མདུན་ངོས། སྒྲུང་། བསོད་ནམས་དང་ལ...

བསོད་ནམས་དང་ལོང་བའི་གཏམ་རྒྱུད།

༣༡༧༩༤༣

 ༄༅།  །བསྐལ་པ་ཡར་སྔོན་དུ་བོད་ཅེས་པའི་མཐོ་སྒང་དེ་རྒྱ་མཚོ་ཆེན་པོའི་ཆུ་བོའི་འོག་རོལ་མཐར་ཐུག་ཏུ་གནས་པར་གྲག་ཀྱང་།  ད་ལྟའི་མངོན་འགྱུར་འཛམ་གླིང་འདིའི་ཆགས་རབས་ཀྱི་དབང་དུ་བྱས་ན་མཐོ་སྒང་གི་བོད་དེ་འཛམ་གླིང་གི་ཡངས་ཐོག་ཏུ་འབོད། གངས་རིའི་ར་བས་བསྐོར་བའི་བོད་ཀྱི་ཁོར་ཡུག་དེ་གནའ་བོའི་ལོ་རྒྱུས་སུ་སྟོད་མངས་རིས་སྐོར་གསུམ་དང་།  བར་དབུས་གཙང་རུ་བཞི།  སྨད་མདོ་ཁམས་སྒང་དྲུག་བཅས་སུ་བཀྲལ་ཅིང་།  དེའི་ཡ་གྱལ་སྟོད་མངའ་རིས་སུ་བྱུང་བའི་བསོད་ནམས་དང་ལོང་བའི་གཏམ་རྒྱུད་འཆད་པ་ལ།།

སྤྱིར་ན་འཇིག་རྟེན་གྱི་གཏམ་རྒྱུད་ཡོད་ཚད་ལུང་པ་དེ་དང་དེའི་སྤྱི་ཚོགས་དང་རིག་གཞུང་། འཚོ་བ་དང་མ་འབྲེལ་བ་ཞིག་ཕལ་ཆེར་རྙེད་དུ་མེད།  རེ་ཟུང་སྣང་བ་དེ་དག་ཀྱང་ང་ཚོར་རྒྱུས་མངའ་ཉུང་བའི་རྐྱེན་གྱིས་དེ་ལྟར་སྣང་བ་ཙམ་ལས་དོན་དུ་སྐབས་དེ་དང་དེའི་མིའི་འཚོ་བ་དང་མ་འབྲེལ་བ་ཞིག་མེད་ཅེས་བཤད་ཆོག  ཐ་ན་རྟོག་བཏགས་ཀྱི་སྒྲུང་གཏམ་ཞིག་ཡིན་ན་ཡང་དེའི་ས་བོན་ནི་སྤྱི་ཚོགས་དང་དངོས་ཤུགས་གང་རུང་དང་མ་འབྲེལ་བ་ཞིག་གཏན་ནས་ཡོང་མི་སྲིད་སྙམ།  དེས་ན་མཐོ་སྒང་བོད་ཀྱི་གནའ་བོའི་སྤྱི་ཚོགས་ཀྱི་འཚོ་བ་ནི་འབྲོག་ལས་གཙོ་བོ་དང་། རིག་གཞུང་གི་འབྱུང་ཁུངས་ནི་སྟོན་པ་གཤེན་རབ་ཀྱིས་གསུངས་པའི་གསུང་རྣམས་ལོས་ཡིན།  དེ་ནས་དུས་རབས་བདུན་པ་ནས་འགོ་བཙུགས་ཏེ་དེ་རིང་གི་བར་བོན་གྱི་སྟེང་དུ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ཡང་རིམ་གྱིས་དར་ཡོད།  བན་བོན་གང་ཡིན་ཀྱང་བསོད་ནམས་ཟེར་བའི་ཚེག་བར་གཉིས་ཅན་གྱི་ཚིག་འབྲུ་འདི་གཉིས་ལ་ཡིད་ཆེས་བྱེད་མཁན་ཞེ་གཅིག་ཡིན།  དེ་དང་འབྲེལ་ཏེ་ལས་ཞེས་པའི་ཐ་སྙད་འདི་ཡིས་གངས་ཅན་པའི་སེམས་སུ་ཡིད་ཆེས་ཡོད་མིན་ལ་ལྟོས་མེད་ཀྱིས་བག་ཆགས་གཏིང་ཟབ་ཅིག་བསྐྲུན་ཡོད།  རེས་ཡིད་ཆེས་བྱས་ཏེ་ཡ་རབས་ཀྱི་ལས་སུ་འཇུག་པ་དང་།  རེས་ཡིད་ཆེས་བྱེད་ཁུལ་བྱས་ཏེ་ཁེ་བཟང་ཁོ་ནར་རྒྱུགས་པའང་ཉུང་ཉུང་མིན།  དེས་ན་སྒྲུང་གཏམ་འདི་ཉན་པར་དང་པོར་ང་ཚོས་བསོད་ནམས་ཟེར་བའི་ཐ་སྙད་འདི་ལ་འདྲིས་དགོས་པ་ཡིན།  བསོད་ནམས་ནི་མིག་གི་རིག་རྒྱུ་དང་ལག་པས་རེག་རྒྱུ།  སྣ་བས་སྣོམ་རྒྱུ་དང་རྣ་བས་གོ་རྒྱུ།  ལྕེས་མྱོང་རྒྱུ་སྟེ་དབང་པོ་ལྔ་གའི་ཡུལ་དུ་གྱུར་པ་ཞིག་མིན།  རྒྱུ་མཚན་འདི་ལ་བརྟེན་ནས་བསོད་ནམས་ལ་ཡིད་མི་ཆེས་མཁན་སྐྱེས་བུ་འབུམ་ཕྲག་དུ་མ་ཡོད་པའང་ཤིན་ཏུ་མད། བསོད་ནམས་ཟེར་བ་ནི་རྣམ་དཀར་ལས་ཀྱིས་བསྐྲུན་པའི་བཟང་པོའི་ཡོན་ཏན་ཞིག་ཡིན་ ཅིང་།  དེ་ཡི་འབྲས་བུ་ནི་རང་གཞན་ཀུན་ལ་བདེ་སྐྱིད་སྦྱིན་པ་ཡིན།  བསོད་ནམས་སྐོར་འགྲེལ་བརྗོད་བྱེད་སྐབས་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་གཞི་རྩར་བཞག་སྟེ་ཡོང་དགོས་ཀྱང་འདི་ཉིད་མི་རྟག་པ་ཡིན་པ་ལ་ཐེ་ཚོམ་མེད།  དེས་ན་བསོད་ནམས་གསོག་རྒྱུའང་ཡོད་ཅིང་།  བསོད་ནམས་ཟད་རྒྱུའང་ཅི་ལ་མེད།  སྐབས་མང་པོར་ང་ཚོས་བསོད་ནམས་དང་ལས་གཉིས་གཅིག་གི་གོ་སར་གཞན་དེ་བེད་སྤྱོད་གཏོང་བའང་ཉུང་ཉུང་ཞིག་གཏན་ནས་མིན། བསོད་ནམས་བསགས་པའི་མི་ཡིས་བསམ་པ་ཐམས་ཅད་འགྲུབ་པ་ཡིན་ཟེར་སྲོལ་ཡོད།  བསོད་ནམས་མ་བསགས་པའི་སྐྱེ་བོར་གསེར་ཡང་བྱེ་མར་གྱུར་པའི་གཏམ་རྒྱུད་ཡོད།།

སྟོད་སྐྲ་བདུན་ཞེས་པ་ནི་མངའ་རིས་སྐོར་གསུམ་གྱི་ལུང་ཚན་ཞིག་གི་མིང་ཡིན།  ལུང་པ་དེར་སྟོད་ཅེས་ཟེར་དགོས་པའི་རྒྱུ་མཚན་ནི་སྤྱིར་བོད་ཀྱི་ནུབ་ངོས་སུ་ཆགས་ཀྱང་གངས་རིན་པོ་ཆེའི་འདབས་རོལ་དུ་གནས་པའི་ཡུལ་གྲུ་ཞིག་ཡིན་པས་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཕྱེས་སྐབས་སྟོད་དུ་གནས་པས་དེ་ལྟར་དུ་གྲགས།  སྐྲ་བདུན་ཞེས་བརྗོད་དགོས་པའི་རྒྱུ་མཚན་ནི་ལུང་པ་དེར་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཡུལ་སྟོད་སྨད་བར་གསུམ་གྱི་སའི་དཔྱད་པ་བཏང་སྐབས་བོད་ཡུལ་དེ་སྲིན་མོ་གན་རྐྱལ་ཞིག་གི་སྟེང་དུ་ཆགས་པས་ས་བཀྲ་མི་ཤིས་ཤིང་།  དེ་ཡི་ཁ་གནོན་དུ་སྲིན་མོའི་ཡན་ལག་དང་ཚིགས་ཀྱི་སྟེང་དུ་མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་མང་པོ་བཞེངས་ཤིང་།  དེ་དག་ལས་གཅིག་ནི་སྐྲ་བདུན་དུ་བཞེངས་པའི་སྐྲ་བདུན་གཙུག་ལག་ཁང་དེ་ཡིན་པར་གྲགས།  གཙུག་ལག་ཁང་དེ་ཡི་ནང་རྟེན་གཙོ་བོ་ནི་རྡོ་དཀར་ལས་གྲུབ་པའི་སངས་རྒྱས་རྣམ་པར་སྣང་མཛད་ཡིན་ཅིང་།  དེ་ཡི་གཟུངས་ཞུགས་སུ་བྱིན་རླབས་ཀྱི་ཚན་ཁ་འབར་བའི་རྟེན་དུ་མ་ཡོད་པ་ལས་གཅིག་ནི་སངས་རྒྱས་འོད་སྲུངས་ཀྱི་དབུ་སྐྲ་ཉག་མ་བདུན་པོ་དེ་དག་ཡིན།  དེའི་ཕྱིར་ན་སྟོད་སྐྲ་བདུན་ཞེས་རྟེན་མིང་ལུང་པར་ཐོགས།  འདི་ནི་གཏམ་རྒྱུད་ཙམ་དུ་ཟད།  སངས་རྒྱས་འོད་སྲུངས་དང་སངས་རྒྱས་ཤཱཀྱ་ཐུབ་པའི་བར་ལོ་ངོ་འབུམ་ཕྲག་མང་པོའི་བར་ཁྱད་ཡོད་ན་སྐྲ་ཉག་མ་བདུན་དེ་བར་གནས་ཐབས་གང་ནས་ཡོང་།  ཇི་ལྟར་ཡང་ལོ་རྒྱུས་ཀྱི་ཡིག་ཆ་ག་གེ་མོར་པྲ་དུན་དང་།  བཀྲ་བདུན་སོགས་ཀྱང་གསལ།།

ལུང་པ་དེར་ཁྱིམ་ཚང་མི་ཉུང་བ་ཞིག་ཡོད་པ་ལས་གཅིག་གི་མིང་ལ་གངས་ཞོལ་ཟེར།  ཕལ་ཆེར་གངས་རིན་པོ་ཆེའི་ཞོལ་དུ་ཆགས་པས་དེ་ལྟར་གྲགས་པ་ཡིན་ཤས་ཆེ།  དཔེར་ན་ལྷ་ས་ཞོལ་དང་རྟ་ཝང་ཞོལ་ལྟ་བུའོ།  ཁྱིམ་ཚང་དེར་བུ་བསོད་དགའ་དང་བསོད་ཞན་ཞེས་པ་གཉིས་ཡོད།  ཆུང་ངུའི་དུས་ནས་རང་གི་ལས་སྐལ་ནི་རྫི་བོར་འགྲོ་རྒྱུ་དེ་ཡིན་ཅིང་།  ཕུ་ནུ་གཉི་ག་འཆམ་མཐུན་དུ་གནས་པར་མ་ཟད་ཕུ་བོས་ནུ་བོར་རྟག་ཏུ་བྱམས་སྐྱོང་དང་ནུ་བོས་རྟག་ཏུ་ཕུ་བོར་ཁ་ལ་ཉན་པོ་བྱེད་ཀྱི་ཡོད།  ནར་སོན་པ་ན་ཕུ་ནུ་གཉི་གས་ཚོང་ལས་གཉེར་ཞིང་།  ཁྱིམ་མཚེས་བལ་ཡུལ་གྱི་ལུང་པར་བགྲོད་དེ་ཚོང་རྫས་ཉོ་འཚོང་དང་།  དེ་བཞིན་ལུང་པའི་བྱང་དུ་སོང་སྟེ་ཚྭ་ལེན་ཡང་བྱེད་ཀྱི་ཡོད།  དེ་དུས་ཕ་མ་གཉིས་ཀ་ཡོད་པས་མ་ཚད་གཉེན་སྒྲིག་ཀྱང་བྱས་མྱེད།  ཁྱིམ་ཚང་དེའི་འབྱོར་ཕྱུག་དང་སྤྱོད་ལམ་ལ་ཡུལ་མི་ཀུན་ཀྱིས་ཡིད་སྨོན་བྱས་ཏེ་མིས་སྨོན་རང་སྐྱིད་ཀྱི་དཔལ་ལ་རོལ་བཞིན་པ་ལགས་སོ།  །ཕ་མ་འཛོམས་པ་ཚེ་སྟོད་ཟེར་བ་བདེན་པ་ཅི་ལ་མིན།  དེ་ནས་ཨ་ཞང་ཆོས་རྒྱལ་གྱིས་འཇིག་རྟེན་གྱི་སྲོག་ཆགས་སུ་ཡང་ཐར་པ་གཏན་ནས་བཏང་མ་མྱོང་བས་ན་བསོད་དགའ་དང་བསོད་ཞན་གྱི་ཕ་མ་གཉིས་ཀྱང་ཐར་པ་ག་ལ་བཏང་སྟེ་རིམ་གྱིས་གཅིག་མཇུག་གཉིས་མཐུད་བྱས་ཏེ་གཟིམ་ཁྲིའི་མཐའ་ཅན་དུ་གྱུར།  ཁོང་གཉིས་ཀྱིས་ཕ་མ་གཉིས་ཀྱི་ཆེད་དུ་རྒྱུ་ནོར་ཡོད་དོ་ཅོག་སྟར་ཁ་ཕྱེད་ཀ་བཏང་བ་ལྟར་ཕྱེད་ཀ་ཏག་ཏག་འཁྲུངས་རྟགས་བཞེངས་རྒྱུས་མཚོན་བསོད་ནམས་དགེ་བའི་ལས་སུ་འགྲོ་གྲོན་བཏང་སྟེ་འདི་ཕྱི་གཉིས་ཡོད་བྱས་སོ།།

དེ་ནས་རིམ་གྱིས་ཕུ་བོས་མནའ་མ་ཞིག་བླངས་ཏེ་ཁྱིམ་གཞི་ཨ་མ་བཟུང་།  ནུ་བོར་ཡང་མནའ་མ་ཞིག་བླངས་ཏེ་ཁྱིམ་གཞི་ལོགས་ཤིག་ཏུ་སྤོས།  གངས་ཞོལ་ཁྱིམ་ཚང་དེ་ད་ཆ་གངས་ཞོལ་དང་གངས་ཞོལ་ཟུར་ཞེས་པའི་ཁྱིམ་ཚང་གཉིས་སུ་ གྱེས།  ཕུ་ནུ་གཉིས་སྔོན་བཞིན་མཐུན་པོ་ཡོད་པས་ཚོང་ལས་དང་ཚྭ་ལེན་གྱི་བྱ་བ་ཡང་མཉམ་དུ་བྱེད་ཀྱི་ཡོད་པས་ཁེ་གྱོང་གང་བྱུང་ཡང་སྐྱིད་སྡུག་མཉམ་མྱོང་བྱེད་ཀྱི་ཡོད།  ལོ་མང་སོང་རྗེས་གངས་ཞོལ་དང་གངས་ཞོལ་ཟུར་གྱི་ཆུང་མ་གཉིས་རྒྱུ་ནོར་གྱི་རྐྱེན་པས་མི་མཐུན་པར་གྱུར་ཏེ་སྐྱིད་སྡུག་མཉམ་མྱོང་གི་ཚོང་ལས་དང་ཚྭ་ལེན་གྱི་བྱ་བར་དོ་ཕོག་ཆེན་པོ་བྱུང་།  དེ་ནས་བཟུང་ཁྱིམ་ཚང་གཉིས་དགྲ་ཟླར་མ་གྱུར་ཀྱང་འཚོ་བའི་ཐད་ཤ་སོ་སོ་དང་གྲི་སོ་སོར་བྱས་ཏེ་གནས།  བསོད་དགའ་ལ་མཚོན་ན་ཚོང་ལས་དང་ཚྭ་ལེན་གྱི་བྱ་བར་གོད་ཆག་མ་བྱུང་ནའང།  བསོད་ཞན་ལ་མཚོན་ན་ལོ་མང་རིང་གཅིག་མཇུག་གཉིས་མཐུད་བྱས་ཏེ་ཚོང་ལས་དང་ཚྭ་ལེན་བྱ་བར་བསམ་ཡུལ་ལས་འདས་པའི་བྱུས་ཉེས་ཞེ་གཅིག་བྱུང་།  དེ་ལྟ་ནའང་དུས་དང་རྣམ་པ་ཀུན་ཏུ་ཕུ་བོས་རོགས་རམ་ཤ་སྟག་བྱེད་ཀྱིན་ཡོད།  གནའ་བོའི་བོད་ཀྱི་གཏམ་དཔེར་ཡུན་རིང་སོང་ན་མི་སྤུན་ཡིན་ཀྱང་རྒྱུ་སྤུན་མིན་ཞེས་པའི་ནང་དོན་ཇེ་གསལ་དུ་འགྲོ་བ་ཅི་ལ་མི་བདེན།  ཁོང་ཁྱིམ་ཚང་རྣམ་གཉིས་ལ་མཚོན་ནའང་ལོ་མང་སོང་རྗེས་གངས་ཞོལ་ཟུར་གྱི་བསོད་ཞན་ལ་གངས་ཞོལ་བསོད་དགས་ཇི་ཙམ་རོགས་པ་བྱས་ཀྱང་ཡར་རྒྱས་རྩ་བ་ནས་མ་ཕྱིན་པར་བརྟེན་བསོད་དགའ་འུ་ཐུག་སྟེ་རོགས་པ་བྱེད་འཕྲོ་བཅད།  དེ་ནས་བསོད་ཞན་གྱིས་ཚོང་ལས་དང་ཚྭ་ལེན་ག་རེ་བྱས་ཀྱང་ཚེ་སྔོན་ལས་ཀྱི་འབྲས་བུ་ངན་པ་རང་གི་མགོ་ཐོག་ཏུ་ལྷུང་བ་ལྟར་གྱུར་ཏེ་ཆུང་མ་དང་ཡང་ཁ་བྲལ་དགོས་བྱུང་བར་མ་ཟད་སྤྲང་པོ་སྤྲང་རྐྱང་གི་འཚོ་བར་རོལ་དགོས་བྱུང་།  ཡུལ་མི་ངོ་ཤེས་དང་རྒྱུས་ཡོད་རྒྱུས་མེད་ཀུན་གྱིས་བསོད་དགར་རང་གི་ནུ་བོར་རོགས་མི་བྱེད་པ་དཔེ་རེད་ཅེས་རྒྱུན་མར་འཁང་ར་རླུང་ལྟར་སྒྲོག་འགོ་བརྩམས།  ཉིན་ཞིག་བསོད་དགའ་དང་རང་གི་གྲོགས་པོ་ཞིག་ཟམ་པའི་གདོང་ཞིག་ཏུ་ལངས་ཏེ་གཏམ་གླེང་བྱེད་བཞིན་པའི་སྐབས་ཟམ་པའི་སྣེ་གཞན་དེ་ནས་རང་གི་ནུ་བོ་བསོད་ཞན་ཚུར་ཡོང་བ་མཐོང་།  རང་གི་གྲོགས་པོས་བསོད་དགའ་ལ་སྔར་བཞིན་འཁང་ར་སྒྲོག་འགོ་བརྩམས།  དེའི་ལན་དུ་བསོད་དགས་རང་གི་གྲོགས་པོར།  “ངས་ནུ་བོར་རོགས་པ་མ་བྱེད་པ་གཏན་ནས་མེད།  ངས་ཁོ་ལ་ལོ་ངོ་དུ་མའི་རིང་རོགས་པ་བྱས་མྱོང་།  འོན་ཀྱང་སྙིང་རྗེ་་་་ངའི་ནུ་བོ་ནི་བསོད་ནམས་མེད་པའི་མི་ཞིག་རེད།  སྔོན་ལས་ཀྱི་དབང་གིས་ངས་ནུ་བོ་ལ་རྒྱུ་ནོར་ཇི་ཙམ་སྟེར་ཡང་ཕན་པ་མེད་པ་རེད།  ཁྱེད་རང་ཡིད་མ་ཆེས་ན་ལྟོས་ཨང་།  ངས་ནུ་བོ་ཡོང་སའི་ཟམ་པའི་སྟེང་དུ་གཟི་མིག་དགུ་པ་ཞིག་གཞག་གི  ཁོས་ཁྱོན་ནས་མཐོང་གི་མ་རེད་ལྟོས་ཨང་་”  ཞེས་སྨྲས།  དེ་ནས་བསོད་དགའ་དང་གྲོགས་པོ་གཉིས་ཟུར་ཞིག་ཏུ་ཡིབས་ཏེ་ཁོ་ལ་བལྟས་པ་ན།  བསོད་ཞན་ཟམ་སྟེང་དུ་ཡོང་ཡང་གཟི་མིག་དགུ་པ་ཅན་ཡོད་ས་དེར་སླེབས་གྲབས་ཡོད་སྐབས་ཁོའི་བསམ་བློར།  “ད་ལྟ་ང་ལ་མིག་གཉིས་ཀ་ཡོད་ཅིང་།  མ་འོངས་པར་གལ་ཏེ་མིག་གཉིས་མེད་པར་གྱུར་ཏེ་ལོང་བ་ཆགས་ན་གང་འདྲ་ཡོང་།  དེ་རིང་ཟམ་སྟེང་ནས་ཚོད་ལྟ་ཞིག་བྱེད་དགོས་བསམས་ནས་མིག་གཉིས་བཙུམས་ཏེ་འོང་”།  དེ་ནས་བསོད་དགས་རང་གི་གྲོགས་པོར་སྔར་བཤད་བདེན་དཔང་བྱེད་ཐུབ་པ་ལྟ་བུར་གྱུར།  དེ་བཞིན་གཤེགས་པས།  ལུས་ཅན་རྣམས་ཀྱི་ལས་རྣམས་ནི།  །བསྐལ་པ་བརྒྱར་ཡང་ཆུད་མི་ཟ།  །ཚོགས་ཤིང་དུས་ལ་བབས་པ་ན།  །འབྲས་བུ་སྨིན་པ་ཉིད་དུ་འགྱུར།  །ཞེས་གསུངས་ཡོད།།

 

རང་གི་ཕ་དམ་པས་བསོད་ནམས་དང་འབྲེལ་བའི་གཏམ་རྒྱུད་ཐུང་ངུ་ཞིག་གསུངས་པ་དེ་དང་སྦྱར་ཏེ་གཏམ་རྒྱུད་འདི་གསར་དུ་སྤེལ་བ་ལགས་སོ།།  པེ་རི་སི་རང་ཤག་ཏུ་ཕྱི་ལོ་ ༢༠༡༥།༠༤།༡༩ཉིན་ན་གས་སྤེལ།།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།