མདུན་ངོས། དཔྱད་རྩོམ། བོད་ཀྱི་ལོ་རྒ...

བོད་ཀྱི་ལོ་རྒྱུས་ནང་སློབ་གྲྭ་ཞེས་པའི་མིང་ནམ་ཞིག་ལ་བྱུང་བ།

༡༧༤༠༠༣

༄༅།། སློབ་གྲྭ་ཞེས་པའི་ཐ་སྙད་འདི་ཉེ་རབས་བོད་ཀྱི་སྤྱི་ཚོགས་ཁྲོད་བེད་སྤྱོད་ཆེ་ཤོས་ཀྱི་མིང་ཞིག་ཏུ་གྱུར་ཡོད་ཀྱང། ཐ་སྙད་འདིའི་བྱུང་རིམ་གྱི་ལོ་རྒྱུས་ལ་གཏིང་ཕྱིན་པར་ཞིབ་འཇུག་བགྱིས་པའི་དཔྱད་རྩོམ་ཚད་ལྡན་ཞིག་དེ་སྔོན་མཐོང་མ་མྱོང། ང་རང་གི་ཐོག་མའི་བསམ་ཚོད་ལ་ཐ་སྙད་འདི་དེ་སྔའི་བོད་ཀྱི་བསྟན་བཅོས་དང་མང་ཚོགས་ཀྱི་སྐད་ངག་གཉིས་ཀའི་ནང་བེད་སྤྱོད་མ་བྱས་པའི་ཐ་སྙད་གསར་པ་ཞིག་དང། དེ་ཡང་དུས་འགྱུར་རྗེས་སུ་རྒྱ་ཡིག་ནས་བོད་སྐད་ལ་འགྱུར་བའི་ཐ་སྙད་གསར་པ་ཞིག་ཡིན་ནམ་སྙམ་པའི་རྣམ་རྟོག་ཅིག་རྒྱུན་པར་ཡོད། འདི་ནི་ངའི་བསམ་ཚོད་ཙམ་མ་གཏོགས་ལུང་རིགས་ཀྱི་སྒྲུབ་བྱེད་གང་ཡང་འཚོལ་ཞིབ་བྱེད་ཐུབ་མེད། ང་དང་འདྲ་བའི་མི་མང་པོ་ཞིག་ལ་ཡང་ཐ་སྙད་འདི་རྒྱ་འགྱུར་གྱི་བརྡ་ཆད་གསར་པ་ཞིག་ཡིན་པའི་རྣམ་རྟོག་ཡོད་སྲིད།

ཉེ་བའི་ཟླ་ཤས་ཀྱི་གོང་དུ་སྲིད་བྱུས་ཉམས་ཞིབ་ཁང་གིས་བཀོད་སྒྲིག་གནང་བའི་ན་གཞོན་ཉམས་ཞིབ་པའི་ཚོགས་ཆེན་ཐེངས་བཞི་པའི་ཐོག་མཉམ་ཞུགས་བྱས། སྐབས་དེར་རྩོམ་ཡིག་གི་རྒྱུུ་ཆ་དང་འབྲེལ་བའི་རྒྱབ་ལྗོངས་ཀྱི་ཡིག་ཆ་གང་འཚམས་ལྟ་ཀློག་བྱེད་ཀྱིན་སློབ་གྲྭ་ཞེས་པའི་ཐ་སྙད་ཀྱི་བྱུང་རིམ་ཐོག་རང་བཞིན་གྱིས་བློ་ཁ་ཕྱོགས་ཤིང། ཞོར་འཕྲོས་ལྟ་བུར་ཐ་སྙད་འདིའི་སྐོར་ལ་བསམ་བློ་བཏང་སྟེ་ཞིབ་འཇུག་ཕྲན་བུ་བགྱིས་པའི་ཁུལ་ཡིན། ཞིབ་འཇུག་འདིའི་མཐའ་སྡོམ་ལ་སླེབས་པའི་སྐབས། དཔྱད་ཞིབ་ཀྱི་གྲུབ་འབྲས་ནི་ངའི་དེ་སྔའི་བསམ་ཚོད་ལས་རྩ་བ་ནས་ལྡོག་ཕྱོགས་སུ་གྱུར་འདུག དེར་བརྟེན་ངའི་མཐོང་ཐོས་ཀྱི་གནས་ཚུལ་རྣམས་ཕྱོགས་བསྡོམས་ཀྱིས་རྩོམ་ཡིག་ཅིག་འབྲི་དགོས་སྙམ་པ་ཡོད་ཀྱང། ཉེ་བའི་ཟླ་ཤས་རིང་རྒྱུན་ལྡན་ལྟར་ལས་བྲེལ་ཆེ་བས་བསམ་ཚུལ་རྣམས་ཕྱོགས་བསྡོམས་དང་ཡིག་འབེབས་བྱེད་ལོངས་མ་བྱུང་བས་ད་བར་ལྷག

ངས་ཞིབ་འཇུག་བྱས་པའི་གྲུབ་དོན་ལྟར་ན་ཉུང་མཐའ་དུས་རབས་བརྒྱད་པའི་ནང་བོད་ཀྱི་སྐད་ཡིག་ཁྲོད་སློབ་གྲྭ་ཞེས་པའི་ཐ་སྙད་འདི་བྱུང་ཡོད་པ་གསལ་པོ་རྟོགས་ཐུབ། དཔེར་ན། ཞུས་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ་པའི་བཀའ་འགྱུར་གྱི་ཆོས་ཚན། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་འདུས་པའི་དགའ་སྟོན་ཆེན་པོ་ལ་རྩེ་བ་ཞེས་བྱ་བའི་ལེའུ་ལས། ཁྱེའུ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡི་གེ་སློབ་པའི་གྲྭ་ཁང་ཐམས་ཅད་དུ་ཡང་འགྲོ་བར་བྱེད་དོ། །ཞེས་སོགས་དང་། དེ་བཞིན་བཀའ་འགྱུར་གྱི་ཆོས་ཚན་སངས་རྒྱས་ཀྱི་ཆོས་ཀྱི་མཛོད་ཀྱི་ཡི་གེ་ཞེས་པ་ལས་ཀྱང། སློབ་པའི་གྲྭ་ལྷན་ཅིག་ལ་བཟོད་པ་ཡང་གཅིག་ཅེས་སོགས་གསལ་པོར་འཁོད་ཡོད་པར་མ་ཟད། འདུལ་བ་ཕྲན་ཚེགས་ཀྱི་གཞི་སོགས་བཀའ་འགྱུར་གྱི་ཆོས་ཚན་གཞན་དག་མང་པོ་ཞིག་ཏུ་ཡང་སློབ་གྲྭའམ་སློབ་པའི་གྲྭ་ཞེས་པའི་ཐ་སྙད་འདི་ལན་མང་ཐོན་གྱི་འདུག

དེ་བཞིན་བསྟན་འགྱུར་གྱི་ཁྲོད་དུ་ཡོད་པའི་བྱེ་བྲག་རྟོགས་བྱེད་ཆེན་མོ་ལས། ལེགས་སྦྱར་གྱི་ལི་པི་ཤཱ་ལཱ་ཞེས་པ་བོད་སྐད་དུ། ཡི་གེ་སློབ་པའི་གྲྭ་ཁང་། ཞེས་འགྱུར་ཡོད་པ་ནི་བོད་ཀྱི་མཁས་པས་མཛད་པའི་བསྟན་བཅོས་ཀྱི་ཁྲོད་དུ་སློབ་པའི་གྲྭའམ་སློབ་གྲྭ་ཞེས་པའི་ཐ་སྙད་འདི་བེད་སྤྱོད་བྱས་པ་ཐེངས་དང་པོ་ཡིན་ནམ་སྙམ། འདིའི་ཤུགས་རྐྱེན་ལྟ་བུ་ཡིན་ནམ་གང་ལྟར་བསྟན་པ་ཕྱི་དར་སྐབས་ནས་བོད་ཀྱི་མཁས་པ་རིམ་བྱོན་གྱི་བརྩམས་ཆོས་ཁྲོད་དུ་སློབ་གྲྭ་ཞེས་པའི་ཐ་སྙད་འདི་ལན་མང་བེད་སྤྱོད་གནང་ཡོད། དཔེར་ན། དུས་རབས་བཅུ་གཉིས་པའི་ནང་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མི་ཉག་གི་རྒྱལ་ཁམས་སུ་གནང་བའི་ཡི་གེ་ཞེས་པ་ལས། མཁས་པའི་སློབ་གྲྭའི་ཚལ་དུ་རབ་འཁྲུངས་ཤིང། །དམ་པའི་ལེགས་བཤད་ཆབ་ཀྱིས་ལེགས་བསྐྲུན་པ། །ཡོན་ཏན་ཚོགས་ཀྱི་མེ་ཏོག་འདབ་མ་ཅན། །ཕན་བདེའི་འབྲས་འབྱིན་དཔག་བསམ་ལྗོན་ཤིང་ཁྱེད། །ཅེས་དང། ཡང་དེ་ཉིད་ལས། མཁས་པའི་སློབ་གྲྭ་བརྒྱ་ཕྲག་དུ་མ་དང། །ལེགས་བཤད་འཚོལ་བ་བྱེ་བ་ཕྲག་འགའ་ཞིག །ཅེས་ཞལ་གསལ་པོས་ཐ་སྙད་འདི་བེད་སྤྱོ་གནང་འདུག་པ་དང་།

དུས་རབས་བཅུ་བདུན་པའི་ནང་རྒྱལ་དབང་ལྔ་པ་ཆེན་པོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་དུ། གསོ་རིག་སློབ་གྲ་དང་རྨི་རི་པ་རྣམས་ལ་སྨན་བླ་སྤྲུལ་སྐུ་དང་ཕྱག་དྲུག་པའི་རྗེས་གནང་བྱས། ཞེས་དང། ཡང་དེ་ཉིད་ལས། རྩེ་ཆེན་ཆོས་སྡེའི་སློབ་གྲ། ཞེས་དང། ཡང་དེ་ཉིད་ལས། ཧོར་ཟླ་དྲུག་པའི་ཚེས་གཅིག་ལ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ནས་སློབ་གྲ་ཉིས་བརྒྱ་སྐོར་བྱོན་ཏེ། ཞེས་སོགས་སློབ་གྲ་ཞེས་པའི་ཐ་སྙད་འདི་སྔ་ཕྱི་བྱས་ནས་ལན་མང་འབྱུང་ཡང། ཁོང་གིས་བེད་སྤྱོད་གནང་བའི་སློབ་གྲ་ཞེས་པ་འདི་སྐབས་ཐམས་ཅད་དུ་སློབ་སྦྱོང་གི་ལྟེ་གནས་ཤིག་ལ་གོ་དགོས་མིན་ཡང་བསམ་ཞིབ་བྱ་དགོས་པ་ཞིག་འདུག་སྟེ། དཔལ་ལྡན་འབྲས་སྤུངས་ནས་སློབ་གྲ་ཉིས་བརྒྱ་སྐོར་བྱོན། ཞེས་པ་འདི་སློབ་གཉེར་པ་གྲངས་ཉིས་བརྒྱ་ལ་གོ་དགོས་པ་མ་གཏོགས། དཔལ་ལྡན་འབྲས་སྤུངས་ལ་སློབ་སྦྱོང་གི་ལྟེ་གནས་གྲངས་ཉིས་བརྒྱ་མེད་པར་དོགས་པ་བྱེད་མི་དགོས་ཤིང། སློབ་སྦྱོང་གི་ལྟེ་གནས་གྲངས་ཉིས་བརྒྱ་བྱོན་ཞེས་ན་གོ་བ་གང་ཡང་མེད། དེར་བརྟེན་སྔ་མོ་སློབ་གྲྭ་ཞེས་པའི་ཐ་སྙད་འདི་མཚམས་རེར་སློབ་གཉེར་པའི་མིང་ལ་གོ་བའི་སྐབས་ཤིག་ཀྱང་ཡོད་དམ་སྙམ།

ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ལས་བརྩམས་པའི་བཀའ་ལུང་གི་དྲི་བའི་བཀའ་ལན་མཚོ་བྱུང་ལུས་ཕྲའི་གླུ་དབྱངས་ཞེས་པའི་མཛད་བྱང་དུ། རྒྱ་ནག་གི་ཡུལ་དུ་རྒྱལ་བའི་བཀའ་ལུང་ཁྲོད་དུ་རྒྱ་ནག་སྐད་དུ་བྲིས་ནས་ཡོད་པ། རྒྱའི་ལོ་ཙཱ་བ་བོད་ཀྱི་སློབ་གྲྭའི་མི་བཟང་ཇིང་གིར་རིགས་ལས་རིམ་པ་དང་པོའི་ཐའི་ཇི་མགོན་པོ་སྐྱབས་ཞེས་བྱུང་ཞིང། འདི་སློབ་སྦྱོང་གི་ལྟེ་གནས་དང་སློབ་གྲྭ་པ་གང་ལ་གོ་དགོས་མིན་ལ་མ་ལྟོས་པར་སློབ་གྲྭ་ཞེས་པའི་ཐ་སྙད་གསལ་པོར་འཁོད་ཡོད།

ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་དཔག་བསམ་སྙེ་མར། སྒྲ། སྙན་ངག རྩིས་དཀར་ནག སྡེབ་སྦྱོར་བཅས་དང། ལཉྪ་ན། ཝར་ཏུ་ལ་སོགས་ཀྱིས་གཙོས་ཡིག་རིགས་དུ་མའི་སློབ་གྲྭ་འཛུགས་པར་མཛད་ཅེས། རྩེའི་སློབ་གྲྭ་གསར་འཛུགས་གནང་བ་ནི་རྒྱལ་དབང་མཆོག་གི་སྐུ་ཚེའི་མཛད་རྗེས་གཙོ་གྲས་ཤིག་ལ་བགྲངས་ཡོད།

ཐུའུ་བཀྭན་ཆོས་ཀྱི་ཉི་མས་མཛད་པའི་ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར་ཏུ་ཡང། སྲིད་སྐྱོང་གི་བྱ་བ་བྱེད་པའི་ཡཱ་མུན་གྱི་ཁྲོད་དུ་ཡང་བོད་ཀྱི་སློབ་གྲྭ་བཙུགས་ཏེ་དཔོན་རྒྱུད་གཞོན་པ་མང་བོ་དེར་བོད་ཆོས་ལ་སློབ་གཉེར་བྱེད། ཅེས་སློབ་གྲྭ་ཞེས་པའི་ཐ་སྙད་གསལ་པོ་འབྱུང།

འཇུ་མི་ཕམ་པ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་མཛད་པའི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། བཟོ་གནས་རྣམ་པ་སྣ་ཚོགས་པ། །ངོ་མཚར་དགའ་བ་བསྐྱེད་པ་དག །སློབ་པའི་གྲྭ་བཙུགས་ཚོང་འདུས་ཀྱི། །འདུན་ས་དག་ཀྱང་བཅའ་བར་བྱ། །ཞེས་འཁོད་པས་མཚོན་དུས་རབས་བརྒྱད་པ་ནས་བཅུ་དགུ་པའི་བར་དུ་བོད་ཀྱི་བསྒྱུར་རྩོམ་དང་གསར་རྩོམ་གྱི་བསྟན་བཅོས་ཁྲོད་དུ་སློབ་གྲྭ་ཞེས་པའི་ཐ་སྙད་འདི་མཚམས་མ་ཆད་པར་ལན་མང་འབྱུང་བས། ཐ་སྙད་འདི་དུས་འགྱུར་རྗེས་སུ་རྒྱ་སྐད་ནས་འགྱུར་བའི་ཐ་སྙད་གསར་པ་ཞིག་མ་ཡིན་པ་ར་འཕྲོད་གསལ་པོ་བྱུང།

འོན་ཀྱང་བོད་ཀྱི་ཡིག་རྩོམ་ཁྲོད་དུ་སློབ་གྲྭ་ཞེས་པའི་ཐ་སྙད་འདི་ལ་གོ་བ་གཅིག་གྱུར་ཅིག་ད་བར་དུ་བྱུང་མེད་པར་སྣང་སྟེ། དཔེར་ན། གོང་དུ་ལུང་འདྲེན་ཞུས་པ་ལྟར། ཁྱེའུ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡི་གེ་སློབ་པའི་གྲྭ་ཁང་ཐམས་ཅད་དུ་ཡང་འགྲོ་བར་བྱེད་དོ། །ཞེས་དང། སྨོན་ལམ་ཚིག་མཛོད་དུ། སློབ་གྲྭ་ཞེས་པ་ནི། བྱིས་པ་རྣམས་ཀྱིས་ཤེས་ཡོན་སློབ་སྦྱོང་བྱ་སའི་གནས་དང་དེའི་སྒྲིག་འཛུགས་ཀྱི་སྤྱི་མིང། ཞེས་པ་སོགས་ལྟར་ན། སློབ་གྲྭ་ཞེས་པ་ནི་ན་གཞོན་སློབ་ཕྲུ་ཚོས་ཡི་གེ་འབྲི་ཀློག་སྦྱང་སའི་གནས་ཙམ་ལ་གོ་བ་དགོས་པ་ལྟ་བུ་དང་། དགེ་བཤེས་ཆོས་གྲགས་ཀྱི་བརྡ་དག་མིང་ཚིག་གསལ་བ་ལས། སློབ་གྲྭ། ཡོན་ཏན་བསླབ་པར་བྱ་བའི་གནས་སམ་ཁང་པ་ཞེས་དང། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། སློབ་གྲྭ། སློབ་སྦྱོང་བྱེད་སའི་གནས་ཁང་། བརྡ་དག་ཀུན་གསལ་མེ་ལོང་ལས། སློབ་གྲྭ། སློབ་གཉེར་པ་མང་པོ་ཤེས་ཡོན་སློབ་པར་འདུ་སའི་རྭ་བའམ་གནས་ཡུལ། ཞེས་སོགས་ཀྱི་གོ་དོན་འགྲེལ་ལུགས་ལྟར་ན། སློབ་གྲྭ་ཞེས་པ་ནི་སློབ་སྦྱོང་བྱ་སའི་གནས་སྤྱི་ལ་གོ་དགོས་པ་ལས། སྦྱོང་མཁན་གྱི་གང་ཟག་དང་སྦྱང་བྱའི་སློབ་ཚན་གྱི་ཁད་པར་གང་ཡང་མེད།

འདིར་བསམ་བློ་གཏོང་དགོས་པ་ཞིག་ནི། ཐ་སྙད་མང་པོ་ཞིག་ལ་ཡི་གེ་རང་སྟེང་གི་གོ་བ་གཅིག་དང། དེ་ལ་མིའི་བསམ་བློ་དང་གོམས་གཤིས་ཀྱིས་ཚོད་འཛིན་བྱས་པའི་གོ་བ་དམིགས་བསལ་བ་ཞིག་ཀྱང་ཡོང་གི་ཡོད། དཔེར་ན། སློབ་གྲྭ་ཞེས་པའི་ཐ་སྙད་འདིའི་རང་སྟེང་གི་གོ་བ་ལྟར་བྱས་ན། སློབ་སྦྱོང་བྱ་སའི་ལྟེ་གནས་ཁང་དང་སློབ་གཉེར་པ་འདུ་སའི་གནས་ཡུལ་སྤྱི་ལ་གོ་བའི་ཐ་སྙད་ཁྱབ་ཁོངས་ཆེན་པོ་ཞིག་ཡིན་ཡང། ཐ་སྙད་འདི་བཀོལ་སྤྱོད་བྱེད་མཁ་གྱི་མིིའི་བསམ་བློ་དང་གོམས་གཤིས་ཀྱིས་ཚོད་འཛིན་བྱས་པའི་རྐྱེན་པས། དེ་སྔ་བོད་ཀྱི་སློབ་སྦྱོང་གི་ལྟེ་གནས་གཙོ་བོ་ཡིན་པའི་དགོན་སྡེ་ཁག་ལ་སློབ་གྲྭ་དང་སློབ་གཉེར་ཁང་ཞེས་པའི་ཐ་སྙད་འདི་བེད་སྤྱོད་གཏོང་སྲོལ་བྱུང་མེད་ལ། ཤེས་ཡོན་ཡོད་མེད་མང་ཆེ་བའི་བསམ་བློར་བོད་ཀྱི་དགོན་སྡེ་ཁག་ནི་སློབ་གྲྭ་མ་ཡིན་པར་ངོས་འཛིན་བྱེད་པའི་གོམས་གཤིས་གཏིང་ཟབ་ཅིག་ཡོད། དེར་བརྟེན་སྔ་མོའི་བོད་ཀྱི་དགོན་པ་མང་པོ་ཞིག་གི་མཚན་ཟུར་ལ་དགོན་སྡེ་དེ་ཤེས་ཡོན་སློབ་གཉེར་བྱེད་སའི་ལྟེ་གནས་ཤིག་ཡིན་པའི་ཤེས་བྱེད་མེད། དཔེར་ན། གསང་ཕུ་ནེའུ་ཐོག་དང། དགའ་ལྡན་རྣམ་པར་རྒྱལ་བའི་གླིང། སེ་ར་ཐེག་ཆེན་གླིང། དཔལ་ལྡན་འབྲས་སྤུངས། བཀྲ་ཤིས་ལྷུན་པོ། བླ་བྲང་བཀྲ་ཤིས་འཁྱིལ། སྐུ་འབུམ་བྱམས་པ་གླིང། བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་ཞེས་པ་ལྟ་བུ་སྟེ། དགོན་པ་འདི་དག་གི་མཚན་ཟུར་ནས་དགོན་པ་དེ་དང་དེ་ཤེས་ཡོན་སློབ་སྦྱོང་བྱེད་སའི་ལྟེ་གནས་ཤིག་ཡིན་པའི་ཤེས་བྱེད་གཏན་ནས་མེད་ཅིང། གོང་དུ་བཤད་པ་ལྟར་མང་ཚོགས་ཀྱི་བསམ་བློར་གནས་འདི་དག་དད་པ་ཞུ་ས་དང། ཕྱག་འཚལ་སྐོར་སྦྱོང་ཞུ་ས། ཞབས་བརྟན་སྒྲུབ་བཅོལ་བྱེད་ས་ཞིག་མ་གཏོགས། ཤེས་ཡོན་སློབ་སྦྱོང་བྱེད་ས་དང་རིག་གཞུང་གི་འབྱུང་ཁུངས་ཤིག་ཡིན་པའི་ངོས་འཛིན་ཡོང་ཐུབ་ཀྱི་མེད། འདི་ལ་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་མང་པོ་ཞིག་བྱེད་དུ་ཡོད་ཀྱང་སྐབས་སུ་མ་བབས་པས་ཡིག་ཚོགས་ཀྱི་སྤྲོས་པ་མ་བྱས།

དུས་ཕྱིས་སུ་བཙན་བྱོལ་ནང་གི་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་དགོན་པ་མང་ཆེ་བ་དེང་རབས་གཙུག་ལག་སློབ་གཉེར་ཁང་གི་ལམ་སྲོལ་དང་མཐུན་པར་བསྒྱུར་བཅོས་མཛད་པ་དང་མཉམ་དུ། དགོན་སྡེ་ཕལ་ཆེ་བའི་མཚན་ཟུར་ལ་ནང་བསྟན་གཙུག་ལག་སློབ་གཉེར་ཁང་ཞེས་པ་གསར་དུ་སྦྱར་ཏེ། དགོན་སྡེ་དེ་དང་དེའི་མཚན་ཐོས་པ་ཙམ་གྱིས་སློབ་སྦྱོང་གི་ལྟེ་གནས་ཤིག་ཡིན་པ་རང་བཞིན་གྱིས་རྟོགས་ཐུབ་པར་བསྒྱུར་ཡོད་ལ། བོད་ནང་དུ་ཡང་ཀིརྟི་ཚང་གི་གདན་ས་ཆེ་ཁག་བཞིའི་འཆད་ཉན་ལམ་སྲོལ་དེང་རབས་གཙུག་ལག་སློབ་གཉེར་ཁང་གི་འགྲོ་ལུགས་དང་མཐུན་པར་བསྒྱུར་བཅོས་མཛད་དེ། ཀིརྟི་ཚང་གི་གདན་ས་ཆེ་ཁག་བཞི་སྟེ་སྟག་ཚང་ལྷ་མོ་ཀིརྟི་དགོན་པ་དང། རྔ་ཡུལ་ཀིརྟིའི་དགོན་པ། ཚོ་བདུན་ཀིརྟིའི་དགོན་པ། ཧོར་ཚང་ཀིརྟིའི་དགོན་པ་བཅས་ཀྱི་མཚན་ཟུར་ལ་ནང་བསྟན་གཙུག་ལག་སློབ་གཉེར་ཁང་ཞེས་པས་མཚོན་དགོན་སྡེ་མང་པོ་ཞིག་གི་འཆད་ཉན་ལམ་སྲོལ་ལ་ཕྱོགས་མང་པོ་ནས་འགྱུར་བ་བྱུང་དང་འབྱུང་བཞིན་མཆིས།

གནའ་སྔ་མོའི་རྒྱ་གར་གྱི་ནང་པའི་ཆོས་སྡེ་ཁག་གི་མཚན་ཟུར་ལ་ཆོས་སྡེ་དེ་སློབ་གཉེར་ཁང་ཞིག་ཡིན་པའི་མཚོན་བྱེད་མེད་པ་འདྲ་སྟེ། ན་ལེནྡྲ་ཞེས་པ་བོད་སྐད་དུ་འདམ་བུའི་ཚལ་དང། འདམ་བུ་སྦྱིན་ཞེས་གང་དུ་འགྱུར་ཡང་ས་གནས་ཀྱི་ཁྱད་པར་ཙམ་ལས་མི་གསལ་བ་དང། བྲི་ཀ་མ་ལ་ཤཱི་ལ་ཞེས་པ་ཡང་བོད་སྐད་དུ་ཚུལ་ཁྲིམས་ཀྱི་དྲི་ངད་ལྡང་བ་ཞེས་པ་དང། རྣམ་པར་གནོན་པའི་ངང་ཚུལ་ཞེས་པ་གང་དུ་འགྱུར་ཡང་ཐད་ཀར་སློབ་གཉེར་གྱི་ལྟེ་གནས་ཤིག་ལ་གོ་མི་ཐུབ། དེ་བཞིན་ཨོ་ཏནྟ་པཱུ་རི་ཞེས་པ་བོད་སྐད་དུ་འཕུར་བྱེད་ཀྱི་གྲོང་ཁྱེར་ཞེས་བྱུང་བ་འདི་ལ་ཡང་སློབ་སྦྱོང་གི་ལྟེ་གནས་ཡིན་པའི་ཤེས་བྱེད་མེད།

རྒྱ་ནག་གི་ཡུལ་དུ་སངས་རྒྱས་བསྟན་པ་དར་བའི་རྗེས་སུ་ཡང་དགོན་པའི་མཚན་འདོགས་བྱེད་སྲོལ་ལ་མ་འདྲ་བ་སྣ་ཚོགས་བྱུང་འདུག་པ་སྣང་སྟེ། ཧྥོ་སི་ཞེས་པ་དང། སི་མུས་འོ། སི་ཡན་ཞེས་མིང་འབོད་སྟངས་མ་འདྲ་བ་འགའ་ཤས་ཡོང་གི་ཡོད་འདུག་པ་འདི་དག་ཐམས་ཅད་ལ་དགོན་པ་དེ་དང་དེ་སློབ་གཉེར་བྱ་སའི་ལྟེ་གནས་ཤིག་ཡིན་པའི་ཤེས་བྱེད་མེད། འོན་ཀྱང་དུས་ཕྱིས་སུ་མན་ཇུའི་སྐབས་ནས་རྒྱ་ནང་གི་ནང་པའི་དགོན་པ་འཆད་ཉན་ཡོད་པའི་རིགས་ལ། ནང་བསྟན་སློབ་གཉེར་ཁང་ཞེས་པའི་མིང་འདོགས་སྲོལ་བྱུང་ཡོད་འདུག

རེ་མདོ་སེངྒེས་ལྡི་ལིའི་ཤར་ཕྱོགས་མགྲོན་ཁང་གི་ཡང་སྟེང་དུ་འཕྲལ་མར་ཡིག་འབེབས་བྱས།

རྩོམ་སྔ་མ།བྱིས་པའི་གནས་སྐབས་ཀྱི་བྱུང་བ།
རྩོམ་རྗེས་མ།རྫ་ཀོང་།
རེ་མདོ་སེངྒེ།
ལོ་རྒྱུས་མཚམས་སྦྱོར། ཕྲན་གྱི་མིང་ལ་རེ་མདོ་སེངྒེ་(sangay)ཟེར་ཞིང༌། བོད་དུ་སློབ་ཆུང་ནས་མཐོ་འབྲིང་བར་དུ་ཕྱིན། དགོན་པར་ཞུགས་རྗེས་ཚད་མ་དང་ཕར་ཕྱིན་སོགས་ལ་སློབ་སྦྱོང་བྱས། རྒྱ་གར་དུ་འབྱོར་བའི་རྗེས་ཀིརྟིའི་མཐོ་རིམ་སློབ་གཉེར་ཁང་དུ་སློབ་སྦྱོང་བྱས། ཕྱིས་སུ་ཀིརྟིའི་མཐོ་སློབ་ཀྱི་སློབ་དཔོན་དང༌། སྤྱི་ཁྱབ་རྩོམ་སྒྲིག་པའི་ལས་འགན་འཁྱེར་བའི་རིང་དེབ་གྲངས་བཞི་བཅུ་ལྷག་རྩོམ་སྒྲིག་དང་དཔར་འགྲེམས་ཀྱི་རྐང་འགན་བླངས། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་གསུང་རྩོམ་ཕྱོགས་སྒྲིག་པའི་འགན་འཁྱེར་བའི་དུས་ཡུན་ནང་ཁོང་གི་གསུང་རྩོམ་དེབ་ཕྲེང་དགུ་བཅུ་གོ་གཉིས་དཔར་བསྐྲུན་ཟིན་ཡོད། གཉིས་པ། བརྩམས་ཆོས་དང་རྩོམ་དེབ་ངོ་སྤྲོད། ༡༽ བོད་ཀྱི་རྩོམ་རིག་མཐའ་དཔྱོད། ༢༽ བོད་ཀྱི་སྲོལ་རྒྱུན་རིག་གཞུང་གླེང་བའི་གཏམ། དེབ་འདི་གཉིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༠༥ ལོར་དཔར་འགྲེམས་བྱས། ༣༽ ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེའི་ངག་རྒྱུན་རྣམ་ཐར་ས་བོན་ཕྱོགས་བསྒྲིགས། ཀིརྟིའི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གིས་ཕྱི་ལོ་ ༢༠༠༧ ལོར་དཔར་འགྲེམས་བྱས། ༤༽ གྲུབ་མཐའི་རྣམ་བཤད། བོད་ཀྱི་དཔེ་མཛོད་ཁང་དང༌། དབུས་བོད་མིའིསྒྲིག་འཛུགས་ཀྱི་ཆོས་རིག་ལྷན་ཁང་གཉིས་ཀྱིས་ཕྱི་ལོ་ ༢༠༠༨ དང་ཕྱི་ལོ་ ༢༠༠༩ ལོ་སོ་སོར་དཔར་འགྲེམས་བྱས། ༥༽ བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ལོར་དཔར་འགྲེམས་བྱས། ༦༽ གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ། དབུས་བོད་མིའིསྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༦ ལོར་དཔར་འགྲེམས་བྱས་ཤིང། ཕྱི་ལོ་ ༢༠༡༧ ལོར་བོད་ནང་དུ་རྩོམ་པ་པོ་དཔེ་སྐྲུན་ཁང་གིས་དཔར་འགྲེམས་བྱས། ༧༽ བོད་ཀྱི་ཆབ་སྲིད་མི་སྣ་གྲགས་ཅན་གྱི་བྱུང་བ་བརྗོད་པ། དབུས་བོད་མིའིསྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༨ ལོར་དཔར་འགྲེམས་གནང་རྒྱུའི་ལས་འཆར་གྲས་སུ་ཡོད། དེ་བཞིན་དཔྱད་རྩོམ་དང༌། རྣམ་ཐར། ལོ་རྒྱུས། བརྒལ་ལན་བཅས་རྩོམ་ཡིག་བརྒྱ་ཕྲག་མ་ཟིན་ཙམ་སྤེལ་ཡོད་ལ། ཝར་ཎའི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང༌། ས་རཱ་བོད་ཀྱི་མཐོ་སློབ། ནོར་གླིང་བོད་ཀྱི་མཐོ་སློབ། ཀིརྟིའི་མཐོ་སློབ། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས། ས་སྐྱའི་མ་དགོན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས། ས་རཱ་གཞོན་ནུ་ཁག་སོགས་ཀྱིས་གོ་སྒྲིག་གནང་བའི་བགྲོ་གླེང་ཚོགས་འདུ་སོགས་སུ་སྔ་ཕྱིར་བརྗོད་གཞི་སྣ་ཚོགས་ཐོག་བགྲོ་གླེང་གཏམ་བཤད་ཞུས། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་བཅུ་བཞི་པ་གཉིས་ལ་ཞུགས་ཏེ་དཔྱད་རྩོམ་བགྲོ་སྦྱང་བྱས། གསུམ་པ། ད་ལྟའི་གནས་སྟངས། དེང་སྐབས་ཀིརྟིའི་མཐོ་སློབ་ཀྱི་རིག་གནས་སློབ་དཔོན་དང༌། ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེའི་གསུང་རྩོམ་ཕྱོགས་སྒྲིག་པ། དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཀློག་དེབ་རྩོམ་འབྲི། བོ་དོང་གསུང་རབ་ཞིབ་འཇུག་ཁང་གི་ལས་ཞོར་ཞིབ་འཇུག་པ། གཞིས་བྱེས་ཀིརྟིའི་དགོན་ཁག་གི་སྔོན་འགྲོའི་ནང་བསྟན་སློབ་གཉེར་ཁང་གི་སློབ་དེབ་བློ་གསལ་མགུལ་རྒྱན་རྩོམ་སྒྲིག་ཞབས་ཞུ་པ་བཅས་ཀྱི་ལས་འགན་འཁྱེར་མུས་ཡིན།

མཆན་གཅིག

    • ཁ་བ་རྒྱལ་ལགས། ཁྱེད་ཀྱིས་ཐུགས་སྣང་མཛད་པར་ཐུགས་རྗེ་ཆེ། རྒྱལ་དབང་ལྔ་པའི་རྣམ་ཐར་སོགས་སུ་སློབ་གྲྭའི་གྲྭ་ལ་ཝ་ཟུར་མེད་པརསློབ་གྲ་ཞེས་བྲིས་པ་མང་པོ་འདུག་ཀྱང་། གྲྭ་ནི་ཟུར་གྱི་མིང་ཡིན་པས། སློབ་གྲྭའི་གྲྭ་ལ་ཝ་ཟུར་འབྲི་དགོས་དོན། ཤེས་ཡོན་དོན་དུ་གཉེར་བའི་སྐྱེ་བོ་རྣམས་སྤྱི་མང་ལས་ཟུར་དུ་འཛོམས་སའི་གནས་ཡིན་པའི་རྒྱུ་མཚན་གྱིས་ཡིན་ནམ་སྙམ། གྲ་ཞེས་པ་ཟུར་ལ་གོ་བའི་སྐབས་ཕལ་ཆེར་མེད་ཅིང་། དུད་འགྲོའི་རིགས་ཀྱི་སྤུའི་རྩེ་མོའི་མིང་ལ་འཇུག་པ་གྲགས་ཆེ། གོ་བ་འདིའི་ལུགས་བྱས་ན་སློབ་གྲྭའི་གྲྭ་ལ་ཝ་ཟུར་མི་འབྲི་བར་སློབ་གྲ་ཞེས་འབྲི་བ་ལ་རྒྱུ་མཚན་ཅི་ཡོད་མ་ཤེས།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།