མདུན་ངོས། ལོ་རྒྱུས། ཝཱ་ཎ་དབུས་བོད...

ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་བྱུང་རབས་མདོར་བསྡུས།༼དུམ་བུ་དྲུག་པ།༽

༡༧༥༢༢༤

སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་ཝཱ་ཎ་མཐོ་སློབ་ཀྱི་སློབ་སྤྱི་ལ་བསྐོ་བཞག་མཛད་པ། (༡༩༧༡ – ༢༠༠༠)

དང་པོ། སཱ་ར་ནཱ་ཐའི་ཉེ་འགྲམ་དུ་ཝཱ་ཎ་དབུས་བོད་ཀྱི་མཐོ་སློབ་གསར་འཛུགས་མཛད་ཚུལ།

སློབ་སྤྱི་ཟོང་རིན་པོ་ཆེ་མཆོག་ནི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལྡན་ནའང་སྐུ་ན་བགྲེས་པ་སོགས་ཀྱིས་༧གོང་ས་མཆོག་གི་བཀའ་དགོངས་བཞིན་དུ་སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་ཕྱི་ལོ༡༩༧༡ལོའི་ཟླ༡་ཚེས༡་ཉིན་ཝཱ་རཱ་ཎ་སཱིར་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་གི་དམིགས་བསལ་གྱི་སྡེ་ཚན་ལྟ་བུ་ཞིག་གི་འོག་ཏུ་གནས་པའི་བོད་རིགས་སློབ་གཉེར་བ་རྣམས་ཀྱི་སློབ་སྤྱི་གསར་པར་ཕེབས་ཤིང་། ཉིན་དེར་སཱ་ར་ནཱ་ཐའི་བོད་དགོན་དུ་སློབ་གཉེར་བ་དང་དགེ་ལས་ཚང་འཛོམས་ཐོག་ཆོས་དོན་བཀའ་བློན་འོད་ཟེར་རྒྱལ་མཚན་མཆོག་ནས་དབུ་འབྱེད་གསུང་བཤད་དང་སྦྲགས་སློབ་སྤྱི་གསར་རྙིང་ལ་རྟེན་འབྲེལ་གྱི་མཇལ་དར་བསྒྲོན་པ་དང་། སྐབས་དང་པོའི་ཨཱ་ཅཱརྱའི་སློབ་ཐོན་པ་ལྔ་བཅུ་ང་བཞི་ལ་ཨང་རིམ་བཞིན  དུ་ལེགས་གསོའི་དར་རེ་བསྩལ་གནང་མཛད།

སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནི་སྔ་རྗེས་སུ་རྡོར་གླིང་དང་། སིམ་ལཱ་སློབ་གྲྭའི་ཆོས་དགེ ཊལ་ཧོར་དུ་སློབ་སྤྱིའི་ཐུགས་འགན་བཞེས་གནང་ཡོད་པ་དང་། ད་དུང་ཡང་ནང་ཆོས་དང་དེང་དུས་ཀྱི་ཤེས་ཡོན་སོགས་ལ་ཐོས་བསམ་མུ་མཐུད་དེ་མཛད་པ་དང་ལྷན་དུ་ཕུགས་བསམ་ལྡན་པའི་ངང་ནས་གཏན་སློབ་ཀྱི་འཛིན་སྐྱོང་ལེགས་པོ་གནང་ཡོད།སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེས་ཝཱ་རཱ་ཎ་སཱི་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་གི་དམིགས་བསལ་གྱི་ཡན་ལག་འོག་ཏུ་ཡོད་པའི་བོད་ཀྱི་མཐོ་སློབ་ཀྱི་སྐབས་དེའི་འཛིན་སྐྱོང་གི་གནས་སྟངས་ལ་ཞིབ་ཕྲ་གཟིགས་ཏེ་ཕུགས་རྒྱང་རིང་བའི་གནད་དོན་ཁག་གཅིག་འགྲུབ་པ་ལ་སྐབས་དེའི་གནས་སྟངས་ནི་རྙོག་དྲ་ལྡན་པའི་འཛིན་སྐྱོང་ཞིག་གི་ནང་དུ་གནས་ཡོད་པ་གཟིགས་པས། ༧རྒྱལ་བའི་ཐུགས་རྗེའི་བྱིན་རླབས་དང་ཁོང་གིས་སྙིང་ཉེ་བའི་རྒྱ་གར་གྱི་མཁས་པ་ཆེ་ཁག་ལ་བཀའ་བསྡུར་དང་ལམ་སྟོན་རིམ་པར་ཞུས་ཏེ་རྒྱ་གར་དབུས་གཞུང་ལ་དབུས་བོད་ཀྱི་མཐོ་སློབ་དེ་ཟུར་དུ་འཛུགས་སྐྲུན་བྱེད་ཐུབ་པའི་སླད་དུ་མུ་མཐུད་དེ་འབོད་བསྐུལ་ཞུས་པ་དང་ཆབས་ཅིག་ཏུ་རྣམ་དཔྱོད་ལྡན་པའི་འཛིན་སྐྱོང་གི་སྒྲོམ་གཞི་དང་འཆར་གཞི་སོགས་ལེགས་པོར་མཛད་པ་ལ་བརྟེན་ནས། ཕྱི་ལོ༡༩༧༠ལོར་ཅནྡྲ་མཎི་བསྐྱར་ཞིབ་ཚོགས་ཆུང་།(Chandramani Re­view Committee)དང་། ཕྱི་ལོ༡༩༧༥་ལོར་དིཔིཡཱདབ་ཚོགས་ཚུང་(D.P.Yadav Committee)གཉིས་གསར་འཛུགས་ཐུབ་པ་བྱུང་། ཚོགས་ཆུང་དེ་གཉིས་ཀྱིས་རྒྱབ་སྐྱོར་འོག་ཕྱི་ལོ༡༩༧༧་ལོར་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་ནས་འཛིན་སྐྱོང་ཟུར་ཐོན་གྱིས་རྒྱ་གར་དབུས་གཞུང་གི་ལེགས་སྦྱར་སྡེ་ཚན་ནས་ཐད་ཀར་འཛིན་སྐྱོང་རང་རྐྱ་ཐུབ་པའི་སྒྲིག་འཛུགས་གསར་དུ་འཛུགས་ཐུབ་པ་བྱུང་ཡོད། སྐབས་དེར་མཐོ་སློབ་དེའི་འཛིན་སྐྱོང་གི་སློབ་སྟོན་པ་ལྕམ་སྐུ་ཀ་པི་ལ་ཝཱཏ་ས་ཡན(Ms.KapilaVatsyayayan)མཆོག་གིས་ཟམ་གདོང་རིན་པོ་ཆེ་ལ་ཡང་དག་པའི་ལམ་སྟོན་འོག་མཐོ་སློབ་གསར་རྒྱག་གི་ལས་དོན་དང་། ནང་གི་ཤེས་རིག་གི་མཐུན་རྐྱེན་སོགས་ལ་ཕྱོགས་གང་ཐད་ནས་རོགས་སྐྱོར་རྒྱ་ཆེར་གནང་ཡོད། དེའང་མཐོ་སློབ་གསར་རྒྱག་གི་ཐད་ལ་༧རྒྱལ་བའི་དགོངས་པ་བཞིན་དུ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་བདེན་པ་བཞིའི་ཆོས་འཁོར་བསྐོར་སའི་ཉེ་འགྲམ་དུ་ཨེ་ཀར་(Acres)བརྒྱད་དང་ཚག་ཉེར་ལྔའི་ཚད་གཞི་ལྡན་པའི་ས་ཆ་ཉོས་པ་དང་། དེ་ནས་མཐོ་སློབ་འཛུགས་སྐྲུན་གྱི་ལས་གཞི་དངོས་དང་དབུ་འཛུགས་སྐབས་ཟམ་གདོང་རིན་པོ་ཆེ་རང་ཉིད་དངོས་སུ་ཕེབས་ནས་གཟིགས་ཞིབ་ནན་པོ་གནང་ཡོད་པ་རེད། མཐོ་སློབ་ཀྱི་ཕྱིའི་རྣམ་པ་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རྣམ་པ་ལྡན་ཞིང༌་། ནང་ཤེས་རིག་གི་ཆ་ནས་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་བོད་ཀྱི་ཆོས་ལུགས་ཀུན་འཛོམས་ཀྱི་ཤེས་བྱའི་བསྟི་གནས་དེ་གསར་རྒྱག་མཛད། ནང་དོན་རིག་པ་གཞིར་བཞག་པའི་གནའ་དེང་ཟུང་དུ་འབྲེལ་བའི་སློབ་ཚན་ཁག་མཐུན་རྐྱེན་མ་ཚང་བ་མེད་པར་རིམ་པས་བསྐྲུན།

ཤིང་སྡོང་འགྲམ་གྱི་ཁང་ཆུང་འདི་ནི་སྔར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཐོ་སློབ་ཏུ་བཞུགས་གནས་ཡིན། ཕྱི་ལོ་༢༠༡༢ལོར།

ཝཱ་ཎ་སློབ་ཁང་འཛུགས་སྐྲུན་རིམ་པས་ཐུབ་པ་ན། དགེ་སློབ་རྣམས་སྔར་ལྟར་སྔ་པོ་ལངས་ཏེ་སཱ་ར་ནཱ་ཐ་ནས་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་དུ་བསྐྱོད་མི་དགོས་པའི་དཀའ་ཚེགས་སེལ་ཏེ་མཐོ་སློབ་རང་དུ་དགེ་སློབ་ཚང་མ་ཁོར་ཡུག་གཅིག་ཏུ་གནས་པའི་སྐལ་བཟང་ཐོབ། དེ་ནས་རིན་པོ་ཆེའི་རྣམ་དཔྱོད་དང་སྙིང་ཉེ་བའི་རོགས་སྐྱོར་བ་དག་གི་རྒྱབ་སྐྱོར་ལ་བརྟེན་ཏེ་རྒྱ་གར་དབུས་གཞུང་ནས་འགྲོ་གྲོན་མ་དངུལ་དེ་དག་ཀྱང་དཀའ་ཚེགས་མེད་པར་ཐད་ཀར་ཝཱ་ཎ་དབུས་བོད་ཀྱི་མཐོ་སློབ་ཁང་གིས་ལེན་ཐུབ་པ་བྱུང་༌། དེ་བཞིན་གཞི་རྒྱ་ཆེ་བའི་ཝཱ་ཎ་མཐོ་སློབ་ཀྱི་འཛིན་སྐྱོང་རྣམས་ལ་རིན་པོ་ཆེའི་ཐུགས་བསམ་རྒྱ་ཆེར་བཞེས་པའི་དུས་ལ་སླེབས་པ་ན། ཁོང་གིས་མཐོ་སློབ་ཁང་གཞན་དང་འདྲ་བར་འཛིན་སྐྱོང་གི་སྒྲོམ་གཞི་མདུན་བསྐྱོད་ཡོང་བར་ཐུགས་དགོངས་ཆེར་བཞེས་མཛད་ཡོད།

ཕྱི་ལོ༡༩༨༦་ལོར་རྒྱ་གར་དབུས་གཞུང་གིས་གཏན་འབེབས་བྱས་པའི་ཡིག་ཆ་ལ་གཞིགས་ནས་ཝཱ་ཎ་མཐོ་སློབ་འདི་ཉིད་ཁྲིམས་མཐུན་གྱི་དེབ་སྐྱེལ་བྱས། རྒྱ་གར་དབུས་གཞུང་གིས་བསྐོས་པའི་ཝཱ་ཎ་མཐོ་སློབ་ཀྱི་འཛིན་སྐྱོང་གི་སློབ་སྟོན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་ཀ་པི་ལ་ཝཏ་ས་ཡན་(Ms.KapilaVatsyayan)གཙོས་པའི་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་ཀྱི་རྒྱབ་སྐྱོར་རོགས་རམ་ལ་བརྟེན་ཏེ། རྒྱ་གར་དབུས་གཞུང་ལ་རེ་འདུན་ཞུས་པ་བཞིན་རིམ་པས་གྲུབ་འབྲས་ཐོན།

གཉིས་པ། ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་ལས་ཐ་དད་དུ་འཛིན་སྐྱོང་རང་རྐྱ་འཕེར་བ།

ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་འདི་ཉིད་འཛིན་སྐྱོང་རང་རྐྱ་ཐུབ་པའི་བརྒྱུད་རིམ་ཁྲོད་དུ་ཝཱ་ཎ་སློབ་ཁང་འདི་ཉིད་ཝཱ་རཱ་ཎ་སཱིའི་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་ནས་ཟུར་དུ་ཕྱིར་ཐོན་ཐུབ་པ་དང་། དེ་བཞིན་འགྲོ་གྲོན་མ་དངུལ་ཡང་རྒྱ་གར་དབུས་གཞུང་ནས་ཐད་ཀར་རག་པ་བྱུང་༌ཡང་། ད་དུང་ཝཱ་ཎ་མཐོ་སློབ་ཀྱི་ཡིག་རྒྱུགས་དང་བསླབ་པ་མཐར་སོན་པའི་ལག་འཁྱེར་གཉིས་ཀྱི་བདག་དབང་དེ་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་ལ་ཡོད་པ་རེད། ཡིག་རྒྱུགས་དང་ལག་འཁྱེར་གཉིས་ཀྱི་གནད་དོན་དེ་ནི་རང་ཅག་གི་མཐོ་སློབ་ཙམ་མ་ཟད་ལ་དྭགས་མཚན་ཉིད་སློབ་གྲྭ་ལ་སོགས་པ་དེ་ལྟར་གྱི་དཀའ་ངལ་ཡོད། གནད་དོན་དེ་ལ་ཟམ་གདོང་རིན་པོ་ཆེའི་རྣམ་དཔྱོད་དང་དེ་བཞིན་བློ་དཀར་བའི་རྒྱ་གར་མཁས་པ་མང་པོའི་གཡོ་མེད་ཀྱི་རྒྱབ་སྐྱོར་རོགས་རམ་ལ་བརྟེན་ཏེ། མཐོ་སློབ་ཀྱི་གནས་ཚད་གོང་མཐོ་རུ་བཏང་ནས་ད་ལྟ་དགོས་ངེས་ཅན་གྱི་བདག་དབང་དེ་གཉིས་ཐོབ་པར་བྱ་རྒྱུའི་རེ་བ་སྐོམ་པ་ཆུ་འདོད་ལྟར་བྱུང་བས། འབད་བརྩོན་ཤུགས་ཆེར་གནང་ནས། གོང་གི་རྩ་དོན་དེ་གཉིས་འགྲུབ་པར་རིན་པོ་ཆེས་ཝཱ་ཎ་མཐོ་སློབ་འདི་ཉིད་ཆ་འདྲ་བའི་གཙུག་ལག་སློབ་གཉེར་ཁང་(Deemed to be Univer­sity)གི་རྣམ་པར་བསྒྱུར་རྒྱུའི་ཐད་གཞན་ལ་གྲོས་བསྡུར་མཛད་མཐར་ཐུགས་ཐག་བཅད། གནད་དོན་དེ་ནི་སྤྱིར་བཏང་མི་ཞིག་གི་རྣམ་དཔྱོད་དང་སྙིང་སྟོབས་ལས་བྱུང་བའི་ནུས་པ་ཞིག་གཏན་ནས་མིན། མཐོ་སློབ་ཁང་གི་རྣམ་པ་དེ་ཆ་འདྲ་བའི་གཙུག་ལག་སློབ་གཉེར་ཁང་ཞིག་ཏུ་བསྒྱུར་བ་ལ་རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་ཁག་གི་ལྷན་ཚོགས་ནས་ངོས་ལེན་དང་རྒྱབ་སྐྱོར་ཐོབ་དགོས་ན། ཁོང་ཚོས་ཕྱིར་བཏོན་བྱེད་པའི་ཡིག་ཆ་ཁག་གི་ཆ་རྐྱེན་ཡོངས་སུ་ཚང་དགོས་ཀྱི་ཡོད། ལྷག་དོན་ཁོང་ཚོའི་རྒྱབ་སྐྱོར་ཐོབ་པ་ཙམ་གྱིས་མི་འགྲིག་པར།  རྒྱ་གར་དབུས་གཞུང་གི་བློན་ཆེན་ལྷན་ཚོགས་ནས་ངོས་འཛིན་ཐོབ་དགོས་ཤིང་། དེ་བཞིན་དབུས་གྲོས་ཚོགས་སུ་གཙུག་ལག་སློབ་གཉེར་ཁང་དང་ཆ་འདྲ་བ་ཡིན་པའི་གྲོས་ཆོད་གཏན་འབེབས་དགོས་ལ། མཐར་རྒྱ་གར་དབུས་གཞུང་གི་མ་ཡིག་ཆེན་མོ་རུ་འགོད་དགོས་ཀྱི་ཡོད་པ་རེད། གནད་དོན་འདི་དང་དེ་བཞིན་ཝཱ་ཎ་མཐོ་སློབ་ཀྱི་བྱུང་རབས་ཁག་ལ་བསམས་ན་རྣམ་དཔྱོད་ལྡན་པའི་སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེ་ཁོང་ལྟ་བུ་ལས་ཀྱག་ཀྱོག་དང་རྙོག་འཛིང་ཤིན་ཏུ་ཆེ་བའི་བཞུད་ལམ་དེ་ལྟ་བུ་ཞིག་ལ་མདུན་བསྐྱོད་ནུས་མཁན་ཤིན་ཏུ་དཀོན་སྙམ།

དེ་ནས་ལོ་ཤས་ཀྱི་རྗེས་སུ་རིམ་པས་མཐོ་སློབ་ཀྱི་འཛུགས་སྐྲུན་དང་མཐུན་རྐྱེན་སོགས་ཕྱོགས་གང་ཐད་ནས་ཡར་རྒྱས་ཤིན་ཏུ་མྱུར་པོ་ཕྱིན་པས་སླར་ཡང་རིམ་པས་སྔར་ཝཱ་ཎ་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་འོག་ཏུ་འཛིན་སྐྱོང་རང་རྐྱ་ཐུབ་པའི་སྒྲིག་འཛུགས་དེ་ལ་བསྐྱར་བཅོས་དང༌་། དེ་བཞིན་རང་སྐྱོང་ཆ་ཚང་ལྡན་པའི་སྒྲིག་གཞི་གཏན་འབེབས་བྱུང་སྟེ། ཕྱི་ལོ༡༩༨༨་ལོར་ཟླ༤་ཚེས༥་ཉིན་རྒྱ་གར་དབུས་ཤེས་རིག་ལྷན་ཁང་གིས་བཞག་པའི་བཀོད་ཁྱབ་ཨང་(F9-9/86-U-3)གཞིར་བཅོལ་བའི་ཐོག་ནས་ཆ་འདྲ་བའི་གཙུག་ལག་སློབ་གཉེར་ཁང་(Deemed to be University)གི་རྣམ་པ་རུ་གསལ་བསྒྲགས་བྱུང༌་། དེའི་སྔོན་དུ་ཡིག་རྒྱུགས་སྤྲོད་ཕྱོགས་དང༌་། བསླབ་པ་མཐར་སོན་པའི་ལག་འཁྱེར་སོགས་ནི་ལེགས་སྦྱར་གཙུག་ལག་སློབ་ཁང་ལ་དབང་ཚད་ལྡན་ཞིང་། རིམ་པས་ཕྱི་ལོ༡༩༨༩་ལོ་ཙམ་ནས་གནད་དོན་འདི་དག་ཀྱང་ཝཱ་རཱ་ཎ་སཱིར་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་ལ་འཛིན་སྐྱོང་ཐད་གང་ཡང་བསྟུན་མི་དགོས་པར་རྒྱ་གར་དབུས་ཤེས་རིག་ལྷན་ཁང་ནས་ཐད་ཀར་འཛིན་སྐྱོང་གི་འགྲོ་གྲོན་ཆ་ཚང་ཐོབ་ཅིང༌་། དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་རང་ནས་མིང་དོན་མཚུངས་པ་འཛིན་སྐྱོང་རང་རྐྱ་ཐུབ་པའི་གནའ་དེང་གི་ཤེས་ཡོན་གྱི་ལམ་སྲོལ་ལྡན་བའི་བཙན་བྱོལ་བོད་མིའི་ལོ་རྒྱུས་ཀྱི་དེབ་ཐེར་ནང་དུ་འཁོད་འོས་པའི་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ཐོག་མར་གྱུར།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།