མདུན་ངོས། ལོ་རྒྱུས། ཝཱ་ཎ་དབུས་བོད...

ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་བྱུང་རབས་མདོར་བསྡུས།༼དུམ་བུ་བདུན་པ༽

༡༧༢༣༨༠
སཱ་ར་ཎཱ་ཐཱའི་ཉེ་འགྲམ་དུ་གསར་འཛུགས་གནང་བའི་ཝཱ་ཎ་དབུས་བོད་ཀྱི་གཙུག་ ལག་སློབ་གཉེར་ཁང་། ཕྱི་ལོ ༢༠༡༢ལོར།

ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་བྱུང་རབས་ལ་ཕྱིར་ལྟ་ཙམ་བྱེད་པ།

ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་འདི་ཉིད་ཀྱང་སྔར་བྱུང་རིམ་གྱི་དབང་དུ་བྱས་ན་ཆོས་རིག་ལས་ཁུངས་ཀྱི་མངའ་འོག་ཏུ་ཡིན་ཞིང༌། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕུགས་རྒྱང་རིང་བའི་བོད་མི་རིགས་ཀྱི་རིག་གཞུང་ལ་བཅང་པའི་དགོངས་བཞེད་ལ་རྒྱ་གར་དབུས་གཞུང་གི་སྲིད་བློན་དམ་པ་ནེཧ་རུ་མཆོག་གི་རྒྱབ་སྐྱོར་ཐོབ་པའི་འབྲས་བཟང་དང་། ༧མགོན་པོ་གང་ཉིད་ཀྱི་དགོངས་པ་བཞིན་ཆོས་རིག་བཀའ་ཟུར་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་མཆོག་གིས་ཐབས་ཤེས་ཡོད་རྒུ་གནང་སྟེ། རིམ་པས་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་དུ་དམིགས་བསལ་གྱི་ཡན་ལག་ལྟ་བུའི་མངའ་འོག་ཏུ་ལོ་ཤས་རིང་གནས་ཤིང་། སྐབས་དེར་སྐྱབས་རྗེ་ཟོང་རིན་པོ་ཆེས་གཙོ་འགན་བཞེས་ཤིང་ཁོང་གི་སློབ་སྟོན་པ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་མཛད། ཕྱི་ལོ ༡༩༦༧ ལོ་ནས༢༠༠༠་ལོའི་བར་སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གིས་མཐོ་སློབ་འདིའི་ཐུགས་འགན་ཡོངས་རྫོགས་བཞེས་ཏེ། ཆེས་རིན་ཐང་ཆེ་བའི་ལོ་ངོ་ཧྲིལ་པོ་སུམ་ཅུ་ལྷག་ཙམ་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་འདིའི་སླད་དུ་བློ་རིག་གི་ནུས་རྩལ་འདི་ལ་བཏོན་ཞིང་། ལུས་སྟོབས་ཀྱི་ལང་འཚོ་འདི་རུ་ཟད། ཁོང་གིས་མཐོ་སློབ་འདིའི་འཛིན་སྐྱོང་གནང་ཚུལ་དང༌། ཤེས་འཇོན་ཡོངས་ལ་རྒྱུས་མངའ་དང་གྲོགས་འདྲིས་ཆེ་བའི་རྒྱ་གར་གྱི་སློབ་དཔོན་དང་མཁས་པ་དུ་མས་བསྔགས་བརྗོད་དང་གདེངས་འཇོག་ཤིན་ཏུ་ཆེན་པོ་བྱེད་ཀྱི་ཡོད། གཟུར་གནས་དང་རྣམ་དཔྱོད་ལྡན་པའི་ཤེས་ལྡན་པ་དུ་མས་ཁོང་གིས་ཝཱ་ན་མཐོ་སློབ་ཀྱི་སླད་དུ་བཞག་པའི་མཛད་རྗེས་དང་། གཞན་ཡང་ཁོང་གི་རླབས་ཆེ་བའི་ཕུགས་བསམ་དང༌། རྣམ་དཔྱོད། སྙིང་སྟོབས། གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན། རང་མི་རིགས་ལ་བཅང་པའི་ཡང་དག་པའི་ལངས་ཕྱོགས་སོགས་ལ་ངོ་མཚར་གྱི་ཡི་རང་འབུལ་བཞིན་ཡོད། ཕྱིས་སུ་བཀའ་ཟུར་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་ལགས་ཝཱ་རཱ་ཎ་སཱི་རུ་གནས་མཇལ་དུ་ཕེབས་སྐབས་སུ་བོད་ཀྱི་མཐོ་སློབ་དེར་ཕེབས་ནས་སློབ་གཉེར་བ་ཡོངས་ལ་གསུང་བཤད་གནང་དོན།“སྔར་ང་རང་གི་འཆར་གཞི་ལས་ལྷག་པ་རིན་པོ་ཆེས་མཐོ་སློབ་འདིའི་འཛིན་སྐྱོང་དང་སློབ་གཉེར་ཁང་འདི་འཛུགས་སྐྲུན་མཛད་འདུག”ཅེས་གསུངས་འདུག གཞན་ཡང༌། ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་འདི་ཉིད་རང་རྐྱ་ཐུབ་པའི་སློབ་གཉེར་ཁང་ཞིག་མ་ཆགས་པའི་བར་དུ་བཀའ་དྲིན་ཤིན་ཏུ་ཆེ་བའི་རྒྱ་གར་གྱི་ལྕམ་ཀཱ་པི་ལ་ཝཏ་ས་ཡན་མཆོག་ནི་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཆེས་མཐོའི་བོད་ཀྱི་མཐོ་སློབ་འདི་ཉིད་གསར་འཛུགས་བྱེད་ཚུལ་ལ་རྒྱུས་མངའ་ཤིན་ཏུ་ལྡན་པས། རིན་པོ་ཆེ་དགུང་གྲངས་དྲུག་ཅུ་འཁོར་ཏེ་བཀའ་དྲིན་རྗེས་དྲན་སྐབས་སུ་ཁོང་གིས་བརྩམས་པའི་༼གཟི་བརྗིད་དང་ལག་བསྟར་ལྡན་པའི་སློབ་དཔོན་ཟམ་གདོང་རིན་པོ་ཆེ༽ཞེས་པའི་དབྱིན་ཡིག་ཏུ་འཁོད་པའི་རྩོམ་ཡིག་ཐུང་ངུ་དེ་ལས་སྣེ་འབུར་ཙམ་ཕབ་བསྒྱུར་བྱས་ཏེ་ལུང་འདྲེན་ན།“སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་ནི། རང་སྲུང་ཐུབ་པའི་ནང་བསམ་བློའི་ལྷག་བསམ་དང་སྙིང་སྟོབས་ལྡན་པ་ཞིག་ཡིན་ཞིང༌། ཁོང་གིས་དུས་ཅིག་ཏུ་མཐོ་སློབ་འདི་དང༌། བཙན་བྱོལ་གཞུང་གི་ཆེས་མཐོའི་ལས་དོན་འདི་ཉིད་མཛད་པ་ནི་ངོ་མཚར་ལྡན་པའི་མཛད་པ་ཞིག་ཡིན། ཁོང་ནི་འཛམ་གླིང་གི་མི་སྣ་གྲགས་ཅན་ཞིག་ཡིན་ཏེ། ལས་དོན་གང་ཞིག་གི་གོ་སྒྲིག་དང༌། འཛིན་སྐྱོང་། རྒྱལ་ནང་དང་རྒྱལ་སྤྱིའི་ལྷན་ཚོགས་སུ་འཛུལ་ཞུགས་ཐུབ་པ་དང༌་། དེ་བཞིན་ལས་གཞི་གཞན་གྱི་ཁྲོད་དུ་མཉམ་རུབ་ལྡན་པ། ཁོང་གིས་མཛད་པའི་ལས་གཞིའི་བརྒྱུད་རིམ་དེ་དག་ལ༌། ངས་ཞིབ་པར་བལྟས་པ་ཡིན་ལ། ཁོང་ནི་གདེང་ཚོད་དང་སྤོབས་པ་ལྡན་པའི་སྒོ་ནས་ལས་གཞི་གང་ལའང་ལག་བསྟར་བྱེད་མཁན་ཞིག་རེད་འདུག རྒྱུ་མཚན་ལྡན་པའི་སྒོ་ནས་རླབས་ཆེན་གྱི་འགན་འཁྲི་འཁྱེར་བ་དང་། དེ་བཞིན་མཐོ་སློབ་དང་འབྲེལ་བའི་གཞི་རྩའི་ལས་དོན་མང་པོའི་ཐད་ལ་གཙུག་ལག་སློབ་གཉེར་ཁང་ཕན་ཚུན་བགྲོ་གླེང་བྱེད་ཀྱི་འདུག མཐོ་སློབ་གསར་འཛུག་གི་སྐབས་སུ་ཚ་དྲོད་ཆེ་བའི་གནམ་གཤིས་དེའི་ཁྲོད་དུ་རིན་པོ་ཆེས་ཁང་པ་གསར་རྒྱག་བྱེད་སར་ལངས་ཏེ་ཞིབ་འཇུག་མཛད་པས། མཐོ་སློབ་ཀྱི་རྨང་གཞི་ཡང་དུས་ཐོག་ལ་ཚར་སོང༌”ཞེས་བཀོད་འདུག

ཕྱི་ལོ༢༠༠༡་ལོར་མི་མང་གིས་འོས་འདེམས་གནང་ནས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་གྱུར་པས། དགེ་བཤེས་ངག་དབང་བསམ་གཏན་མཆོག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དེའི་ཉེ་བའི་རིགས་བདག་ཏུ་བསྐོ་བཞག་མཛད། ཕྱི་ལོ༢༠༠༨་ལོར་༧མགོན་པོ་གང་ཉིད་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་དུ་ཕེབས་སྐབས་སུ་རྒྱ་གར་དབུས་གཞུང་ནས་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་དེ་ད་ཆར་གཙུག་ལག་སློབ་གཉེར་ཁང་གི་རྣམ་པ་རུ་ངོས་ལེན་ཐོབ་པའི་གསལ་བསྒྲགས་བསྐྱངས། སློབ་དཔོན་ངག་དབང་བསམ་གཏན་མཆོག་གིས་འཛིན་སྐྱོང་ཐུགས་འགན་བཞེས་ཏེ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གནས་བབ་དང་མ་འོངས་པའི་ཁ་ཕྱོགས་དེ་ཡར་ཐོན་གྱི་ལམ་ལ་སྐྱོད་བཞིན་ཡོད།

 

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།