མདུན་ངོས། མྱོང་བྱང་། བི་ཀྲ་མ་ལ་ཤཱི...

བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང།

༡༥༥༩༣༦

༄༅།།བི་ཀྲ་མ་ལ་ཤཱི་ལ་ཞེས་པ་ནི་བོད་སྐད་དུ་ཚུལ་ཁྲིམས་ཀྱི་དྲི་ངད་ལྡང་བ་ཞེས་པའི་དོན་ཡིན་པ་དབྱངས་ཅན་དགའ་བློས་གསུངས་ཤིང། མཁྱེན་བརྩེ་ལོ་ཙཱ་བས། བི་ཀྲ་མ་ཤཱི་ལ་ཞེས་པ་རྣམ་པར་གནོན་པའི་ངང་ཚུལ་དུ་བསྒྱུར་དགོས་པ་ཡང་ གསུངས། གང་ལྟར་དགོན་གནས་འདི་ཐོག་མར་པཱ་ལའི་རྒྱལ་རྒྱུད་ཀྱི་ཆོས་རྒྱལ་ངྷརྨ་པཱ་ལའི་སྐུ་དུས་སུ་བཞེངས་པ་ཞིག་ཡིན་ལ། རྒྱལ་པོ་འདིས་རྒྱལ་སྲིད་ལོ་དྲུག་ཅུ་རྩ་བཞིར་བསྐྱངས་པའི་རིང་ཀཱ་མ་རཱུ་པ་དང། ཏི་རཱ་ཧུ་ཏི། གཽ་ཌ་ལ་སོགས་པ་ཡང་དབང་དུ་བསྡུས་པས་མངའ་ཐང་ཤར་དུ་རྒྱ་མཚོ་ལ་ཐུག་པའི་བར་དང། ནུབ་ཏུ་ཌི་ལི་ཚུན་ཆད། བྱང་དུ་ཛཱ་ལན་ངྷ་ར་མན་ཆད། ལྷོ་འབིགས་བྱེད་ཀྱི་ཁོངས་ཚུན་ཆད་ལ་དབང་བསྒྱུར་བས་མངའ་ཐང་ཤིན་ཏུ་ཆེ་བའི་རྒྱལ་པོ་སྙན་གྲགས་ཅན་ཞིག་ཡིན། ཆོས་རྒྱལ་ངྷརྨ་པཱ་ལས་སློབ་དཔོན་སེངྒེ་བཟང་པོ་དང། སློབ་དཔོན་ཡེ་ཤེས་ཞབས་སོགས་བླ་མར་བསྟེན། ཤེར་ཕྱིན་དང། དཔལ་གསང་བ་འདུས་པའི་བསྟན་པའི་འཕྲིན་ལས་རྒྱ་ཁྱབ་ཏུ་འཕེལ་བའི་བདག་རྐྱེན་མཛད།
བཤད་སྲོལ་ཞིག་ལ་སྔོན་གྱི་སྡེ་སྣོད་འཛིན་པ་སྨོན་ལམ་གྱི་མཐུ་གྲུབ་པ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟན་པ་སྤེལ་བའི་དོན་དུ་རྒྱལ་པོ་འདིའི་སྐྱེ་བ་བཞེས་པ་ཡིན་ཟེར་བ་ཡང་ཡོད། གང་ལྟར་ཡང་རྒྱལ་པོ་ངྷརྨ་པཱ་ལ་ནས་བཟུང་སྟེ་རྒྱ་གར་ཡུལ་དུ་ཤེར་ཕྱིན་གྱི་བསྟན་པ་ཤིན་ཏུ་དར་རྒྱས་ཆེ་བ་བྱུང། རྒྱལ་པོ་ངྷརྨ་པཱ་ལས་རྒྱ་གར་དི་ཆོས་གཞི་ལྔ་བཅུ་ཙམ་བཙུགས་པ་ལས། ཆོས་གཞི་སུམ་ཅུ་སོ་ལྔ་ཤེར་ཕྱིན་ལ་གཙོ་བོར་འཆད་ཉན་མཛད་པའི་ཆོས་གཞི་ཡིན་འདུག་ཅིང། ཁོང་གིས་གསང་འདུས་དང་ཕར་ཕྱིན་ཤེས་པའི་པཎྜི་ཏ་རྣམས་ལ་དམིགས་བསལ་ཆེ་མཐོང་ཞུས་ཏེ་གཞན་གྱི་གྲལ་མགོར་འཇོག་པ་སོགས་བྱུང་བར་གྲགས།
བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་འདི་ཡང་ཆོས་རྒྱལ་ངྷརྨ་པཱ་ལ་བྱ་བ་འདིའི་སྐུ་དུས་སུ་བཞེངས་པའི་ནང་པའི་དགོན་སྡེ་མཚན་སྙན་ཅན་ཞིག་ཡིན་པས། ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་དང་འདི་གཉིས་ལ་བཞེངས་པའི་དུས་ཚོད་ཀྱི་བར་ཁྱད་ཆེན་པོ་མེད་ཚོད། རགས་རྩིས་སུ་བྱས་ན་ཆོས་རྒྱལ་འདི་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་དུས་མཉམ་པས། ཕྱི་ལོ་དུས་རབས་བརྒྱད་པའི་ནང་མཛད་འཕྲིན་རྒྱས་པའི་པཱ་ལའི་རྒྱལ་རྒྱུད་ཀྱི་རྒྱལ་པོ་ཞིག་ཡིན་པ་ཤེས་ཐུབ།

བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་འདི་གནའ་སྔ་མོ་མ་ག་ངྷའི་བྱང་ངོས་ཆུ་བོ་གང་གཱའི་འགྲམ་གྱི་རི་དེའུ་ཞིག་གི་རྩེ་ལ་ཡོད་པ་དང། དགོན་པའི་དབུས་སུ་བྱང་ཆུབ་ཆེན་པོའི་སྐུ་ཚད་ཀྱི་ལྷ་ཁང། མཐའ་སྐོར་དུ་གསང་སྔགས་ནང་གི་ལྷ་ཁང་ཆུང་ངུ་ལྔ་བཅུ་ང་གསུམ། ལྷ་ཁང་དཀྱུས་མ་ལྔ་བཅུ་ང་བཞི་སྟེ་ལྷ་ཁང་བརྒྱ་རྩ་བརྒྱད་ཡོད་པ་ཕྱི་ལྕགས་རིས་བསྐོར་བ་བཞེངས། ཞེས་ཏཱ་ར་ན་ཐའི་རྒྱ་གར་ཆོས་འབྱུང་དུ་གསུངས་ཤིང། དགེ་འདུན་ཆོས་འཕེལ་གྱིས་ཀྱང། གངྒཱའི་ཆུ་དཀྱིལ་ན་བྲག་རི་ལྷ་ཁང་ཅན་ཞིག་ཡོད་པའི་ཚུར་ངོས་ཀྱི་ཆུ་འགྲམ་བྲག་རི་ཆུང་ངུ་ཞིག་ཡོད་ས་དེ་བི་ཀྲ་མ་ཤཱི་ལའི་དགོན་ཤུལ་ཡིན་ཞེས་གསུངས་འདུག་ཀྱང། ཡུལ་དངོས་ཀྱི་གནས་ཚུལ་ནི་དགོན་གནས་འདི་གྲོང་མཐའི་དབེན་པའི་ཐང་དཀྱིལ་ཞིག་ཏུ་ཆགས་འདུག་པ་མ་གཏོགས། འདིའི་ཉེ་འཁོར་དུ་དགོན་གནས་ཆགས་ཡུལ་ལྟ་བུའི་དེའུ་ཞིག་མཐོང་དུ་མ་མཆིས་པས། དུས་ཕྱིས་སུ་ས་ཁམས་ཀྱི་ཆབས་དབྱིབས་ལ་འགྱུར་བ་ཕྱིན་པ་ཡིན་ན་མ་གཏོགས། ཀུན་མཁྱེན་ཏཱ་ར་ན་ཐ་དང་དགེ་འདུན་ཆོས་འཕེལ་གྱི་གསུང་འདི་གཞི་གང་ལ་བཅོལ་ནས་གསུངས་པ་མ་ཤེས། ད་ལྟའི་དགོན་ཤུལ་འདི་དེའུ་ཞིག་གི་སྟེང་ན་ཡོད་པའི་རྣམ་པ་གཏན་ནས་མ་མཆིས།
དགེ་འདུན་ཆོས་འཕེལ་གྱི་གནས་ཡིག་ཏུ། གཱ་ཡ་ནས་ཀ་ལི་ཀ་ཏར་འགྲོ་བའི་ལམ་དུ་སུལ་ཏན་གན་ཇི་བྱ་བའི་གྲུ་ཟན་ལ་སླེབས། དེར་གོང་དང་ཉེ་བའི་གངྒཱའི་ཆུ་དཀྱིལ་ན་བྲག་རི་ལྷ་ཁང་ཅན་ཞིག་ཡོད་པའི་ཚུར་ངོས་ཀྱི་ཆུ་འགྲམ་བྲག་རི་ཆུང་ངུ་ཞིག་ཡོད་ས་དེ་བི་ཀྲ་མ་ཤཱི་ལའི་དགོན་ཤུལ་ཡིན་ཀྱང་ས་མ་བརྐོས་པས་ས་མིག་འདི་ཡིན་ད་དུང་མི་ཤེས། ཞེས་གསུངས་པ་ལྟར་ན། དགེ་འདུན་ཆོས་འཕེལ་གནས་འདིར་ཕེབས་པའི་སྐབས་ད་དུང་དགོན་ཤུལ་གྱི་ས་རོ་མ་བསལ་བས་གནས་འདི་ས་ཕུང་གི་དེའུ་ཞིག་གི་ཚུལ་དུ་ཡོད་སྲིད་ཀྱང། དེང་སྐབས་ས་རོ་ཕལ་ཆེར་བསལ་འདུག་པར་མ་ཟད། སྔོན་གྱི་གཙུག་ལག་ཁང་གི་མཁར་ཤུལ་རྣམས་མངོན་གསལ་འབུར་དོད་བྱས་འདུག་པས། དགོན་གནས་འདི་ཡང་སྔ་མོ་དཔལ་ན་ལེནྡྲ་ལྟ་བུའི་ཆོས་སྡེ་ཆེན་པོ་ཞིག་ཡིན་པ་ཚོད་དཔག་བྱེད་ཐུབ་པ་ཞིག་འདུག
རྡོ་རྗེ་གདན་ནས་འདི་བར་སྤྱི་ལེ་སུམ་བརྒྱ་དང་ལྔ་བཅུ་ཡས་མས་ཤིག་འདུག་པས་ང་ཚོ་དགོན་ཤུལ་འདིར་ཕྱི་དྲོ་ཆུ་ཚོད་གསུམ་པ་ཡོལ་ནས་མ་གཏོགས་སླེབས་མ་ཐུབ། དགོན་ཤུལ་འདིར་སླེབས་པའི་སྐབས་ཕྲན་ལྟ་བུའི་མ་དག་པའི་སྐྱེས་བུའི་སྣང་བ་ལ་མཁར་ཆག་ཅིག་ལས་གང་ཡང་མཐོང་དུ་མ་མཆིས་ཀྱང། སྔོན་མ་བཀའ་གདམས་ཕ་ཆོས་དང། བཀའ་གདམས་བུ་ཆོས། བཀའ་གདམས་ཆོས་འབྱུང། དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་གྱི་ཐང་མ་སོགས་གནས་འདི་དག་དང་འབྲེལ་བའི་ལོ་རྒྱུས་འཁོད་པ་རྣམས་ལན་དུ་མ་ལྟ་ཀློག་བྱེད་མྱོང་བས་ཡིན་ནམ། གང་ལྟར་མཁར་ཆག་དེ་དག་གི་ཁྲོད་ནས་སྔོན་བྱོན་དམ་པ་ཚོའི་བྱིན་རླབས་ཀྱི་མཚན་ཁ་མ་ཡལ་བར་གནས་པའི་ཡིད་ཆེས་བརྟན་ཙམ་ཡོད་པས། དགོན་ཤུལ་འདི་མཇལ་བའི་སྐབས་དད་པ་དང་སྐྱོ་སྣང་འདྲེས་མའི་ཚོར་བ་སྨྲ་མ་ཤེས་པ་ཞིག་རང་ཤུགས་ཀྱིས་བྱུང་།
བཀའ་གདམས་ཆོས་འབྱུང་དང་དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་གྱི་ཐང་མ་སོགས་སུ་གསལ་བ་ལྟར་ན། བོད་ཀྱི་ལོ་ཙཱ་བ་རྒྱ་གར་དུ་ཕེབས་མྱོང་བ་ཕལ་ཆེར་དགོན་གནས་འདིར་ཕེབས་ཏེ་གསན་བསམ་སློབ་གཉེར་མཛད་པ་ཡིན་ངེས་སྙམ་སྟེ། དཔལ་ན་ལེནྡྲ་སོགས་རྒྱ་གར་གྱི་ནང་པའི་ཆོས་སྡེ་གཞན་དག་ཏུ་བོད་ཀྱི་སྤྱི་ཁང་ཡོད་པའི་ལོ་རྒྱུས་མེད་ཀྱང། བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་བོད་ཀྱི་སློབ་གཉེར་པ་རྣམས་བཞུགས་སའི་སྤྱི་ཁང་ཞིག་ཡོད་པ་དང། བོད་ཀྱི་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་སྤྱི་ཁང་འདིར་བཞུགས་པ་གསལ་ཞིང། གུང་ཐང་ཚུལ་ཁྲིམས་རྒྱལ་བ་ཡང་ཇོ་བོ་རྗེ་གདན་འདྲེན་པར་ཕེབས་པའི་སྐབས་སྤྱི་ཁང་དེར་བཞུགས་པའི་ཚུལ་གསལ་པོ་འཁོད་པར་མ་ཟད། ནག་ཚོ་ལོ་ཙཱ་བ་གུང་ཐང་ཚུལ་ཁྲིམས་རྒྱལ་བས་གནས་འདིར་བོད་ཀྱི་བསྟན་པ་དང་སྐྱེ་འགྲོའི་དོན་དུ། ཇོ་བོ་རྗེའི་སྐུ་དྲུང་དུ་མིག་ཆུ་འདོན་བཞིན་བོད་དུ་འབྱོན་པའི་ཞུ་བ་ཕུལ་བའི་ལོ་རྒྱུས་ལ་བསམས་ན། བཀའ་དྲིན་གཞལ་མེད་ཀྱི་ལོ་ཙཱ་བ་ཞིག་ཡིན་པའི་ངེས་པ་གཏིང་ནས་འབྱུང་ངེས།
དེང་སང་གནའ་སྔ་མོའི་བོད་ཀྱི་སྤྱི་ཁང་དེའི་ཤུལ་གང་དུ་ཡིན་པ་ཤེས་མཁན་ཡོད་མི་སྲིད་ཀྱང། མཁར་ཤུལ་འདིར་སྔ་མོའི་བོད་ཀྱི་ལོ་ཙཱ་བ་བཀའ་དྲིན་ཅན་དེ་ཚོ་བཞུགས་སའི་བོད་ཀྱི་སྤྱི་ཁང་ཞིག་ཡོད་སྙམ་པ་ཡིད་ལ་དྲན་ན་སེམས་ལ་སྤོབས་པ་ཞིག་ཀྱང་རང་བཞིན་གྱིས་ཡོང་བ་འདུག ཡོངས་གྲགས་ཀྱི་ལོ་རྒྱུས་ལྟར་ན་བསྟན་པ་སྔ་དར་གྱི་སྐབས་སུ་བོད་ལ་ལོ་ཙཱ་བ་ལྔ་བཅུ་ང་བརྒྱད་དང། བསྟན་པ་ཕྱི་དར་གྱི་སྐབས་སུ་ལོ་ཙཱ་བ་རིན་ཆེན་བཟང་པོ་ནས་ཀུན་མཁྱེན་ཏཱ་ར་ན་ཐའི་བར་ལོ་ཙཱ་བ་བརྒྱ་དང་ལྔ་བཅུ་ང་བདུན་ཕེབས་ཡོད། བསྟན་པ་ཕྱི་དར་སྐབས་ཀྱི་ལོ་ཙཱ་བརྒྱ་དང་ལྔ་བཅུ་ང་བདུན་ལས་མང་ཆེ་བ་བོད་སིལ་བུའི་དུས་སྐབས་ཏེ་ཕྱི་ལོ་དུས་རབས་བཅུ་པ་ནས་བཅུ་གསུམ་པའི་བར་བྱོན་པ་ཤ་སྟག་ཡིན། དེ་ལྟར་ན་དུས་རབས་བཅུ་གསུམ་པ་ཡན་ཆོད་དུ་བོད་ཀྱི་ལོ་ཙཱ་བ་ཉིས་བརྒྱ་ལྷག་བྱོན་པ་མང་ཆེ་བ་དགོན་གནས་འདིར་ཕེབས་མྱོང་བ་ས་སྟག་ཡིན་པ་རང་བཞིན་གྱིས་ཚོད་དཔག་བྱེད་ཐུབ།
དེ་ཙམ་མ་ཟད་བོད་ཀྱི་བསྟན་པ་དང་སྐྱེ་འགྲོ་ལ་ཤིན་ཏུ་བཀའ་དྲིན་ཆེ་བའི་ཇོ་བོ་རྗེ་དཔལ་མར་མེ་མཛད་ཀྱི་གདན་ས་གཙོ་བོ་ཡང་དགོན་གནས་འདི་ཡིན་ལ། གཞན་ཡང་ཨ་ཏིའི་བླ་མ་སློབ་དཔོན་ཤནྟི་པ་དང། པཎ་ཆེན་ནཱ་རོ་པ། ཌོམྦྷི་པ། མར་མེ་མཛད་བཟང་པོ། ཨ་ཝ་ངྷུ་ཏི་པ། བྱང་ཆུབ་བཟང་པོ། རིན་ཆེན་བཟང་པོ། རིན་ཆེན་རྡོ་རྗེ། ལྷའི་བློ་གྲོས། ངག་དབང་གྲགས་པ། ཛེ་ཏ་རི་དགྲ་ལས་རྣམ་པར་རྒྱལ་བ། རོལ་པའི་རྡོ་རྗེ། ས་འགེབས་པའི་ཞབས། ཡེ་ཤེས་གསང་བ། ཆོས་ཀྱི་བཤེས་གཉེན། ཚུལ་ཁྲིམས་དབང་པོ་སོགས་ཇོ་བོ་རྗེ་དང་སྐུ་ཐོག་མཉམ་པ་རྐྱང་པར་མཚོན་ན་པཎྜི་ཏ་བསམ་གྱིས་མི་ཁྱབ་པ་ལྔ་བཅུ་རྩ་གཉིས་ཡོད་པ་རྣམས་ཀྱིས་ཀྱང་དགོན་གནས་འདི་གདན་སར་མཛད་དེ་བསྟན་འགྲོའི་དོན་བསྐྱངས་ནས་བཞུགས་ཡོད།
འདི་ལྟ་བུའི་རྒྱ་གར་གྱི་པཎྜི་ཏ་དང་བོད་ཀྱི་ལོ་ཙཱ་བ་རི་འདྲ་བྲག་འདྲ་མང་པོས་བསྟན་པ་ལ་བྱ་བ་མཛད་ནས་བཞུགས་པས། དད་པ་ཅན་ཞིག་ལ་མཚོན་ན་གནས་འདི་ཅི་ཙམ་བྱིན་རླབས་ཆེན་པོ་ཡིན་པ་བཤད་མ་དགོས་ལ། ལོ་རྒྱུས་དང་ཤེས་རིག་གི་རིན་ཐང་ངོས་ནས་བལྟས་ན་ཡང། གནས་འདི་ནས་འཛམ་གླིང་ཀུན་ཁྱབ་ཏུ་ཤེས་རབ་དང་བྱམས་བརྩེའི་འོད་སྣང་ཟམ་མ་ཆད་པར་སྤྲོ་བཞིན་པའི་ངང་ཚུལ་འདི་ལགས་ན། མཁར་ཤུལ་འདི་གྱང་གོད་དུ་ཕྱིན་པའི་མཁར་ཤུལ་སྤྱི་བཏང་བ་ཞིག་གཏན་ནས་མིན་པའི་གནས་ལུགས་ཤེས་ཐུབ། ཆོས་ལུགས་དང་ལོ་རྒྱུས་ཀྱི་རིན་ཐང་ནས་མངོན་པའི་གལ་འགངས་ཅན་གྱི་དོན་གནད་འདི་དག་ཇི་བཞིན་རྟོགས་ཐུབ་ན། གནས་འདི་དག་ལ་མཇལ་སྐོར་དུ་བསྐྱོད་འདོད་པའི་འདུན་པ་ལྡོག་མེད་ཅིག་རང་བཞིན་གྱིས་ཡོང་ངེས་སྙམ་ཡང། ས་ཕྱོགས་འདིར་སླེབས་པའི་བོད་པ་གནས་སྐོར་བ་རེ་རེ་ཙམ་ཡོད་ན་མ་གཏོགས་ཤིན་ཏུ་དཀོན་པའི་ཚོད་དུ་མཆིས་ཏེ། གནས་དེའི་རྒྱ་གར་པ་རྣམས་ཀྱིས་ང་ཚོ་མཐོང་བའི་སྐབས་འཇིག་རྟེན་གཞན་པའི་མི་ཞིག་མཐོང་བ་ལྟ་བུའི་ཡ་མཚར་མཚར་བྱེད་པ་དང་མཉམ་དུ། སྐྱེ་བོ་ཕོ་མོ་མཆོག་དམན་ཀུན་གྱིས་ང་ཚོར་མཉམ་པར་ལེན་དགོས་པའི་རེ་འདུན་བྱེད་ཀྱི་འདུག

སྔོན་གྱི་གཙུག་ལག་ཁང་གཙོ་བོ་ཡིན་ནམ་སྙམ་པའི་དྲུང་དུ་ང་ཚོས་སྐྱབས་འགྲོ་སེམས་བསྐྱེད་དང། ཚད་མེད་བཞི། བླ་བརྒྱུད་གསོལ་འདེབས། རྟེན་འབྲེལ་བསྟོད་པ། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། ལམ་རིམ་སྨོན་ལམ་བཅས་བཏོན། ཐུབ་གསུང་ཟབ་རྒྱས་བཀའ་སྲོལ་མ་ལུས་པ། །སྐྱེས་བུ་གསུམ་གྱི་ལམ་དུ་འདོམས་མཛད་དེ། །གངས་ལྗོངས་ཐུབ་བསྟན་སྤེལ་བའི་དྲིན་ཅན་རྗེ། །ཇོ་བོ་ཨ་ཏི་ཤ་ལ་གསོལ་བ་འདེབས། །ཞེས་པ་འདོན་པའི་སྐབས་བཀའ་དྲིན་རྗེས་དྲན་གྱི་ངེས་ཤེས་ཚིག་གིས་དྲངས་པ་ཞིག་བྱུང།
གནས་འདི་ནས་ཕྱིར་བྷོ་ངྷི་གྷ་ཡའི་ཕྱོགས་སུ་ཡོང་བའི་སྤྱི་ལེ་ལྔ་བཅུའི་མཚམས་ན་བྷང་གལ་ཕུར་ཞེས་པའི་གྲོང་ཁྱེར་ཞིག་འདུག་ཅིང། གྲོང་ཁྱེར་དེ་ནི་སྔོན་གྱི་བྷངྒ་ལའི་རྒྱལ་ཁབ་ཅེས་པ་དེ་ཡིན་ཞེས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསལ་པོར་གསུངས་ཡོད། བོད་དུ་རབ་བྱུང་ངུར་སྨྲིག་གི་སྡེའི་སྲོལ་ཐོག་མར་གཏོད་པར་མཛད་པའི་སློབ་དཔོན་ཞི་བ་འཚོའི་འཁྲུངས་ཡུལ་ད་ལྟའི་བྷང་གལ་པུར་ཞེས་པ་འདི་ཡིན་ལ། ཇོ་བོ་རྗེ་དཔལ་མར་མེ་མཛད་ཀྱི་འཁྲུངས་ཡུལ་བྷངྒ་ལའམ་ཟ་ཧོར་ཞེས་པའི་གནས་དེ་ཡང་འདི་ཡིན་ངེས་ཏེ། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་མཛད་པའི་བསྟོད་པ་བརྒྱད་ཅུ་པ་ལས། ཤར་ཕྱོགས་ཟ་ཧོར་ཡུལ་མཆོག་ན། །དེ་ན་གྲོང་ཁྱེར་ཆེན་པོ་ཡོད། །བི་ཀྲ་མ་ནི་པཱུ་ར་ཡིན། །དེ་ཡི་དབུས་ན་རྒྱལ་པོའི་ཁབ། །ཕོ་བྲང་ཤིན་ཏུ་ཡངས་པ་ཡོད། །ཞེས་སོགས་གསུངས་པ་ལྟར་ལགས་ཤིང། གྲོང་ཁྱེར་དེ་དང་ཉེ་བའི་སར་ཟ་ཧོར་རྒྱལ་པོའི་སྔོན་གྱི་ཕོ་བྲང་གི་ཤུལ་སོགས་ཡོད་སྐད་འདུག ཆོས་རྒྱལ་ངྷརྨ་པཱ་ལས་རྒྱལ་སྲིད་བསྐྱངས་པའི་སྐབས། གྲུབ་པའི་སློབ་དཔོན་ཀུ་ཀུ་རི་པ་ཡང་བྷྃ་ག་ལ་བྱ་བ་སྟེ་ད་ལྟའི་བྷང་གལ་པུར་ཞེས་པའི་ཡུལ་དུ་འགྲོ་བའི་དོན་མཛད་ནས་ཡོད་པའི་སྐོར་ཀུན་མཁྱེན་ཏཱ་ར་ན་ཐས་རྒྱ་གར་ཆོས་འབྱུང་དུ་གསུངས།
བྷང་གལ་པུར་དུ་ང་ཚོ་ཞག་སྡོད་བྱས་ཀྱང། འདི་གྲོང་ཁྱེར་སྤྱི་བཏང་བ་ཞིག་ལས་དེ་ཙམ་ཆེན་པོ་ཡིན་པའི་ཚོར་སྣང་མ་བྱུང། ཆུ་བོ་གངྒཱ་བྷང་གལ་པུར་ཞེས་པའི་གྲོང་ཁྱེར་འདིའི་ཉེ་འགྲམ་རྒྱུད་ནས་རྒྱ་མཚོར་འབབ་བཞིན་མཆིས། ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡༡ ཚེས་ ༢༢ ཉིན་གནས་མཆོག་མཆོག་རྡོ་རྗེ་གདན་གྱི་ཀིརྟིའི་མགྲོན་ཁང་དུ་བྲིས།

རྩོམ་སྔ་མ།ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང།
རྩོམ་རྗེས་མ།གླིང་མེ་དང་བག་ཐུག དགེ་སྐུལ།
རེ་མདོ་སེངྒེ།
ལོ་རྒྱུས་མཚམས་སྦྱོར། ཕྲན་གྱི་མིང་ལ་རེ་མདོ་སེངྒེ་(sangay)ཟེར་ཞིང༌། བོད་དུ་སློབ་ཆུང་ནས་མཐོ་འབྲིང་བར་དུ་ཕྱིན། དགོན་པར་ཞུགས་རྗེས་ཚད་མ་དང་ཕར་ཕྱིན་སོགས་ལ་སློབ་སྦྱོང་བྱས། རྒྱ་གར་དུ་འབྱོར་བའི་རྗེས་ཀིརྟིའི་མཐོ་རིམ་སློབ་གཉེར་ཁང་དུ་སློབ་སྦྱོང་བྱས། ཕྱིས་སུ་ཀིརྟིའི་མཐོ་སློབ་ཀྱི་སློབ་དཔོན་དང༌། སྤྱི་ཁྱབ་རྩོམ་སྒྲིག་པའི་ལས་འགན་འཁྱེར་བའི་རིང་དེབ་གྲངས་བཞི་བཅུ་ལྷག་རྩོམ་སྒྲིག་དང་དཔར་འགྲེམས་ཀྱི་རྐང་འགན་བླངས། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་གསུང་རྩོམ་ཕྱོགས་སྒྲིག་པའི་འགན་འཁྱེར་བའི་དུས་ཡུན་ནང་ཁོང་གི་གསུང་རྩོམ་དེབ་ཕྲེང་དགུ་བཅུ་གོ་གཉིས་དཔར་བསྐྲུན་ཟིན་ཡོད། གཉིས་པ། བརྩམས་ཆོས་དང་རྩོམ་དེབ་ངོ་སྤྲོད། ༡༽ བོད་ཀྱི་རྩོམ་རིག་མཐའ་དཔྱོད། ༢༽ བོད་ཀྱི་སྲོལ་རྒྱུན་རིག་གཞུང་གླེང་བའི་གཏམ། དེབ་འདི་གཉིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༠༥ ལོར་དཔར་འགྲེམས་བྱས། ༣༽ ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེའི་ངག་རྒྱུན་རྣམ་ཐར་ས་བོན་ཕྱོགས་བསྒྲིགས། ཀིརྟིའི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གིས་ཕྱི་ལོ་ ༢༠༠༧ ལོར་དཔར་འགྲེམས་བྱས། ༤༽ གྲུབ་མཐའི་རྣམ་བཤད། བོད་ཀྱི་དཔེ་མཛོད་ཁང་དང༌། དབུས་བོད་མིའིསྒྲིག་འཛུགས་ཀྱི་ཆོས་རིག་ལྷན་ཁང་གཉིས་ཀྱིས་ཕྱི་ལོ་ ༢༠༠༨ དང་ཕྱི་ལོ་ ༢༠༠༩ ལོ་སོ་སོར་དཔར་འགྲེམས་བྱས། ༥༽ བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ལོར་དཔར་འགྲེམས་བྱས། ༦༽ གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ། དབུས་བོད་མིའིསྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༦ ལོར་དཔར་འགྲེམས་བྱས་ཤིང། ཕྱི་ལོ་ ༢༠༡༧ ལོར་བོད་ནང་དུ་རྩོམ་པ་པོ་དཔེ་སྐྲུན་ཁང་གིས་དཔར་འགྲེམས་བྱས། ༧༽ བོད་ཀྱི་ཆབ་སྲིད་མི་སྣ་གྲགས་ཅན་གྱི་བྱུང་བ་བརྗོད་པ། དབུས་བོད་མིའིསྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༨ ལོར་དཔར་འགྲེམས་གནང་རྒྱུའི་ལས་འཆར་གྲས་སུ་ཡོད། དེ་བཞིན་དཔྱད་རྩོམ་དང༌། རྣམ་ཐར། ལོ་རྒྱུས། བརྒལ་ལན་བཅས་རྩོམ་ཡིག་བརྒྱ་ཕྲག་མ་ཟིན་ཙམ་སྤེལ་ཡོད་ལ། ཝར་ཎའི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང༌། ས་རཱ་བོད་ཀྱི་མཐོ་སློབ། ནོར་གླིང་བོད་ཀྱི་མཐོ་སློབ། ཀིརྟིའི་མཐོ་སློབ། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས། ས་སྐྱའི་མ་དགོན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས། ས་རཱ་གཞོན་ནུ་ཁག་སོགས་ཀྱིས་གོ་སྒྲིག་གནང་བའི་བགྲོ་གླེང་ཚོགས་འདུ་སོགས་སུ་སྔ་ཕྱིར་བརྗོད་གཞི་སྣ་ཚོགས་ཐོག་བགྲོ་གླེང་གཏམ་བཤད་ཞུས། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་བཅུ་བཞི་པ་གཉིས་ལ་ཞུགས་ཏེ་དཔྱད་རྩོམ་བགྲོ་སྦྱང་བྱས། གསུམ་པ། ད་ལྟའི་གནས་སྟངས། དེང་སྐབས་ཀིརྟིའི་མཐོ་སློབ་ཀྱི་རིག་གནས་སློབ་དཔོན་དང༌། ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེའི་གསུང་རྩོམ་ཕྱོགས་སྒྲིག་པ། དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཀློག་དེབ་རྩོམ་འབྲི། བོ་དོང་གསུང་རབ་ཞིབ་འཇུག་ཁང་གི་ལས་ཞོར་ཞིབ་འཇུག་པ། གཞིས་བྱེས་ཀིརྟིའི་དགོན་ཁག་གི་སྔོན་འགྲོའི་ནང་བསྟན་སློབ་གཉེར་ཁང་གི་སློབ་དེབ་བློ་གསལ་མགུལ་རྒྱན་རྩོམ་སྒྲིག་ཞབས་ཞུ་པ་བཅས་ཀྱི་ལས་འགན་འཁྱེར་མུས་ཡིན།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།