རྫ་ཚེ་རིང་བཀྲ་ཤིས། (༢༠༢༤ \༠༡\༡༡)

༡༽
བདག་གི་སེམས་སུ་ཤིན་ཏུ་གཙིགས་ཆེ་བ། །ཁ་བ་ཅན་ལ་ལྷག་ཏུ་ཐུགས་བརྩེ་བ། །སེམས་ཀྱི་འཁྲི་ས་བློ་ཡི་འཁོར་ས་གཉིས། །དགྱེས་བཞིན་འཛོམས་པའི་པར་གྱིས་བདག་ཡིད་བསྐྱོམས།།
༢༽
མཐུན་པའི་དམ་ཚིག་དྲན་ན་དགའ་ཡལ་ལེ། །བགྲེས་པའི་སྐུ་ཉམས་མཇལ་ན་སྐྱོ་ལྷང་ངེ་། །བརྗིད་པའི་སྐུ་ཡོན་བསམ་ན་དད་ལྷག་གེ །གང་ལྟར་བདག་གི་ཡིད་འདི་ཕྱ་མ་ཕྱོད།།
༣༽
བཅོས་མ་འགའ་ཡང་མེད་པའི་དད་པ་དང་། །ཟོལ་ཟོག་ཞར་ཡང་དབེན་པའི་དམ་ཚིག་གིས། །ལྷག་ཏུ་བསྒུལ་བའི་སྐུ་ཡི་ཉམས་འགྱུར་ཀུན། །བདག་གི་བློ་ལ་མཛེས་པའི་རབ་ཏུ་གྱུར།།
༤༽
རྣམ་གཉིས་སྐུ་ཡི་མཇལ་འཛོམས་རེ་རེ་བཞིན། །ལན་གཅིག་མིན་པར་བདག་གི་སེམས་ལ་ལྷུང་། །ཆར་དང་མེ་ཏོག་གློག་དང་རྒྱ་མཚོ་བཞིན། །ཁོ་བོའི་ཚོར་བའི་ལྷིང་འཇགས་དཀྲོག་པར་བྱེད།།
༥༽
འགོག་ཏུ་མེད་པའི་མཆི་མས་མིག་མཐའ་བརླན། །བརྗོད་དུ་མེད་པའི་ཚོར་བས་སྙིང་ཁམས་བཟི། །བསྒྱུར་དུ་མེད་པའི་དད་པས་བ་སྤུ་གཡོས། །འདི་དག་ཡོད་ཚད་བདག་གི་མྱོང་བ་ཡིན།།
༦༽
ཕལ་ཆེར་དུས་རབས་གཅིག་ལ་མཉམ་དུ་གཤིབས། །སྐྱིད་དང་སྡུག་པའི་གནས་སྐབས་མཉམ་དུ་བརྒྱུད། །མི་ལོ་བརྒྱད་ཅུར་ཉི་མ་གཅིག་པ་བཞིན། །མི་ཤིགས་མཛའ་བའི་མདུད་པས་ལྷག་ཏུ་སྦྲེལ།།
༧༽
ཁ་བ་ཅན་པའི་ལས་དབང་ཉམ་ཐག་ཀྱང་། །མ་འོངས་རེ་བའི་ལམ་བུ་འགག་དོག་ཀྱང་། །ངོམ་དུ་རི་བའི་ཆོས་དང་རིག་གཞུང་འདིར། །དོན་གྱི་མཚོན་རྟགས་ཆ་གཅིག་ད་དུང་ཡོད།།
༨༽
དམ་པའི་ཆོས་ལ་དད་པའི་བློ་ཞིག་དང་། །རང་གི་རིགས་ལ་ཞེན་པའི་མདངས་ཤིག་སྟེ། །རུས་པ་བོད་ལ་སྐྱེས་པའི་མི་ཡིན་ན། །ཞེ་བློ་གཏིང་ནས་དཀར་ས་ཁྱེད་གཉིས་ཡིན།།
༩༽
ས་མཐའ་འདི་ནས་མང་པོ་མ་འབྱོར་ཡང་། །ཁ་བརྗེ་དབང་ཐང་ཆེ་ཞིག་མ་མཆིས་ཀྱང་། །༧སྐྱབས་མཆོག་ཉི་ཟླའི་ཞལ་ཟུང་མཇལ་བ་འདིས། །ནང་གི་དཀའ་སྡུག་མང་ཞིག་བརྗེད་དེ་ཐལ།།
༡༠༽
ཁ་བ་ཅན་འདི་ཁྱིམ་གྱི་གཞི་ཡིན་ན། །ནང་གི་ཕ་དང་ཁུ་བོ་ཁྱེད་གཉིས་ཡིན། །དམ་པའི་ཆོས་འདི་བཞེངས་པའི་ལྷ་ཡིན་ན། །ཞལ་ཁྱིམ་མཛེས་པའི་སྤྱན་ཟུང་ཁྱེད་གཉིས་ཡིན།།
༡༡ ༽
སྲན་རིལ་བཞིན་དུ་འཐོར་བའི་ཁྱིམ་ཚང་འདིའི། །ལུས་ནི་ཤར་དང་ནུབ་ཀྱིས་བསྐལ་ན་ཡང་། །བློ་རྩེ་གཅིག་ཏུ་འཁོར་སའི་སེམས་རྟེན་ཞིག །ཁྱེད་གཉིས་ཁོ་ན་སོག་མའི་ཕོན་ཐག་ཡིན།།
༡༢༽
མཚམས་རེ་བདག་ནི་ཧ་ཅང་ཁེར་རྐྱང་སྟེ། །ཁྱེད་གཉིས་བདག་གི་མཚོ་དབུས་གྲུ་ཆུང་ཡིན། །ནམ་ཞིག་གྲུ་འདི་རང་སར་འཇིག་སྲིད་ན། །བདག་ལ་སེམས་ཀྱི་རེ་ལྟོས་གཞན་ཡོད་དམ།།
༡༣༽
ཁྱེད་གཉིས་དགུང་ལོ་དགུ་བཅུར་ཕྱོགས་ན་ཡང་། །ངས་ནི་ད་དུང་གཞོན་པའི་ཚུལ་དུ་སྒོམ། །དངོས་ཡོད་ཡིན་ཡང་དོན་དག་མང་པོ་ཞིག །ཡིད་ལ་ལེན་པ་ཙམ་ཡང་ཤིན་ཏུ་འཇིགས།།
༡༤༽
མཚམས་འདིར་བདག་གི་མིད་ཁུང་མཆི་མས་བརྣངས། །ནང་གི་ཚོར་བ་རྣོ་ནས་རྣོ་རུ་ཕྱིན། །འོན་ཀྱང་ཚིག་གི་བརྗོད་པ་ཕལ་མོ་ཆེས། །ཡིད་སེམས་གཡོ་བའི་རླབས་འདི་ཟིན་མ་གྱུར།།
ཅེས་པ་འདིའང་། དཔལ་ས་སྐྱའི་གོང་མ་ཁྲི་འཛིན་ཞེ་གཉིས་པའི་ངོ་དེབ་ཀྱི་ཐོག་ནས་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་དང་། དཔལ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཟུང་གནས་མཆོག་རྡོ་རྗེ་གདན་དུ་མཇལ་འཛོམས་གནང་བའི་སྐུ་པར་གསར་པ་འགའ་ཞིག་ངོ་དེབ་ཐོག་འཇོག་གནང་བ་མཇལ་བའི་མོད་ལ། ཨོ་གླིང་རི་སྔོན་པོ་ནས་རྫ་ཚེ་རིང་བཀྲ་ཤིས་ཀྱིས་བཅོས་མིན་གྱི་སེམས་ཚོར་ཕྲ་མོ་ཞིག་དེ་མུར་ཡི་གེར་བཏགས་པའོ



