཀྱི་སྤང་དང་ཡུལ་ལྗོངས་དང་མཚོ་དང་རྒྱ་མཚོ་མཚེའུ་དང་བཅས་པ་རྣམས་གནས་ཡུལ་དང་མཐོ་དམན་གྱི་ཁྱད་པར་ཙམ་ལས་སེམས་ཅན་མི་ཡི་ཀུན་རྟོག་གི་རི་མོ་བཞིན་དཔོག་མི་ཐུབ་པའི་ཁྱད་པར་ཆེན་པོ་མེད་པས་ན་སུས་ཀྱང་དེ་ཚོ་ངོས་འཛིན་མི་ཐུབ་པ་མེད་པའི་ངེས་ཤེས་ཤིག་ང་ལ་སྐྱེས་བྱུང་།  ད་ནས་རྩིས་པའི་ལོ་ངོ་བཅུ་ཕྲག་ཕྱེད་དང་གསུམ་གྱི་གོང་རོལ་དུ་རྒྱ་གར་གྱི་ལྷོ་སྣེར་ཐུག་པའི་མངའ་སྡེ་ཀེ་ར་ལའི་གྲོང་ཁྱེར་ཨེར་ན་ཀ་ལམ་གྱི་མཚོ་མཐར་འགྲོ་མྱོང་།  མཚོ་དེ་ནི་ཨ་ར་བི་ཡན་གྱི་རྒྱ་མཚོ་ཡིན།  མཚོ་མཐའ་ཀོ་ཅིན་གྲོང་ཁྱེར་དང་སྦྱར་བ་དང་མ་སྦྱར་བ་སྣ་ཚོགས་པ་ཙམ་ལས་སྤྱིའི་ཆ་ནས་མཚོ་དང་མཚོ་མཐའ་གཉི་ག་ཡོ་རོབ་ཀྱི་མཚོ་མཐའ་དང་གཅིག་པ་གཅིག་རྐྱང་དུ་སྣང་།  སྐབས་རེ་བྱེད་པོས་བཟོས་པ་རེད་ཟེར་བ་དེར་ཡང་སྣང་བ་མ་འཁྲུལ་རང་འཁྲུལ་ལྟ་བུར་མཐོང་།  ཤར་ནུབ་ཀྱི་མཚོ་མཐའ་གཉིས་གནས་ཡུལ་གྱིས་རྒྱང་ཐག་རིང་པོར་བསྐལ་ནའང་དེ་འདྲའི་ཆ་འདྲ་ལ་ངོ་མཚར་མ་སྐྱེ་རང་སྐྱེ་ལགས།།

སི་པེན་རྒྱལ་ཁབ་ནི་ཡོ་རོབ་མཉམ་སྦྲེལ་མནའ་མཐུན་གྱི་རྒྱལ་ཁབ་གཅིག་ཡིན་ཅིང་། རྒྱུ་མཚན་འདི་ལ་བརྟེན་ནས་གལ་ཏེ་ཁྱེད་རང་ལ་ཕྷ་རན་སི་ལ་སྡོད་ཆོག་པའི་ལུགས་མཐུན་ཐོངས་མཆན་ཡོད་ན་མཉམ་སྦྲེལ་མནའ་མཐུན་གྱི་རྒྱལ་ཁབ་མང་ཆེ་བར་བྱེ་བྲག་ཐོངས་མཆན་ཞུ་མི་དགོས་པའི་ཐོག་ནས་དུས་ཚོད་ཐུང་ངུའི་རིང་གཉེན་འཕྲད་དང་ལྟ་སྐོར་གྱི་ཆེད་དུ་འགྲོ་ཆོག  མཉམ་སྦྲེལ་མནའ་མཐུན་རྒྱལ་ཁབ་དེ་དག་གི་བར་དུ་ས་མཚམས་ཀྱི་ས་ཆ་ཡོད་དུ་ཆུག་ཀྱང་བཀག་རྒྱ་དང་རྩིས་བཤེར་བྱེད་ཀྱི་མེད།  དེ་ནི་འགྲུལ་པ་རྣམས་ལ་ཤིན་ཏུ་སྟབས་བདེ་པོ་ཆགས་ཀྱི་ཡོད།  འདི་ཡིས་མཉམ་སྦྲེལ་མནའ་མཐུན་གྱི་དགེ་མཚན་མི་དཀྱུས་མ་ཞིག་གིས་ཀྱང་ཚོར་ཐུབ་པའི་བདེན་དཔང་བྱེད་པ་ལྟ་བུར་སྣང་།  ཕྷ་རན་སི་བཞིན་དུ་སི་པེན་རྒྱལ་ཁབ་ཀྱང་མི་རིགས་མང་པོ་ལས་གྲུབ་པའི་རྒྱལ་ཁབ་ཅིག་ཡིན།།

འདས་པའི་ཉིན་ཤས་ནང་ངས་ཡུལ་འདིའི་ས་གྷ་ར་དྷ་ཕེ་མི་ལི་ཡ་སྟེ་ཡེ་ཤུའི་ལྷ་ཁང་རྙིང་པ་གང་གི་བཟོ་བཀོད་ནི་ཡ་མཚན་སྐྱེ་འོས་པ་ཞིག་ཡོད་པ་དེ་དང་།  བོད་ཀྱི་ཁང་པ། བྱིས་པའི་རྩེད་མོའི་ཁང་ཆེན།  དེ་བཞིན་ཏོ་རེར་ཞེས་པ་ཐག་རིང་ནས་བལྟས་ན་ལྷ་ཆེན་དབང་ཕྱུག་གི་ལིང་གའི་དབྱིབས་ཅན་གྱི་ཁང་གསར་རྩེ་མོ་གནམ་ལ་ཟུག་པ་ཞིག་ཡོད་པ་བཅས་ལྟ་རུ་སོང་།  ས་གྷ་ར་དྷ་ཕེ་མི་ལི་ཡ་ནི་བཞེངས་འཕྲོར་ལུས་པའི་ལྷ་ཁང་ཞིག་ཡིན་ཅིང་།  ཕལ་ཆེར་ལོ་ངོ་ཉིས་བརྒྱའི་གོང་གི་གནས་ཚུལ་ཞིག་ཡིན་ས་རེད།  བཟོ་བོའི་རྒྱལ་པོ་སྣ་ཚོགས་ལས་དང་གཉིས་སུ་མ་མཆིས་པའི་བྱེད་པོ་དེས་བཞག་པའི་ས་བཀྲར་བལྟས་ཏེ་དེང་གི་དུས་སུ་ཨར་པོའི་ལས་ལ་མཁས་ཅན་དུ་མས་མཉམ་སྦྲེལ་བྱས་ཏེ་མཇུག་འཕྲོ་སྐྱོང་བཞིན་པའི་གནས་སྐབས་ཡིན་ནའང་སྔ་མོ་བཞིན་འོང་བ་ཁག་པོ་ཆགས་ཀྱི་ཡོད་པ་འདྲ།  ས་གྷ་ར་དྷ་ཕེ་མི་ལི་ཡ་ནི་སྦར་སེ་ལི་ནའི་ཡུལ་སྐོར་སྤྲོ་འཆམ་པའི་ལྟ་སྐོར་བྱེད་ས་གཙོ་བོ་ཞིག་ཡིན་པར་བཤད  འདི་ནི་སྦར་སི་ལོ་ན་ཁོ་ནར་མ་གཏོགས་ཡུལ་གཞན་དུ་མཐོང་དུ་མེད་པས་དཀོན་པའི་ཁྱད་ཆོས་འབུར་དུ་ཐོན་ཡོད།  བོད་ཀྱི་ཁང་པ་ནི་བོད་ཁང་གཞན་དང་འདྲ་པོ་འདུག  འདི་ན་པོ་ཏཱ་ལའི་བཟོ་བཀོད་ཤིང་ལས་བྱས་པ་ཞིག་མཇལ་རྒྱུ་འདུག  འདི་དམིགས་བསལ་རེད་ཅེས་བརྗོད་ཆོག་པར་སེམས།  འཛམ་གླིང་ནང་པོ་ཏཱ་ལའི་བཟོ་བཀོད་དེ་རིགས་གསུམ་མ་གཏོགས་མེད་ཅེས་བཤད་ཅིང་།  ལྷག་པར་འདི་ཉིད་བོད་རང་ནས་གདན་འདྲེན་ཞུས་པ་ཞིག་རེད་འདུག  ཏོ་རེར་ཟེར་བའི་ཁང་པ་དབང་ཕྱུག་གི་ལིང་གའི་དབྱིབས་ཅན་གནམ་ལ་ཟུག་པ་ལྟ་བུ་དེ་དལྟ་ལས་ཁུངས་ཆེན་པོ་ཞིག་ཡིན་ཡང་།  འཛམ་གླིང་མགྲོན་ཁང་ཚོགས་པ་ཞིག་ལ་བཙོང་ཟིན་ཏེ་རིང་མིན་མགྲོན་ཁང་ཆེན་པོ་ཞིག་ཏུ་འགྱུར་རྒྱུ་རེད་འདུག ཕྱི་ནས་བལྟས་པ་ཙམ་གྱིས་ཁང་པ་དམིགས་བསལ་ཞིག་ཡིན་པ་ཚོར་ཐུབ།  གོ་ཐོས་ལ་ཁང་པ་འདི་རིགས་འཛམ་གླིང་ནང་གཉིས་མ་གཏོགས་མེད་ཟེར།  གཅིག་ནི་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཡོད་པ་རེད།  འདི་ལ་ཡང་དཀོན་པའི་ཁྱད་ཆོས་ཤིག་འབུར་དུ་ཐོན་པར་སྣང་།

ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༩ སྔ་དྲོ་ཆུ་ཚོད་ ༧:༣༠ སྟེང་སྦར་སི་ལོ་ན་ནས་གནམ་གྲུའི་ནང་པེ་རི་སིར་ཐོན།  གནམ་གྲུ་དེར་འགྲུལ་པ་ཉིས་བརྒྱ་ལྔ་བཅུ་སྐོར་འདུག་ཅིང་།  ང་ཚོ་ཚང་མ་དེ་རིང་ཡོང་ས་གཅིག་ནས་དང་འགྲོ་ས་གཅིག་ཏུ་ཡིན་པ་རེད།  རང་རེའི་ཆོས་ཀྱིས་མཁོ་འདོན་བྱས་པ་ལྟར་ན་ཚེ་རབས་མཐའ་ཡས་པའི་སྔོན་ནས་དེ་རིང་འཛོམས་པའི་འགྲུལ་པ་ཡོངས་རྫོགས་ལན་མང་ཚེ་འདིའི་འབྲེལ་འདྲིས་ཟབ་ཤོས་མ་བུའི་འབྲེལ་བ་བསྐྱངས་ཡོད་ནའང་།  ད་ལྟ་ནི་ཕན་ཚུན་གཅིག་གིས་གཅིག་ངོ་ཡང་མི་ཤེས།  ལྷག་པར་ང་ལྟ་བུ་ནི་ཁོང་ཚོ་དང་སྐད་ཡིག་གིས་ཀྱང་འབྲེལ་བ་བྱེད་རྒྱུའི་བཀག་རྡོ་བྱས་ཏེ་གནས་ཡོད།  དེས་ན་ངས་རང་གི་འགྲུལ་རོགས་གང་ནས་ཡིན་པ་ཙམ་ཡང་ཤེས་མ་བྱུང་།  བྱད་རིས་ལ་བལྟས་ན་ཨེ་ཤི་ཡའི་ལུང་པ་ག་གེ་མོ་ཞིག་ནས་ཡིན་པར་སྣང་ཞིང་།  སྐད་རིགས་ནི་ཤེས་ཐུབ་ཚོད་རེད།  གང་ལྟར་ང་ཚོ་ཚང་མ་ཆུ་ཚོད་གཉིས་རིང་གནམ་ལ་ལྡིང་སྟེ་མཐར་ས་གཞིར་དུས་ཐོག་ཏུ་བབ་ཐུབ་པས་འགྲུལ་བཞུད་བདེ་བླག་ངང་གྲུབ་སོང་།  ང་ལས་གཞན་པ་ཀུན་ལ་འགྲིམ་འགྲུལ་སྐབས་རང་གི་རྒྱལ་ཁབ་ཀྱི་ལག་ཁྱེར་ཡོད་ཀྱང་ང་ལ་ནི་རྒྱལ་ཁབ་ཀྱི་ལག་ཁྱེར་མེད།  ཡིན་ནའང་༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་རྒྱ་གར་གཞུང་གིས་སྩལ་བའི་འགྲུལ་བཞུད་ལག་ཁྱེར་དེ་ཡིས་འགྲིམ་འགྲུལ་སྐབས་རྒྱལ་ཁབ་ཁག་གི་ལག་ཁྱེར་དང་གཅིག་མཚུངས་ཀྱི་བྱ་བ་བྱས་ཏེ་ཡོ་རོབ་རྒྱལ་ཁབ་ནང་ཕན་ཚུན་དཀའ་ངལ་མ་འཕྲད།།

གནམ་ཐང་ནས་རང་ཉིད་སྡོད་ས་བར་ཐོག་མར་གནམ་གྲུའི་སྤྱི་སྤྱོད་རླངས་འཁོར་ནང་ཡོང་ཞིང་།  དེ་ནས་རི་ལི་ཆེ་བ་RERནང་དང་།  དེ་ནས་ས་འོག་མེ་འཁོར་བརྒྱུད་རང་ཉིད་སྡོད་སར་བདེ་བླག་ངང་སླེབས།  རི་ལི་ཆེ་བ་RERནང་ནས་ས་འོག་མེ་འཁོར་ཡོད་ས་ཤཊ་ལེ་ལེཨཱལ་(CHATELET LEHALLE)བར་ནམ་རྒྱུ་ཡོ་སྒོར་བཅུ་མན་ཙམ་གནས་ཀྱི་ཡོད་ཀྱང་གལ་ཏེ་སྐྱེས་བུ་ཞིག་ལ་ཟླ་གཅིག་ས་འོག་མེ་འཁོར་གྱི་འཛིན་བྱང་ཡོད་ན་གཟའ་མཇུག་ཚང་མ་དང་སློབ་གྲྭའི་གུང་སེང་ནམ་ཡིན་ལ་རིན་མེད་ཐོག་མེ་འཁོར་ཆེ་བའི་ནང་དུའང་བསྐྱོད་ཆོག་གི་ཡོད།  དེ་རིང་ནི་དཔྱིད་གནང་གི་ཉིན་ཞིག་ཡིན་པ་དང་ང་ལ་ཟླ་རེའི་འཛིན་བྱང་ཡོད་པས་རིན་མེད་ཐོག་རི་ལི་ཆེ་བའི་བརྒྱུད་ནས་རང་གི་སྡོད་ཤག་ཏུ་སླེབས་ཐུབ་བྱུང་།  གནམ་གྲུའི་གླ་ཆ་ནི་ཡོ་སྒོར་༧༤་༩༩ རེད་ལ།  དེ་ནི་སེནཊ་དམར་རིལ་གཅིག་མ་གཏོགས་ཡོ་སྒོར་བརྒྱའི་བཞི་ཆ་གསུམ་ཏག་ཏག་ཡིན། ངའི་གནམ་གྲུའི་འཛིན་བྱང་ཨང་གྲངས་ནི་ VY8242 དང་།  རྐུབ་སྟེགས་ཨང་གྲངས་ནི་ 23D ཡིན།  ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༩ ཉིནན་གས་བྲིས།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།