མདུན་ངོས། སྙན་ངག འདི་ཕྱི་གཉིས་...

འདི་ཕྱི་གཉིས་ཀྱི་སྐྱབས་གནས།

༢༡༡༣༧
༢༠༡༨།༩།༢༣ ཉིན་སུད་སིར་བཀའ་ཆོས་སྩོལ་སྐབས་ཀྱི་སྐུ་པར། ཡོང་ཁུངས་དགའ་ལྡན་ཕོ་བྲང་གི་དྲ་རྒྱ།

རྒྱལ་བསྟན་མི་རིགས་དོན་དུ།། ངལ་བ་ལྷོད་མེད་ཕེབས་ནས།།
རྒྱ་གར་འཕགས་པའི་ཡུལ་ལ།། བོད་མིའི་སྒྲིག་འཛུགས་བཙུགས་ཡོད།།

རྒྱ་གར་འཕགས་པའི་ཡུལ་ལ།། རིས་མེད་ཆོས་སྡེ་ཆེན་པོ།།
མགོན་ཁྱེད་ཐུགས་རྗེའི་དྲིན་ལས།། གསར་བཞེངས་མཛད་པ་གནང་ཡོད།།

མགོན་པོ་ཁྱེད་ཀྱི་ཐུགས་རྗེས།། གངས་ལྗོངས་བོད་ཕྲུག་རྣམས་ལ།།
གནའ་དེང་ཡ་བྲལ་མེད་པའི།། སློབ་སྦྱོང་གོ་སྐབས་གནང་བྱུང་།།

ངལ་བ་ལྷོད་མེད་མཛད་ནས།། ཕྱི་རྒྱལ་ཡུལ་ཁག་ཕེབས་ནས།།
ཆོས་ཀྱི་ཆར་པ་འབབ་ནས།། འགྲོ་ཀུན་བདེ་ལ་བཀོད་ཡོད།།

མགོན་པོ་ཁྱེད་ཀྱི་བཀའ་དྲིན།། ང་ཚོ་བོད་འབངས་རྣམས་ཀྱིས།།
ནམ་ཡང་བརྗེད་ཐབས་མེད་པའི།། བཀའ་དྲིན་སྙིང་ནས་ཞུ་འོ།།

ང་ཡི་སྙིང་གི་ནོར་བུ།། འདི་ཕྱི་གཉིས་ཀྱི་སྐྱབས་གནས།།
༸རྒྱལ་བ་བསྟན་འཛིན་རྒྱ་མཚོ།། སྙིང་ནས་བཀའ་དྲིན་ཞུ་འོ།།

གངས་ལྗོངས་བོད་འབངས་ཡོངས་ཀྱི།། འདི་ཕྱི་གཉིས་ཀྱི་སྐྱབས་གནས།།
༸རྒྱལ་བ་བསྟན་འཛིན་རྒྱ་མཚོ།། སྐུ་ཚེ་ཡུན་རིང་བརྟན་སྨོན།། །།

རྩོམ་སྔ་མ།བསོད་ནམས་དང་ལོང་བའི་གཏམ་རྒྱུད།
རྩོམ་རྗེས་མ།ཨ་མའི་བཀའ་དྲིན།
ཆབ་མདོ་ངག་ཕུན།
གུས་པ་ནི་མདོ་ཁམས་ཆབ་མདོ་ངོམས་ཀྱི་ལུང་པར་ཕྱི་ལོ་ ༡༩༦༧ ལོར་སྐྱེས། ལོ་ངོ་བརྒྱད་ནས་གྲོང་གསེབ་དམའ་རིམ་སློབ་གྲྭར་ལོ་ལྔ་ཙམ་ཕྱིན། ༡༩༨༨ ལོར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་འབྱོར་ནས་ལོ་གཉིས་རིང་སྦིར་སློབ་གྲྭར་ཕྱིན་པ་དང་། དེ་ནས་བོད་ཀྱི་དཔེ་མཛོད་ཁང་གི་འབྲིང་རིམ་དང་། མཐོ་རིམ་བོད་ཀྱི་སྐད་ཡིག་ཟབ་སྦྱོང་ལོ་བཞི་མཐར་ཕྱིན་པར་བསླབ། ༡༩༩༢ ནས་ད་ལྟའི་བར་ཤེས་རིག་པར་ཁང་ལ་ལས་ཀ་བྱེད་མུ་ཡིན། ལས་ཀའི་སྔ་དགོང་དུས་ཚོད་སྟོང་པ་ཡོད་ཚད་བེད་སྤྱད་ནས་སྒྲུང་རིང་"གངས་ཕྲུག་གི་གཏམ་རྒྱུད།" དང་། "དཔྱད་གཏམ་ཤེལ་དཀར་ཕྲེང་བ་"གཉིས་བོད་ཀྱི་དཔེ་མཛོད་ཁང་ནས་པར་སྐྲུན་གནང་བ་དང་། བརྩམས་སྒྲུང་ཕྱོགས་བསྒྲིགས་"དགའ་བའི་འཛུམ་རླབས་"དང་"གཞོན་ནུ་དགྱེས་པའི་སྒྲུང་གཏམ་"གཉིས་བོད་ཀྱི་ཤེས་རིག་པར་ཁང་ནས་པར་སྐྲུན་གནང་ཡོད་པ་བཅས། དུས་ཚོད་ནམ་ཁོམ་ལ་རྩོམ་ཡིག་ཐར་ཐོར་འབྲི་མུས་ཡིན་པའི་ལོ་རྒྱུས་སྙིང་བསྡུས་སུ།།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།