མདུན་ངོས། མྱོང་བྱང་། ཨོ་ཏནྟ་པཱུ་རི...

ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང།

༤༣༥༡༨༢

༄༅།། ཨོ་ཏནྟ་པུ་རི་ཞེས་པ་ནི་བོད་སྐད་དུ་འཕུར་བྱེད་ཀྱི་གྲོང་ཁྱེར་ཡིན་པ་དབྱངས་ཅན་དགའ་བློས་གསུངས་པས། དགོན་པ་དང་འདབས་འབྲེལ་དུ་ཡོད་པའི་གྲོང་ཁྱེར་དེ་ནི་འཕུར་བྱེད་ཀྱི་གྲོང་ཁྱེར་ཞེས་པ་ཡིན་ནམ་སྙམ་པ་ཞིག་རང་བཞིན་གྱིས་བྱུང་། སྤྱིར་དགོན་གནས་འདི་ཕྱི་ལོ་དུས་རབས་བརྒྱད་པ་སྟེ་སློབ་དཔོན་སེང་བཟང་གི་སྦྱིན་བདག་ཆོས་རྒྱལ་ངྷརྨ་པ་ལའི་རྒྱལ་རབས་གཅིག་ཙམ་གྱི་སྔོན་དུ་བཞེངས་པར་གྲགས་པས། ན་ལེནྡྲའི་གཙུག་ལག་ཁང་བཞེངས་པའི་དུས་ཚོད་དང་བསྡུར་ན་ལོ་བརྒྱ་ཕྲག་འགའ་ཤས་ཀྱིས་འདི་འཕྱི་བ་ཡིན་པ་གསལ་པོར་ཤེས་ཐུབ། དགོན་གནས་འདི་ཇི་ལྟར་བཞེངས་པའི་ཚུལ་བོད་ཀྱི་ཆོས་འབྱུང་དང་རྒྱལ་རབས་མང་ཆེ་བར་འཁོད་པ་ལྟར། དགེ་ཚུལ་ཞིག་ནམ་མཁར་འཕུར་བའི་མཐོང་ཚུལ་གཞི་ལ་བཞག་སྟེ། གླིང་བཞི་དང། གླིང་ཕྲན་བརྒྱད། ཉི་ཟླ་དང་བཅས་པའི་བཀོད་པ་ཚང་བར་བཞེངས་པའི་གཙུག་ལག་ཁང་ཞིག་སྟེ། རྒྱ་གར་ཡུལ་གྱི་སྔ་མོའི་ནང་པའི་གསང་སྔགས་ཀྱི་ཆོས་སྡེ་མཚན་སྙན་ཡོད་པ་ཞིག་དང། དུས་རབས་བརྒྱད་པའི་ནང་བོད་དུ་མཁན་སློབ་ཆོས་གསུམ་གདན་འཛོམས་ནས་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་པའི་སྐབས་སུ་ཡང། ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་ཞེས་པ་འདི་ལ་དཔེ་བྱས་ནས་བཞེངས་པར་གྲགས་པས། གཙུག་ལག་ཁང་འདི་བོད་ཀྱི་ལོ་རྒྱུས་དང་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་ཏུ་གྱུར་ཡོད།

སྤྱིར་ལོ་མང་གོང་ནས་ཨོ་ཏནྟ་པཱུ་རི་དང་བི་ཀཱ་མ་ལ་ཤཱི་ལའི་གཙུག་ལག་ཁང་གི་ལོ་རྒྱུས་མཇལ་ཐེངས་རེར་དགོན་གནས་ཀྱི་ཤུལ་འདི་གཉིས་ལ་གནས་མཇལ་དུ་འགྲོ་རྒྱུའི་འདོད་པ་ཆེན་པོ་བྱུང་ཡང། ལས་དོན་གྱི་བྲེལ་བ་སོགས་ཀྱིས་ད་བར་འདོད་པ་བཞིན་དངོས་སུ་མཇལ་སྐོར་ལ་བཅར་མ་ཐུབ། རེས་གཟའ་ཉི་མ་སྟེ་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡༡ ཚེས་ ༡༨ ཉིན་ཕྲན་དང་ལས་རོགས་བཅས་ཆེད་དུ་གནས་འདི་གཉིས་ལ་མཇལ་སྐོར་དུ་བསྐྱོད་པ་ཡིན། གནས་འདི་གཉིས་བསྐོར་བའི་སྐབས་འདས་པའི་ལོ་རྒྱུས་དང་ད་ལྟའི་མཐོང་ཚུལ་བཅས་ཉིན་ཐོའི་ལུགས་སུ་བྲིས་ཤིང། དེ་ཡང་གནས་ཡིག་དང་རྣམ་ཐར་ཆོས་འབྱུང་རྒྱས་པ་ལྟ་ཀློག་མི་ཐུབ་པའི་རིགས་ལ་ཕན་ཐོགས་ཕྲན་བུ་འབྱུང་སྲིད་སྙམ་པའི་ཀུན་སློང་གིས། ཉིན་ཐོའི་ལུགས་སུ་བྲིས་པའི་རྩོམ་ཡིག་འདི་ཡང་ཐུན་མོང་གི་ལོངས་སྤྱོད་དུ་དགྲམ་པར་འདོད།

དགེ་འདུན་ཆོས་འཕེལ་གྱིས། པ་ཊ་ན་ནས་ར་ཇི་གི་ལི་ལ་འགྲོ་བའི་ལམ་དུ་བི་ཧར་ཤ་རའི་ཧྥི་ཟེར་བའི་གྲུ་ཟན་ལ་སླེབས་ཤིང། དེ་ནས་ནུབ་ཏུ་བལྟས་ན་བྲག་རི་ལེབ་མོ་ཞིག་མཐོང་བ་དེ་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་གི་ཤུལ་ཡིན། ཞེས་གསུངས་པ་ལྟར་པ་ཊ་ན་ནས་རྒྱལ་པོའི་ཁབ་ལ་ཡོང་བའི་རླངས་འཁོར་དང་མེ་འཁོར་ལམ་གྱི་གཡས་ངོས་སུ་བྲག་ཕུང་ཤིན་ཏུ་བརྗིད་ཉམས་ཆེ་བ་ཞིག་ཡོད་པ་དེའི་སྟེང་དུ་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་གི་ཤུལ་ཡིན་ཟེར་བ་ཙམ་ད་དུང་འདུག་ཀྱང། ན་ལེནྡྲ་སོགས་གནས་གཞན་དག་དང་བསྡུར་ན་བདག་སྐྱོང་དང་གང་ཅིའི་ཐད་ནས་དེ་དག་ལས་ཀྱང་གནས་འདི་ཤིན་ཏུ་སྐྱོ་བའི་ཚོད་དུ་མཆིས།
རྡོ་རྗེ་གདན་ནས་པ་ཊ་ནའི་ཕྱོགས་སུ་ཁ་གཏད་ནས་ཕྱིན་ན་སྤྱི་ལེ་བརྒྱ་དང་གསུམ་བཞིའི་ས་ན་ཨོ་ཏནྟ་པཱུ་རི་ཡོད་པས་ས་ཁད་དེ་ཙམ་རིང་པོ་མིན་ཡང་། ལམ་དོག་ཅིང་རླངས་འཁོར་གྱི་འཚང་ཁ་ཤིན་ཏུ་ཆེ་བས་ཉུང་ཐ་ཡང་ཆུ་ཚོད་བཞི་ལྷག་འགོར་གྱི་འདུག ས་རྒྱུས་དང་སྐད་ཀྱིས་དཀའ་ངལ་མེད་མཁན་ཞིག་ཡིན་ན། འདིའི་རྒྱུད་ཡོངས་རྫོགས་ལ་མེ་འཁོར་གྱི་ལམ་ཁ་འདུག་པས་འགྲོ་གྲོན་དང་དུས་ཚོད་གང་ཅིའི་ཐད་ནས་མེ་འཁོར་རླངས་འཁོར་ལས་སྟབས་བདེ་བར་ཡོད་པ་གསལ་པོ་ཡིན།


གང་ལྟར་བྲག་རྡོ་དམར་སྐྱ་ལས་གྲུབ་པའི་དེའུ་འབུར་དེའི་སྟེང་དུ་ཕྱིན་པ་ན། གཡས་ངོས་སུ་གཙུག་ལག་ཁང་ལྟ་བུ་ཟླུམ་དབྱིབས་ཅན་ཞིག་འདུག་པ་ས་གནས་རྒྱ་གར་པ་ཚོས་མུ་སི་ལེམ་གྱི་ལྷ་ཁང་རེད་ཟེར་ཡང། ང་ཚོས་ཡིད་མ་ཆེས་པར་ལྟ་རུ་ཕྱིན་པས་ལྷ་ཁང་དེའི་སྒོ་ཆེན་གྱི་དཀྱིལ་ཐད་དུ་ཁ་ཆེའི་ཡི་གེ་རྡོ་བརྐོས་སུ་བྲིས་འདུག་པར་མ་ཟད། ནང་དུ་ཡང་ཁ་ཆེའི་ཡི་གེ་འཁོད་པའི་དར་ཆ་ལྗང་ཁུ་བཀབ་པའི་རོ་སྒམ་ལྟ་བུ་འགའ་ཤས་བརྩེགས་ནས་བཞག་འདུག་པ་ལྕགས་སྒོའི་དྲ་མིག་ལས་གསལ་པོ་མཐོང་། དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་གྱི་ཐང་མར། སྔ་མོ་དུ་རུ་ཁའི་དཔུང་དམག་གིས་ནང་པའི་དགོན་སྡེ་ཁག་བཅོམ་པའི་ཤུལ་དུ་ཁ་ཆེའི་ལྷ་ཁང་རེ་བཞེངས་པའི་ཚུལ་འཁོད་པ་ལྟར། ལྷ་ཁང་འདི་ཡང་དུས་རབས་བཅུ་གསུམ་པའི་ནང་ཏ་སིག་གི་དཔུང་དམག་དེ་ཚོས་བཞེངས་པའི་ལྷ་ཁང་རེ་ཡིན་ནམ་སྙམ། རྗེས་སུ་ཞིབ་ཏུ་ལྟ་བའི་སྐབས་ལྷ་ཁང་དེའི་མདུན་ཐད་ཀྱི་ར་སྐོར་ནང་དུ་རོ་སྒམ་ཡིན་ནམ་སྙམ་པའི་རྡོ་རྩིག་སྣར་མོ་ཅན་འགའ་ཤས་འདུག


ཁ་ཆེའི་ལྷ་ཁང་དེའི་གཡོན་ངོས་སུ་ནང་པའི་གཙུག་ལག་ཁང་གི་ཤུལ་རེད་ཟེར་བའི་ར་སྐོར་ཆུང་ངུ་ཞིག་འདུག་པར་སྐྱབས་འགྲོ་སེམས་བསྐྱེད་དང། ཚད་མེད་བཞི། ལམ་བརྒྱུད་གསོལ་འདེབས། རྟེན་འབྲེལ་བསྟོད་པ། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། ལམ་རིམ་སྨོན་ལམ་སོགས་བཏོན། དགེ་འདུན་ཆོས་འཕེལ་གྱིས་ཆག་ལོའི་རྣམ་ཐར་ནས་ལུང་འདྲེན་ཞུས་ཏེ། རི་འདི་ནི་ན་རོ་པའི་བཞུགས་གནས་ཕུ་ལ་ཧ་རི་བྱ་བ་དེ་ཡིན་པར་ཐེ་ཚོམ་མི་འདུག་ཅེས་གསུངས་པ་ལྟར་ན། ན་རོ་པ་སྤྱོད་པ་ལ་གཤེགས་པའི་རྗེས་གནས་འདིར་གཙོ་བོར་བཞུགས་པ་ཡིན་ནམ་སྙམ་ཞིང། བཤད་སྲོལ་ལ་ཨོ་ཏནྟའི་དགོན་གནས་འདི་སྔ་མོ་ནང་པའི་གསང་སྔགས་ཉམས་བཞེས་གཙོ་བོར་མཛད་པའི་སྒྲུབ་སྡེ་ཞིག་ཡིན་ཟེར་བ་དང་ཡང་མཐུན།

རུས་པའི་རྒྱན་ཅན་གྱི་མར་པའི་རྣམ་ཐར་ལས། ནཱ་རོ་པ་ཕེབས་སྒུག་གིས་མར་པ་ལོ་ཙ་བ་ནཱ་ལན་ཏྲར་བཞུགས་པ་ན་བང་ཆེན་འབྱོར་བས་དགེ་ཚུལ་ཤེས་རབ་སེངྒེ་དང་བསྡེབས་སྤང་ལྗོངས་མེ་ཏོག་གིས་བརྒྱན་པའི་གྲོང་ཁྱེར་རི་བོ་གསེར་གྱི་དགོན་པ་ཕུ་ལ་ཧ་རིར་ནཱ་རོ་པ་མཇལ་ཞེས་དང། དེ་བཞིན་མར་པ་ལོ་ཙ་བའི་རྣམ་ཐར་ལས། པུཥྤ་ཧ་རིར་ནཱ་རོ་པའི་དྲུང་དུ་ཆོས་གསན་ནས་ན་ལེནྡྲར་བྱོན་པས། ཁ་ཆེའི་པཎྜི་ཏ་ཤྲི་བྷ་དྲ་དང་མཇལ་ཞེས་དང། ཡང་མར་པའི་རྣམ་ཐར་ལས། བྱང་ཕྱོགས་ཕུ་ལ་ཧ་རིར་བྱོན། །དངོས་གྲུབ་ཅན་གྱི་དགོན་པ་རུ། །སྒོ་སྲུང་ནཱ་རོ་པཎ་ཆེན་ལ། །ཞེས་སོགས་གསུངས་པ་ལྟར་བོད་ཀྱི་བསྟན་པ་ལ་ཤིན་ཏུ་བཀའ་དྲིན་ཆེ་བའི་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱང་དགོན་གནས་འདིར་ཐེངས་འགའ་ཤས་ཕེབས་འདུག་ཅིང། ཁོང་གིས་པཎ་ཆེན་ན་རོ་པའི་དྲུང་ནས་གསང་སྔགས་ཀྱི་ཆོས་མང་པོ་ཞུས་པའི་གནས་ཀྱང་འདི་ཡིན་པར་སྣང་ཞིང། མཻ་ཏྲི་པ་ཡང་དགོན་གནས་འདི་ལ་བཞུགས་པ་རྣམ་ཐར་འགའ་ཤས་སུ་མཐོང་བ་གསལ་ལ་མ་གསལ་ཞིག་དྲན་གྱི་འདུག

མར་པ་ལོ་ཙཱ་བས་ནཱ་རོ་པ་བླ་མར་བསྟེན་ནས་ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་དུ་བཞུགས་པའི་སྐབས། རྒྱལ་རིགས་ཀྱི་པཎྜི་ཏ་ཞི་དུལ་ཅན་ཞིག་གྲུབ་ཆེན་ནཱ་རོ་བའི་དྲུང་དུ་ཡང་ཡང་ཆོས་ཞུ་བར་འོང་བ་གཟིགས་པ་ཕྱིས་བོད་ཉང་སྟོད་དུ་ཕེབས་དུས་ཁོང་ཇོ་བོ་རྗེ་དཔལ་ལྡན་མར་མེ་མཛད་ཡིན་པར་ངོ་ཤེས་པའི་སྐོར་མར་པའི་རྣམ་ཐར་དུ་གསལ་བ་ལྟར་ན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་གཉིས་གནས་འདིར་མཇལ་འཕྲད་ཐེངས་མང་བྱུང་འདུག་ལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སོགས་བིཀྲ་མ་ལ་ཤའི་གཙུག་ལག་ཁང་གི་མཁས་གྲུབ་མང་པོ་ཞིག་ཀྱང་ཨོ་ཏནྟ་པཱུ་རིའི་དགོན་གནས་འདིར་པཎ་ཆེན་ན་རོ་པ་སོགས་ཀྱི་དྲུང་དུ་ཆོས་ཞུ་བར་ཡང་ཡང་བཅར་གྱི་ཡོད་པ་ཡང་གསལ་པོར་རྟོགས་ཐུབ་པས། གནས་འདི་སྐྱེས་ཆེན་མང་པོ་ཞིག་གིས་ཞབས་བཅགས་ཤིང་བྱིན་གྱིས་བརླབས་པ་ཞིག་ཡིན་པ་ཐེ་ཚོམ་མ་མཆིས།

དགེ་འདུན་ཆོས་འཕེལ་གྱི་གནས་ཡིག་ཏུ་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ལས་ལུང་དྲངས་ཏེ། ཨོ་ཏནྟ་པཱུ་རིའི་དབྱིབས་ཀྱང་བོད་ཀྱི་ཕྱོགས་སུ་མགོ་གུག་པ་ལྟར་ཡོད་ཅེས་པ་ནི། རྣམ་ཐར་རང་གི་ཚིག་གསལ་པོ་དྲན་གྱི་མི་འདུག་ཀྱང། མར་པ་ལོ་ཙཱ་བས་མི་ལ་རས་པ་ལ་གནང་རྒྱུའི་གདམས་པ་ཁ་སྐོང་ཞིག་ཞུ་བའི་དོན་དུ་ཨོ་ཏནྟ་པཱུ་རིར་པཎ་ཆེན་ནཱ་རོ་པའི་དྲུང་དུ་བཅར། གདམས་པ་དེ་ཞུས་གྲུབ་ནས་ཕྱིར་བོད་དུ་ཕེབས་ཁར་མར་པས་ང་ལ་བོད་དུ་ཐོས་པ་དགའ་ཞེས་བྱ་བའི་སློབ་མ་ཞིག་ཡོད་ཅེས་ནཱ་རོ་པ་ལ་ཞུས་པ་ན། ནཱ་རོ་པཎ་ཆེན་གྱིས། བྱང་ཕྱོགས་མུན་པའི་སྨག་རུམ་ན། །གངས་ལ་ཉི་མ་ཤར་འདྲ་བ། །ཐོས་པ་དགའ་ཞེས་བྱ་བ་ཡི། །སྐྱེས་བུ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ་ཕྱག་གཉིས་ཐལ་མོ་སྦྱར་ནས་བོད་ཀྱི་ཕྱོགས་སུ་ཕྱག་འཚལ་བའི་སྟངས་ཀ་མཛད་པ་ན། ཡུལ་འདིའི་རི་དང་སྡོང་པོ་ཡོངས་རྫོགས་བོད་ཀྱི་ཕྱོགས་སུ་མགོ་གུག་པ་ལྟར་བྱུང་བའི་ཚུལ་རྣམ་ཐར་རང་དུ་གསལ་པོར་འཁོད་ཡོད། དོན་དངོས་སུ་རྒྱང་ནས་བལྟས་ན་རི་འདི་བོད་ཀྱི་ཕྱོགས་སུ་མགོ་གུག་པ་ལྟ་བུའི་སྣང་ཚུལ་ཞིག་འདུག


དགོན་ཤུལ་གྱི་བྲག་སྟེང་ནས་བལྟས་ན་མུ་མེད་པའི་གྲོང་ཁྱེར་ཆེན་པོ་ཞིག་མཐོང་བ་དེ་ནི་ཨོ་ཏནྟ་པཱུ་རི་སྟེ་འཕུར་བྱེད་ཀྱི་གྲོང་ཁྱེར་ཞེས་པ་ཡིན་ངེས་ཀྱང། དེང་སང་དགོན་པའི་འདབས་འབྲེལ་བར་དུ་རྒྱ་གར་པའི་གྲོང་སྡེ་ཆགས་འདུག་པ་ལ་བལྟས་ན། སྔ་མོ་གྲོང་སྡེ་ཆུང་ངུ་ཞིག་ཡིན་པ་ལ་དེ་ཕྱིས་སུ་རིམ་གྱིས་འཕེལ་རྒྱས་སུ་ཕྱིན་ཏེ་རྒྱ་ཆེན་པོར་གྱུར་པ་ལས་སྔོན་མ་ནས་འདི་ལྟར་རྒྱ་ཆེན་པོ་དང་དགོན་པ་དང་འདབས་འབྲེལ་ནས་ཡོད་པ་ཞིག་ཡིན་ཚོད་མི་འདུག དགོན་ཤུལ་གྱི་མཁར་ཆག་ཡོངས་རྫོགས་རྩྭས་ཁེངས་ཏེ་ལམ་རབ་རབ་ཙམ་ལས་མེད་པས། པཎ་ཆེན་ནཱ་རོ་པ་དང་མེ་ཏྲི་པ་སོགས་སྔོན་གྱི་གྲུབ་ཆེན་ཉི་མ་དང་ཟླ་བ་ལྟ་བུ་དེ་རྣམས་ཀྱི་གདན་ས་ལ་ཡང་འདི་ལྟ་བུའི་ལྷུང་བབ་ངན་པ་བྱུང་འདུག་སྙམ་ནས་ཡིད་ལ་སྐྱོ་སྣང་ཚད་མེད་པ་ཡོང་བ་ཞིག་འདུག

རྒྱལ་བ་དྲུག་པ་ཚངས་དབྱངས་རྒྱ་མཚོས། ང་གཅིག་པུ་རིམ་གྱིས་སོང་ནས་ཕུ་ལ་ཧ་རིའི་དགོན་པར་སླེབས། དེ་དུས་ང་ལ་རླུང་གི་ནུས་པ་དགའ་རབ་ཡོད་པས། མི་རང་ག་པ་ཞག་བདུན་གྱིས་འགྲོ་བའི་སར་ཉིན་གཅིག་ལ་འགྲོ་ཐུབ་པ་ཡོད། དེ་དུས་ཕུ་ལ་ཧ་རི་ན་པཎྜི་ཏ་ལྔ་བརྒྱ་ཚང་བ་བཞུགས་འདུག གསེར་སྲང་འགའ་ཡོད་པ་ཕུལ་ནས་མང་ཇ་གཅིག་བཏང་ནས་གཙུག་ལག་ཁང་ཐམས་ཅད་ལ་ཕྱག་བསྐོར་མང་དུ་བྱས་ཏེ། ཨུ་ཏཱ་ཞི་ཞིག་ལ་གནས་ཚང་གཡར་ནས་ཟླ་བ་དྲུག་གི་རིང་ལ་བདེ་མཆོག་དྲིལ་བུ་ལྷ་ལྔའི་སྒྲུབ་པ་ཉམས་སུ་བླངས་ནས་ཉིན་མཚན་འཁོར་མོ་ཡུག་ཏུ་བརྩོན་པ་བྱས་པས་ཉམས་རྟོགས་སོགས་དགའ་རབ་བྱུང། ཞེས་གསུངས་འདུག་ཀྱང། ཐུན་མོང་མ་ཡིན་པའི་དག་སྣང་ལ་དེ་ལྟར་བྱུང་བ་ཡོད་སྲིད་ཀྱང། ལོ་རྒྱུས་ཐུན་མོང་བའི་དབང་དུ་བྱས་ན་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་སྐུ་དུས་ཕྱི་ལོ་དུས་རབས་བཅུ་བདུན་པ་དང་བཅོ་བརྒྱད་པའི་ནང་གནས་འདི་མཁར་ཤུལ་སྟོང་པ་ཙམ་ཡོད་སྲིད་པ་ལས། པཎྜི་ཏ་ལྔ་བརྒྱ་བཞུགས་སའི་ནང་པའི་དགོན་སྡེ་རྒྱ་ཆེན་པོ་ཞིག་ཡོད་ཚོད་མི་འདུག་སྟེ། ཕྱི་ལོ་ ༡༢༠༡ ལོ་ཡས་མས་ནས་བཟུང་ནུབ་ཕྱོགས་ཏཱ་སིག་གི་ཡུལ་ནས་དུ་རུ་ཀའི་དམག་རྒྱ་གར་དུ་འོངས་ནས་ཤར་ཕྱོགས་དང་ལྷོ་ཕྱོགས་མ་གཏོགས། ནུབ་དང། བྱང། དབུས་བཅས་ཡོངས་རྫོགས་བཙན་བཟུང་བྱས་ཏེ་ནང་པའི་གཙུག་ལག་ཁང་གྲགས་ཅན་ན་ལེནྡྲ་དང། ཨོ་ཏནྟ་པཱུ་རི། བི་ཀཱ་མ་ལ་ཤཱི་ལ་སོགས་མང་དུ་བཅོམ་པར་བརྟེན་རྒྱ་གར་གྱི་པཎྜི་ཏ་དང་མཁས་པ་རྣམས་བོད་སོགས་ཡུལ་གྲུ་གཞན་དག་ཏུ་བྲོས་བྱོལ་དུ་ཕེབས་དགོས་བྱུང་བ་འདིས་གསལ་པོ་རྟོགས་ཐུབ། དེར་བརྟེན་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་གསང་རྣམ་དུ་འཁོད་པ་འདིར་ཞིབ་འཇུག་བྱ་དགོས།

རྩོམ་སྔ་མ།མཎྜལ་བརྟན་བཞུགས་དད་པའི་གསོས།
རྩོམ་རྗེས་མ།བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང།
རེ་མདོ་སེངྒེ།
ལོ་རྒྱུས་མཚམས་སྦྱོར། ཕྲན་གྱི་མིང་ལ་རེ་མདོ་སེངྒེ་(sangay)ཟེར་ཞིང༌། བོད་དུ་སློབ་ཆུང་ནས་མཐོ་འབྲིང་བར་དུ་ཕྱིན། དགོན་པར་ཞུགས་རྗེས་ཚད་མ་དང་ཕར་ཕྱིན་སོགས་ལ་སློབ་སྦྱོང་བྱས། རྒྱ་གར་དུ་འབྱོར་བའི་རྗེས་ཀིརྟིའི་མཐོ་རིམ་སློབ་གཉེར་ཁང་དུ་སློབ་སྦྱོང་བྱས། ཕྱིས་སུ་ཀིརྟིའི་མཐོ་སློབ་ཀྱི་སློབ་དཔོན་དང༌། སྤྱི་ཁྱབ་རྩོམ་སྒྲིག་པའི་ལས་འགན་འཁྱེར་བའི་རིང་དེབ་གྲངས་བཞི་བཅུ་ལྷག་རྩོམ་སྒྲིག་དང་དཔར་འགྲེམས་ཀྱི་རྐང་འགན་བླངས། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་གསུང་རྩོམ་ཕྱོགས་སྒྲིག་པའི་འགན་འཁྱེར་བའི་དུས་ཡུན་ནང་ཁོང་གི་གསུང་རྩོམ་དེབ་ཕྲེང་དགུ་བཅུ་གོ་གཉིས་དཔར་བསྐྲུན་ཟིན་ཡོད། གཉིས་པ། བརྩམས་ཆོས་དང་རྩོམ་དེབ་ངོ་སྤྲོད། ༡༽ བོད་ཀྱི་རྩོམ་རིག་མཐའ་དཔྱོད། ༢༽ བོད་ཀྱི་སྲོལ་རྒྱུན་རིག་གཞུང་གླེང་བའི་གཏམ། དེབ་འདི་གཉིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༠༥ ལོར་དཔར་འགྲེམས་བྱས། ༣༽ ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེའི་ངག་རྒྱུན་རྣམ་ཐར་ས་བོན་ཕྱོགས་བསྒྲིགས། ཀིརྟིའི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གིས་ཕྱི་ལོ་ ༢༠༠༧ ལོར་དཔར་འགྲེམས་བྱས། ༤༽ གྲུབ་མཐའི་རྣམ་བཤད། བོད་ཀྱི་དཔེ་མཛོད་ཁང་དང༌། དབུས་བོད་མིའིསྒྲིག་འཛུགས་ཀྱི་ཆོས་རིག་ལྷན་ཁང་གཉིས་ཀྱིས་ཕྱི་ལོ་ ༢༠༠༨ དང་ཕྱི་ལོ་ ༢༠༠༩ ལོ་སོ་སོར་དཔར་འགྲེམས་བྱས། ༥༽ བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ལོར་དཔར་འགྲེམས་བྱས། ༦༽ གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ། དབུས་བོད་མིའིསྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༦ ལོར་དཔར་འགྲེམས་བྱས་ཤིང། ཕྱི་ལོ་ ༢༠༡༧ ལོར་བོད་ནང་དུ་རྩོམ་པ་པོ་དཔེ་སྐྲུན་ཁང་གིས་དཔར་འགྲེམས་བྱས། ༧༽ བོད་ཀྱི་ཆབ་སྲིད་མི་སྣ་གྲགས་ཅན་གྱི་བྱུང་བ་བརྗོད་པ། དབུས་བོད་མིའིསྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༨ ལོར་དཔར་འགྲེམས་གནང་རྒྱུའི་ལས་འཆར་གྲས་སུ་ཡོད། དེ་བཞིན་དཔྱད་རྩོམ་དང༌། རྣམ་ཐར། ལོ་རྒྱུས། བརྒལ་ལན་བཅས་རྩོམ་ཡིག་བརྒྱ་ཕྲག་མ་ཟིན་ཙམ་སྤེལ་ཡོད་ལ། ཝར་ཎའི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང༌། ས་རཱ་བོད་ཀྱི་མཐོ་སློབ། ནོར་གླིང་བོད་ཀྱི་མཐོ་སློབ། ཀིརྟིའི་མཐོ་སློབ། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས། ས་སྐྱའི་མ་དགོན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས། ས་རཱ་གཞོན་ནུ་ཁག་སོགས་ཀྱིས་གོ་སྒྲིག་གནང་བའི་བགྲོ་གླེང་ཚོགས་འདུ་སོགས་སུ་སྔ་ཕྱིར་བརྗོད་གཞི་སྣ་ཚོགས་ཐོག་བགྲོ་གླེང་གཏམ་བཤད་ཞུས། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་བཅུ་བཞི་པ་གཉིས་ལ་ཞུགས་ཏེ་དཔྱད་རྩོམ་བགྲོ་སྦྱང་བྱས། གསུམ་པ། ད་ལྟའི་གནས་སྟངས། དེང་སྐབས་ཀིརྟིའི་མཐོ་སློབ་ཀྱི་རིག་གནས་སློབ་དཔོན་དང༌། ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེའི་གསུང་རྩོམ་ཕྱོགས་སྒྲིག་པ། དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཀློག་དེབ་རྩོམ་འབྲི། བོ་དོང་གསུང་རབ་ཞིབ་འཇུག་ཁང་གི་ལས་ཞོར་ཞིབ་འཇུག་པ། གཞིས་བྱེས་ཀིརྟིའི་དགོན་ཁག་གི་སྔོན་འགྲོའི་ནང་བསྟན་སློབ་གཉེར་ཁང་གི་སློབ་དེབ་བློ་གསལ་མགུལ་རྒྱན་རྩོམ་སྒྲིག་ཞབས་ཞུ་པ་བཅས་ཀྱི་ལས་འགན་འཁྱེར་མུས་ཡིན།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།