མདུན་ངོས། སྒྲུང་། རྫ་ཀོང་།

རྫ་ཀོང་།

༣༢༣༦༨༥

༄༅། །རྒྱ་གར་ཤར་ཕྱོགས་ཀྱི་གྲོང་གསེབ་ཅིག་ལ་རཱ་མ་ཎ་ཟེར་བའི་ན་གཞོན་ཞིག་ཡོད་པ་དང་། ཁོའི་ཁྱིམ་ཚང་ནི་ལུང་པ་དེ་ནས་རིགས་རྒྱུད་མཐོ་ཤོས་ཡིན། སཱི་ཏཱ་ཟེར་བའི་བུ་མོ་ནི་རིགས་རྒྱུད་དམན་པའི་ཁྱིམ་ཚང་ཞིག་གི་ནང་དུ་སྐྱེས། ཁོ་གཉིས་ནི་ཆུང་ནས་ངོ་ཤེས་ཤིག་ཡིན། ནར་སོན་པ་དང་ཁོ་གཉིས་ཕན་ཚུན་བར་ལ་བརྩེ་དུང་ཆགས། རིམ་གྱིས་ལུང་པའི་མི་ཚོས་ཤེས་པ་དང་། ཉིན་གཅིག་རཱ་མ་ཎའི་ཨ་ཕས་”ཁྱོད་དེང་སང་སྔ་རྒྱུན་དང་མ་འདྲ་བ་ཞིག་ཆགས་འདུག་པས། དགའ་རོགས་འདྲ་ཡོད་མ་རེད་དམ་”ཞེས་དྲིས། རཱ་མ་ཎའི་ད་རེས་གོ་སྐབས་ཡག་པོ་ཞིག་བྱུང་སོང་བསམ་ནས་གནས་ཚུལ་ཚང་མ་ཕ་ལ་བཤད། ཨ་ཕས་གཏམ་དེ་དག་གོ་བ་དང་ཁོང་ཁྲོ་རབ་ཏུ་འབར་ནས་”ཁྱོད་ཀྱི་ཅི་ཞིག་ལབ་ཀྱི་ཡོད། མོ་ང་ཚོའི་མནའ་མ་བླངས་པ་ཡིན་ན་ལུང་པའི་མི་ཚོས་ང་ཚོར་གང་ཞིག་ལབ་ཀྱི་རེད། དེ་འདྲ་གཏན་ནས་ཡོང་ཤེས་ཀྱི་མ་རེད་”ཅེས་ཚིག་ཐག་བཅད་ནས་བཤད། རཱ་མ་ཎས་ཕའི་མདུན་དུ་པུས་མོ་སར་བཙུགས་ཏེ་”ང་ནི་མོ་དང་གཉེན་སྒྲིག་བྱེད་འཇུག་རོགས་”ཞེས་རེ་བ་ཡང་ཡང་ཞུས་ཀྱང་ཨ་ཕས་ཁྱོན་ནས་ཁས་མ་བླངས་པས། རཱ་མ་ཎས་”ང་ནི་སཱི་ཏཱ་དང་གཉེན་སྒྲིག་མ་བྱས་ན་མི་ཚེ་གཅིག་ལ་གཉེན་སྒྲིག་བྱ་རྒྱུ་མིན་”ཞེས་བཤད་ཀྱང་ད་དུང་ཨ་ཕས་ཉན་འཇོག་བྱེད་རོགས་མ་བྱས། དེ་ནས་རིམ་གྱིས་ནང་མི་ཚང་མས་བུ་ཪཱ་མ་ཎ་ལ་བསླབ་བྱ་མང་པོ་བརྒྱབ་ཀྱང་རཱ་མ་ཎས་ཁྱོན་ནས་ཉན་རོགས་མ་བྱས། མཐར་ལུང་པའི་རིགས་མཐོ་བ་རྣམས་ཀྱིས་”ཁོང་གཉིས་ལུང་པ་འདི་ལ་སྡོད་མི་ཆོག་”ཅེས་བརྗོད། རཱ་མ་ཎའི་ཕ་མ་གཉིས་ཀྱིས་ཀྱང་”ཁྱོད་མོ་དང་གཉེན་སྒྲིག་བྱ་རྒྱུ་ཡིན་ན་ང་ཚོ་དང་དེ་རིང་ནས་བཟུང་སྟེ་འབྲེལ་བ་གང་ཡང་མེད་”ཅེས་ཚིག་ཐག་བཅད་ནས་རཱ་མ་ཎ་ནང་ནས་ཕྱིར་འབུད་བཏང་།

དེ་ནས་ཁོང་གྲོང་གསེབ་ལ་རྩྭ་ཁང་ཞིག་བཟོས་སྟེ་ནང་ལ་ཁོ་གཉིས་བསྡད་དགོས་ཐུག་ཅིང་། ལུང་པ་དེའི་མི་ཚོས་རཱ་མཱ་ཎ་དང་སཱི་ཏཱ་གཉིས་ལ་ལྟ་སྟངས་ཡག་པོ་ཞིག་ཁྱོན་ནས་བྱེད་ཀྱི་མེད་པས། རཱ་མཱ་ཎས་བསམ་བློ་ཞིག་བཏང་ནས་བཟའ་ཟླ་ལ་”ད་ངེད་གཉིས་གནས་འདི་ལ་བསྡད་པ་ཡིན་ན་སྐྱིད་པོ་ཞིག་ཡོང་བཟོ་མི་འདུག་པས། དེ་ལས་ངེད་གཉིས་འདི་ཚོས་མཐོང་ས་མེད་པའི་ཐག་རིང་ཙམ་ཞིག་ལ་འགྲོ་ནས་འཚོ་བ་བསྐྱལ་ན་གང་འདྲ་འདུག་”ཅེས་དྲིས། སཱི་ཏཱས་”དེ་ཡག་པོ་འདུག་”ཅེས་ལབ་ནས་ཁོང་གཉིས་འཕགས་ཡུལ་གྱི་རྒྱལ་ས་ལྡི་ལིའི་མཐའི་ལམ་ཟུར་ཞིག་ལ་འགྱིག་གུར་འཕུག་ནས་སྡོད་ཀྱི་ཡོད། རཱ་མཱ་ཎ་ཉིན་ལྟར་གྲོང་ཁྱེར་གྱི་ལམ་ཁའི་ཟུར་ལ་ཅ་ལག་རྩག་རྩིག་བཙོང་ནས་སྡོད་ཀྱི་ཡོད། བཟའ་ཟླ་སཱི་ཏཱ་ནི་ཕྲུ་གུ་སྐྱེས་དུས་མཐུན་རྐྱེན་ཞན་པའི་དབང་གིས་གཟུགས་པོ་གཅོང་ནད་ཅན་ཞིག་ཏུ་གྱུར། ནང་ལ་བསྡད་པ་ལས་ཕྱི་ལོགས་ལ་ཤུགས་ལས་བྱེད་མི་ཐུབ། བཟའ་མི་གཉིས་ལ་བུ་གཅིག་ཡོད་པའི་དེ་གཞུང་གི་སློབ་གྲྭ་ལ་བཏང་གི་ཡོད།

དུས་རྒྱུན་ཡིན་ན་ལོ་སར་གྱི་ཁ་ཐུག་དེར་ཅ་ལག་རྩག་རྩིག་ཚོང་བའི་དུས་ཚོད་ཡག་ཤོས་ཤིག་ཡིན། དེ་ཡང་ནང་ལ་བཟའ་ཟླ་སཱི་ཏཱས་ས་ཀོང་མང་པོ་ཞིག་བཟོ་གི་ཡོད་པས། དེ་དག་ལོ་སར་སྔོན་ལ་ཚོང་གི་ཡོད་ཅིང་། སྐབས་དེ་དུས་ཉོ་མཁན་མང་པོ་ཡོང་གི་ཡོད་པ་རེད། རིམ་པས་སྤྱི་ཚོགས་འགྱུར་བ་ཕྱིན་ནས་རེ་བ་ནང་བཞིན་ཉོ་མཁན་རག་གི་མེད། ཡིན་ནའང་ཉོ་མཁན་རག་མིན་ལ་མ་བལྟོས་པར་བཟའ་ཟླས་ལོ་ལྟར་སའི་མཆོད་ཀོང་མང་པོ་ཞིག་སྔ་ས་ནས་བཟོས་ཏེ་བཞག་གི་ཡོད། ད་རེས་ཀྱང་སའི་མཆོད་ཀོང་མང་པོ་ཞིག་བཟོས་ནས་ཡོད་པས། ལོ་སར་ཉིན་མོ་དེར་ཕ་དང་བུ་གཉིས་སའི་མཆོད་ཀོང་རྣམས་ལྟོ་ཕད་ནང་བླུགས་ནས་ཚོང་དུ་ཕྱིན། དེ་ཉིན་སྔ་དྲོ་ཉོ་མཁན་ཁྱོན་ནས་མ་རག །ཉིན་དགུང་ཡོལ་ཙམ་ལ་ལམ་ཟུར་ལ་ཕོ་གསར་དར་མ་གསུམ་ཐུག་ནས་ཕན་ཚུན་འཚམས་འདྲི་དང་། ལོ་སར་གང་འདྲ་བཏང་རྩིས་ཡོད་མེད་སྐོར་ལ་དགོད་སྒྲ་དང་བཅས་བཤད་ནས་བསྡད། ཚུར་ནང་དེར་ཕ་བུ་གཉིས་གྲང་ལྟོགས་ལ་མ་བལྟོས་པར་མི་མང་ཡར་མར་འགྲོ་མཁན་ལ་”སའི་མཆོད་ཀོང་ཉོ་རོགས་བྱོས་”ཞེས་གྲེ་བ་འཛེར་འཛེར་ལབ་ཀྱང་ཉོ་མཁན་དེ་ཙམ་ཞིག་མ་རག །དེ་ནས་ཕོ་སར་གསུམ་ཚུར་ཡོང་བ་དང་། བགྲེས་སོང་རཱ་མཱ་ཎེས་”སའི་མཆོད་ཀོང་ཉོ་རོགས་གནང་”ཞེས་འབོད་པ་དང་། ཕོ་སར་གཅིག་གིས་”ཕོ་སར་གཉིས་ལ་སའི་མཆོད་ཀོང་ཉོས་དང་”ཞེས་ལབ་པ་དང་། ཕོ་སར་གཉིས་པོ་དེས་”ཁྱོད་ད་དུང་ཀླད་པ་རྙིང་པའི་ལྟ་བ་དེ་འཁུར་མ་འདུག །སའི་མཆོད་ཀོང་ནང་ལ་མཆོད་མེ་སྒྲོན་མཁན་དེང་སྐབས་སུ་ཡང་ཡོད་མ་རེད། དེང་སྐབས་འབར་རྫས་ཀྱིས་འོད་ཟེར་འདྲ་མིན་འཕྲོ་བའི་མཆོད་མེ་བཟོས་ཡོད་ལ། དེ་བཞིན་གློག་གི་འོད་ཟེར་འདྲ་མིན་སྣ་ཚོགས་ཤིག་ཤར་བ་བཟོས་ཡོད་རེད་”ཅེས་བཤད།
དེ་ལ་ཕོ་གསར་གཞན་དེས་ཞལ་འཛུམ་ཙམ་ཞིག་བྱས་ཏེ་”ཁྱོད་ཀྱི་གསུང་པ་དེ་ངས་ཡོད་པ་ཤེས་ཀྱི་ཡོད། ཡིན་ནའང་ཁྱོད་ཀྱིས་གཟིགས་དང་། ས་ལས་བཟོས་པའི་མཆོད་ཀོང་འདིར་མིས་དཀའ་ལས་རྒྱབ་ཡོད་པས་ལས་སླ་པོ་ཞིག་མ་རེད། དེ་བཞིན་རྫས་ཀྱིས་བཟོས་པ་དེ་དག་མེ་སྒྲོན་ནས་དེའི་དུ་རླངས་ཀྱིས་ཁོར་ཡུག་ལ་གནོད་པ་ཙམ་དུ་མ་ཟད། མིའི་འཕྲོད་བསྟེན་ལ་ཞེ་དྲག་གནོད་ཀྱི་ཡོད་པ་དེང་སྐབས་ཚན་རིག་པ་ཚོས་བཤད་བཞིན་པ་དེ་རེད། དེ་ལས་གློག་འོད་ཀྱི་མཆོད་མེ་སྒྲོན་པ་ལས་ས་ཀོང་ནང་ལ་མཆོད་མེ་སྒྲོན་དང་། ཕྱིའི་ཁོར་ཡུག་ལ་མི་གནོད་པ་དང་། ནང་བཅུད་ཀྱི་སེམས་ཅན་གྱི་འཕྲོད་བསྟེན་ལ་མི་གནོད་པ་སོགས་རང་གཞན་ཚང་མ་ལ་ཕན་ཐོགས་ཆེན་པོ་དང་། དགེ་མཚན་ལྡན་པ་ཡིན་ལུགས་”སོགས་བཤད།

དེ་བཞིན་ཕོ་སར་དེས་མུ་མཐུད་དེ་”ཉམ་ཐག་ཅིང་། སེམས་རྒྱུད་ལ་གཡོ་སྒྱུའི་རྣམ་པ་མེད་པའི་ལྷག་བསམ་ཅན་གྱི་གྲོང་གསེབ་པ་འདི་དག་གི་ལག་ནས་སའི་མཆོད་ཀོང་ཉོས་དང་། ཁོ་ཚོར་ལོ་སར་བཏང་སའི་དངུལ་ཕྲན་བུ་ཞིག་རག་ནས་ཕན་ཐོགས་ཡོད་པ་དང་། ཁོར་ཡུལ་ལའང་མི་གནོད་པའི་སོགས་ཀྱི་ཕན་ཐོགས་རླབས་ཆེན་ཞིག་ཡོད་པ་རེད་”ཅེས་བརྗོད་ཕོ་སར་གཞན་གཉིས་དེས་ཀྱང་”ཁྱོད་ཀྱིས་བཤད་པ་དེར་རྒྱུ་མཚན་འདུག་”ཅེས་བརྗོད་དེ། གཏམ་དེ་གཡས་གཡོན་ལ་ཡོད་མཁན་མང་པོ་ཞིག་གིས་ཐོས་རྗེས་སེམས་ནང་དེ་རེད་དྲན་ནས་ཉོ་མཁན་ཧ་ཅང་མང་པོ་རག་པ་དང་། ཕོ་སར་དེས་གཏམ་གཅིག་གིས་གཅིག་ལ་བརྒྱུད་དེ་དེ་ཉིན་གྱི་སའི་མཆོད་ཀོང་ཚང་མ་ཚོང་ཐུབ་པ་བྱུང་ཞིང་། རཱ་མཱ་ཎའི་ནང་མི་རྣམས་ལ་ལོ་སར་དགའ་སྐྱིད་ལྡན་པའི་བཏང་ཐུབ་ངེས་ཀྱི་དངུལ་རག་པ་རེད། རྫས་དུག་སྤར་བ་ལས་ས་ཀོང་ནང་མཆོད་མེ་སྒྲོན་ན་ཕྱི་ནང་གཉིས་ཀར་མི་གནོད་པ་དགེ་མཚན་ལྡན་པ་ཞིག་ཡིན་པ་ཀུན་གྱི་རིམ་གྱིས་ཤེས་པར་གྱུར་བ་རེད་དོ། ། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༨ ཉིན་མོར་ཆབ་མདོ་ངག་ཕུན་གྱིས་བྲིས་སོ།། །།

 

རྩོམ་སྔ་མ།བོད་ཀྱི་ལོ་རྒྱུས་ནང་སློབ་གྲྭ་ཞེས་པའི་མིང་ནམ་ཞིག་ལ་བྱུང་བ།
རྩོམ་རྗེས་མ།མྱུར་སྐྱོབ་བཅོས་ཐབས།
ཆབ་མདོ་ངག་ཕུན།
གུས་པ་ནི་མདོ་ཁམས་ཆབ་མདོ་ངོམས་ཀྱི་ལུང་པར་ཕྱི་ལོ་ ༡༩༦༧ ལོར་སྐྱེས། ལོ་ངོ་བརྒྱད་ནས་གྲོང་གསེབ་དམའ་རིམ་སློབ་གྲྭར་ལོ་ལྔ་ཙམ་ཕྱིན། ༡༩༨༨ ལོར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་འབྱོར་ནས་ལོ་གཉིས་རིང་སྦིར་སློབ་གྲྭར་ཕྱིན་པ་དང་། དེ་ནས་བོད་ཀྱི་དཔེ་མཛོད་ཁང་གི་འབྲིང་རིམ་དང་། མཐོ་རིམ་བོད་ཀྱི་སྐད་ཡིག་ཟབ་སྦྱོང་ལོ་བཞི་མཐར་ཕྱིན་པར་བསླབ། ༡༩༩༢ ནས་ད་ལྟའི་བར་ཤེས་རིག་པར་ཁང་ལ་ལས་ཀ་བྱེད་མུ་ཡིན། ལས་ཀའི་སྔ་དགོང་དུས་ཚོད་སྟོང་པ་ཡོད་ཚད་བེད་སྤྱད་ནས་སྒྲུང་རིང་"གངས་ཕྲུག་གི་གཏམ་རྒྱུད།" དང་། "དཔྱད་གཏམ་ཤེལ་དཀར་ཕྲེང་བ་"གཉིས་བོད་ཀྱི་དཔེ་མཛོད་ཁང་ནས་པར་སྐྲུན་གནང་བ་དང་། བརྩམས་སྒྲུང་ཕྱོགས་བསྒྲིགས་"དགའ་བའི་འཛུམ་རླབས་"དང་"གཞོན་ནུ་དགྱེས་པའི་སྒྲུང་གཏམ་"གཉིས་བོད་ཀྱི་ཤེས་རིག་པར་ཁང་ནས་པར་སྐྲུན་གནང་ཡོད་པ་བཅས། དུས་ཚོད་ནམ་ཁོམ་ལ་རྩོམ་ཡིག་ཐར་ཐོར་འབྲི་མུས་ཡིན་པའི་ལོ་རྒྱུས་སྙིང་བསྡུས་སུ།།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།