མདུན་ངོས། སྙན་ངག ཨ་མའི་བཀའ་དྲི...

ཨ་མའི་བཀའ་དྲིན།

༣༥༧༠༦

བུ་ཆུང་ང་ཡི་སེམས་ནང་།། ནམ་ཡང་བརྗེད་པ་མེད་པའི།།
བཀའ་དྲིན་ཅན་གྱི་ཨ་མའི།། ཞལ་རས་ཡིད་ལ་འཁོར་བྱུང་།།

ལོ་དང་ཟླ་བ་སོང་ཡང་།། ཨ་མ་ཁྱེད་ཀྱི་བཀའ་དྲིན།།
བུ་ཆུང་ང་ཡི་སེམས་ནང་།། མ་ཡལ་གསོན་པོར་གནས་ཡོད།།

བྱམས་ལྡན་ཨ་མ་ཁྱེད་ལ།། དཀའ་ངལ་གང་འདྲ་འཕྲད་ཀྱང་།།
བུ་ཆུང་དྲིན་གྱིས་བསྐྱངས་པ།། ཡིད་ལ་ཡང་ཡང་འཁོར་བྱུང་།།

གནམ་ལ་ཡར་གཅིག་བལྟས་པས།། དཀར་གསལ་ཟླ་བ་མཐོང་བྱུང་།།
བྱམས་ལྡན་ཨ་མའི་ཞལ་རས།། ཡིད་ལ་ཡང་ཡང་འཁོར་བྱུང་།།

མི་ཚེའི་འདི་ཡི་ནང་ལ།། ཨ་མ་ཁྱེད་ལས་དྲིན་གཅིག།།
འཛམ་གླིང་འདི་ཡི་སྟེང་ལ།། སུ་ཞིག་ཡོད་པ་མེད་དོ།།

རྩོམ་སྔ་མ།འདི་ཕྱི་གཉིས་ཀྱི་སྐྱབས་གནས།
རྩོམ་རྗེས་མ།དཀར་གསལ་ཟླ་བ།
ཆབ་མདོ་ངག་ཕུན།
གུས་པ་ནི་མདོ་ཁམས་ཆབ་མདོ་ངོམས་ཀྱི་ལུང་པར་ཕྱི་ལོ་ ༡༩༦༧ ལོར་སྐྱེས། ལོ་ངོ་བརྒྱད་ནས་གྲོང་གསེབ་དམའ་རིམ་སློབ་གྲྭར་ལོ་ལྔ་ཙམ་ཕྱིན། ༡༩༨༨ ལོར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་འབྱོར་ནས་ལོ་གཉིས་རིང་སྦིར་སློབ་གྲྭར་ཕྱིན་པ་དང་། དེ་ནས་བོད་ཀྱི་དཔེ་མཛོད་ཁང་གི་འབྲིང་རིམ་དང་། མཐོ་རིམ་བོད་ཀྱི་སྐད་ཡིག་ཟབ་སྦྱོང་ལོ་བཞི་མཐར་ཕྱིན་པར་བསླབ། ༡༩༩༢ ནས་ད་ལྟའི་བར་ཤེས་རིག་པར་ཁང་ལ་ལས་ཀ་བྱེད་མུ་ཡིན། ལས་ཀའི་སྔ་དགོང་དུས་ཚོད་སྟོང་པ་ཡོད་ཚད་བེད་སྤྱད་ནས་སྒྲུང་རིང་"གངས་ཕྲུག་གི་གཏམ་རྒྱུད།" དང་། "དཔྱད་གཏམ་ཤེལ་དཀར་ཕྲེང་བ་"གཉིས་བོད་ཀྱི་དཔེ་མཛོད་ཁང་ནས་པར་སྐྲུན་གནང་བ་དང་། བརྩམས་སྒྲུང་ཕྱོགས་བསྒྲིགས་"དགའ་བའི་འཛུམ་རླབས་"དང་"གཞོན་ནུ་དགྱེས་པའི་སྒྲུང་གཏམ་"གཉིས་བོད་ཀྱི་ཤེས་རིག་པར་ཁང་ནས་པར་སྐྲུན་གནང་ཡོད་པ་བཅས། དུས་ཚོད་ནམ་ཁོམ་ལ་རྩོམ་ཡིག་ཐར་ཐོར་འབྲི་མུས་ཡིན་པའི་ལོ་རྒྱུས་སྙིང་བསྡུས་སུ།།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།