མདུན་ངོས། རྒྱུན་ཤེས། གླིང་མེ་དང་བག...

གླིང་མེ་དང་བག་ཐུག དགེ་སྐུལ།

༡༦༣༧༨༤

དེ་རིང་དགའ་ལྡན་ལྔ་མཆོད་རེད། ང་བྱིས་པ་ཡིན་དུས། “དགའ་ལྡན་ལྔ་མཆོད་ཐོག་ཁའི་རྩེ་ལ་ཡོད།། ཐུག་པ་བག་ཐུག་ཐབ་ཀྱོག་སྒང་ལ་ཡོད།།”ཅེས་པའི་ཚིག་བཅད་རྐང་པ་གཉིས་དེ། གྲོང་ཚོའི་ནང་གི་བྱིས་པ་ཚོས་ཞོགས་པ་ནས་དབྱངས་དང་བཅས་ཏེ་འདོན་གྱི་རེད། དེ་ནི་དེ་ཉིན་དགའ་ལྡན་ལྔ་མཆོད་རེད་ཅེས་དྲིལ་བསྒྲགས་བྱེད་པ་དང་འདྲ།

ཀ) གླིང་མེ།

གོང་གི་ཚིག་བཅད་རྐང་པ་གཉིས་ཀྱིས་དགའ་ལྡན་ལྔ་མཆོད་ཀྱི་བྱེད་སྒོ་གལ་ཆེ་ཤོས་གཉིས་ཏེ། ཁང་ཐོག་ཏུ་“མཆོད་མེ”སྦར་བ་དང་། ཁྱིམ་ཚང་རེའི་ཐབ་ཚང་དུ་“བག་ཐུག”བསྐོལ་བ་གཉིས་ཧ་ཅང་སྙན་འཇེབས་ལྡན་པའི་ངང་བསྟན་པ་རེད། ངའི་ཕ་ཡུལ་དུ་བཞི་མཆོད་དང་ལྔ་མཆོད་གཉིས་ཀར་ཁྱིམ་ཚང་སོ་སོའི་ཁང་ཐོག་གི་གོང་འཕྱོང་(ཁང་སྟེང་གི་ཕྱོགས་ཡོངས་བསྐོར་བའི་ར་བ)སྒང་ལ་མཆོད་མེ་འབུལ་དགོས་ཤིང་། བཞི་མཆོད་ཀྱི་དགོང་མོའི་མཆོད་མེ་བཞེས་སྟོབས་ཆེ་ཆུང་ལ་གཞིགས་ཏེ་སྒོ་ཟོག་སེམས་ཅན་གྱི་འཕེལ་ཁ་དང་གོད་ཁར་བརྟག་པ་བྱེད་པ་དང་། ལྔ་མཆོད་ཀྱི་མཆོད་མེའི་བཞེས་སྟོབས་ཆེ་ཆུང་ལས་ལོ་ཏོག་དང་ནད་མུག་ཡོང་མིན་བརྟག་པ་བྱེད། ཁྱིམ་ཚང་སོ་སོས་དེ་ལྟར་མཆོད་མེ་ཕུལ་ཏེ་གྲོང་ཚོའི་གླིང་ཡོངས་ཁྱབ་པར་བྱེད་པས། ལོ་རྒྱུས་ཐོག་དེ་ལ་“གླིང་མེ་”སྤོར་བའི་ཐ་སྙད་ཆགས་ཡོད།

སྔོན་གྱི་གླིང་མེའི་རྣམ་པ་གང་འདྲ་ཞིག་ཡོད་དམ་སྙམ་ན། ༸རྒྱལ་དབང་ལྔ་པ་ཆེན་པོའི་རྣམ་ཐར་ནང་། གང་ཉིད་གཙང་ཁུལ་དུ་ཕེབས་སྐབས་ཀྱི་གཟིགས་ཚུལ་གསུངས་པའི་ནང་“དེ་ནུབ་ལྔ་མཆོད་ཆེན་མོ་དང་འགྲིག །ཡས་མས་ཐམས་ཅད་གླིང་མེ་སྐར་ཚོགས་ལྟར་བཀྲ་བས་རྟེན་འབྲེལ་ལེགས་པ་བྱུང”ཞེས་གསུངས་པས་ཟུར་ཙམ་མཁྱེན་ཐུབ་ཅིང་། དེ་མིན་ཞབས་དཀར་ཚོགས་དྲུག་རང་གྲོལ་གསུང་འབུམ་ནང་“དེ་དུས་མདོ་སྨད་ནས་ཚ་པོ་དཀར་དྲིས་དང་ཚེ་མགོན་ཚུལ་ཁྲིམས་སོགས་མང་པོ་ཞིག་འོངས་པ་རྗེས་སུ་བཟུང་ནས་དབང་དང་གདམས་པ་བྱིན། སློབ་མ་བུ་ཆེན་རྣམས་དགོན་པའི་ནང་དུ་བཞུགས། གྲྭ་བཙུན་ཕལ་ཆེ་བ་ཞིག་གིས་བྲག་དང་ཕ་བོང་ཆེན་པོ་མང་པོའི་རྩ་བ་ནས་འདུག་ས་ཆུང་ཆུང་རེ་བཅོས་ཏེ་རི་དྭགས་བཞིན་དུ་བསྡད།
བཅུ་བའི་ལྔ་མཆོད་ཀྱི་གླིང་མེ་སྦར་དུས་རི་ངོས་ཀྱི་ཕ་བོང་ཆེན་པོ་ཐམས་ཅད་ཀྱི་སྟེང་ནས་ཀུན་གྱིས་མར་མེ་མང་པོ་སྦར་བས། དཔེར་ན་ནམ་མཁའ་ལ་སྐར་མ་ཤར་བ་བཞིན་རི་ཡི་ངོས་ཐམས་ཅད་རེ་ཞིག་གི་བར་དུ་མར་མེ་ཁྲ་ཆེམ་མེ་གང་བ་ལྷ་ལྡན་གྱི་དད་ཅན་རྣམས་ཀྱིས་མཐོང་བས་རྗེས་སུ་ཡི་རང་བ་བྱུང་། བྱིས་པ་རྣམས་ཀྱིས་ཡ་གི་ལ་ལྟོས་ཞེས་ངོ་མཚར་བར་གྱུར།” ཞེས་འཁོད་ཡོད། (ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ། པོད་གྲངས། ༡ ལྡེབ་གྲངས། ༩༦༢ ལ་གསལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢)

ཁ) བག་ཐུག

ལྔ་མཆོད་ཀྱི་དགོང་མོར་བག་ཐུག་འཐུང་གི་ཡོད། བག་ནི་བག་ཕྱེས་བཟོས་པའི་རིལ་བུའི་བསྡུས་མིང་དང་། ཐུག་ནི་ཐུག་པའི་བསྡུས་མིང་རེད། སྤྱིར་བཏང་“ཐུག་པ་”ནི་ཤ་སོགས་ཟས་རགས་པ་དང་ཆང་དང་ཆུ་སོགས་བཏུང་བ་གཉིས་ཀྱི་བར་མ་དེང་སང་དབྱིན་སྐད་དུ་ soup ཞེས་པ་དེར་གོ་དགོས་པ་དཔེར་ན་འདུལ་བ་ལས། །“ཆུ་དང་བཅའ་བ་རྣམས་དང་ཡང། །ཐུག་པ་དག་དང་བཟའ་བའི་རྣམས། །”ཞེས་དང་། མདོ་སྡེ་ལས། “འགྲོན་པོ་ནགས་ཁུང་དུ་དོང་བ་རྣམས་ཀྱི་ཕྱིར་ཟས་དང་ཐུག་པ་དང་། ཆུ་དག་ཁྱེར་རོ། །”(མདོ་སྡེ། ར། བཀའ་འགྱུར་དཔེ་བསྡུར་མ། པོད་ ༦༩ ཤོག་གྲངས་ ༢༨ ལ་གསལ།)ཞེས་གསུངས་པས་ཤེས་ནུས། བག་ཕྱེ་ནི་ནས་ཕྱེར་གོ་བའི་སྐབས་ཡོད་ཀྱང་སྤྱིར་བཏང་གྲོ་ཕྱེར་གོ། བག་ཕྱེ་བརྫིས་ཏེ་རིལ་བུར་བཟོས་པ་ལས་བག་རིལ་ཟེར་ཞིང་།
རིལ་བུ་བཟོ་སྟངས་ཀྱི་ཆ་ནས་མིང་མ་འདྲ་བ་ཁ་ཤས་ཡོད་པ་སྟེ། དབྱིབས་འགྲོན་བུ་ལྟར་བཟོས་པ་ལ་“སོག་ཐུག་”ཟེར་ཞིང་ནམ་རྒྱུན་དགའ་དགའ་སྐྱིད་སྐྱིད་སྐབས་དབྱིབས་འདི་བཟོ། སྨན་གྱི་རིལ་བུ་ལྟར་འདྲིལ་བར་“མྱང་ཐུག་”ཟེར་ཞིང་། མི་ཤི་གོད་ཆག་བྱུང་སྐབས་མྱ་ངན་གྱི་ཟས་ལྟ་བུར་དབྱིབས་འདི་བཟོ། ངའི་ཕ་ཡུལ་དུ་མི་ཚང་གཅིག་ལ་མི་ཤི་གོད་ཆག་བྱུང་ཚེ། མཆོད་མེའི་ཞལ་འདེབས་འབུལ་བར་འགྲོ་དགོས་ཤིང་། དེ་དུས་ཁྱིམ་ཚང་དེས་ཞལ་འདེབས་འབུལ་མཁན་ཚང་མར་“མྱང་ཐུག”དང་“སྡུག་ཇ”སྟེར་ངེས་པས། གདུང་སེམས་མཉམ་སྐྱེད་ཀྱི་མཚོན་དོན་དུ་ཚང་མས་ངེས་པར་འཐུང་གི་རེད།
དགའ་ལྡན་ལྔ་མཆོད་ཀྱི་བག་རིལ་གྱི་དབྱིབས་འདི་རང་བཟོ། ཡང་བག་རིལ་རིལ་བུ་ལྟར་ངོས་འཇམ་པ་མིན་པར། ཅུང་ཟད་འབུར་ཁ་ཡོད་པ་ཞིག་འདྲིལ་བ་དེར་“དགུ་རྩེ་ར་ཐུག”ཟེར་ཞིང་། ལོ་གསར་གྱི་དགུ་ཐུག་སྐབས་སུ་དབྱིབས་འདི་བཟོ། ཕལ་ཆེར་དབྱིབས་འདི་དང་དགུ་ཐུག་གི་རྫས་ཆ་རྣམས་ནང་པའི་གསང་སྔགས་ཀྱི་གཞུང་ལས་གསུངས་པའི་ཞི་རྒྱས་དབང་དྲག་གི་ལས་བཞི་ལས། གཏོར་ཟོར་འཕེན་པ་སོགས་དྲག་ལས་དང་འབྲེལ་བ་ཡོད་པ་འདྲ་སྙམ།

བག་ཐུག་ནི་བག་རིལ་དང་ལ་ཕུག ཐུག་རྡོར་ཤ་དང་ཕྱུར་བ་སོགས་ལས་གྲུབ་པས་བཅུད་ཆེ་ཞིང་། གནམ་གཤིས་གྲང་བའི་སྐབས་སུ་ལུས་ལ་དྲོད་འཕེལ་སླ། བོད་ཀྱི་མཁས་པའི་གསུང་གི་ནང་དུའང་བག་ཐུག་གི་སྐོར་གསལ་བ་དཔེར་ན། ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། པར་ལོ་༡༩༨༩ ཤོག་གྲངས་ ༥༣༩ པར“་་་ཚུལ་བཞིན་ཡིད་ལ་བྱེད་པ་ནི། བླ་མ་བྱམས་པས་གཙང་པས་བག་ཐུག་འཐུང་བ་འདྲ་བ་ཞིག་དགོས་གསུངས་ཏེ། གཙང་བ་རྣམས་བག་རིལ་གྱི་ཐུག་པ་འཐུང་ཚེ་ལག་པ་གཡས་ལ་ཤིང་ཐུར་རྩེ་མོ་ཅན་རེ་བཟུང་ནས་བག་རིལ་གཅིག་དམིགས་འོག་ཏུ་བཅུག་པ་དང་གཅིག་ལ་འཛུགས་པ་ལྟར་དང་པོ་སྐྱེས་བུ་ཆུང་ངུའི་ལམ་རྣམས་ཉམས་འོག་ཏུ་ཚུད་པ་བྱས། དེའི་ཚེ་ནའང་སེམས་ཀྱི་ཕུག་ལ་འདིས་ཆོག་པ་མེད། འབྲིང་དང་ཆེན་པོར་འགྲོ་དགོས་པ་ཡོད་བསམ། འབྲིང་ལ་སློབ་པའི་ཚེའང་ད་དུང་སྐྱེས་བུ་ཆེན་པོའི་སྐོར་དང་། དེའི་འང་སྙིང་པོའི་སྙིང་པོ་ཟབ་མོ་དབུ་མའི་ལྟ་བ་ལ་འགྲོ་དགོས་པ་ཡོད་སྙམ་ནས་འདི་ཞེ་ཕུགས་སུ་བཞག་སྟེ་ལམ་སྔ་མ་རྣམས་ཉམས་འོག་ཏུ་ཚུད་པ་དགོས་སོ། །”ཞེས་གསུངས། འབྲུག་པ་ཀུན་ལེགས་ཀྱི་གསུང་ལའང་དེ་འདྲ་ཞིག་གསལ་ཡོད་དྲན་རུང་། ད་ལྟ་དཔེ་ཆ་མ་འཛོམས་པས་ལུང་འདྲེན་མ་ཐུབ།

ག) ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་ལྔ་མཆོད་དགེ་སྐུལ།

༄༅།། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ་པོད་བཞི་པ། མཚོ་སྔོན་པར་མ། ཤོག་ངོས་༨༣༣།༤ པར་ལྔ་མཆོད་དགེ་སྐུལ་ཞིག་གསལ་བ་ཆ་ཚང་གཤམ་དུ་དྲངས་ཡོད།
དཀོན་མཆོག་གསུམ་ལ་གུས་པས་ཕྱག་བྱས། །དད་ཅན་གྲྭ་སློབ་སྦྱིན་བདག་རྣམས་ལ། །ཆོས་མཛད་ང་ཡིས་འཕྲིན་ཅིག་བསྐུར་འབྲས། །བཅུ་བའི་ཉི་ཤུ་ལྔ་ཡི་ཉིན་པར། །སངས་རྒྱས་ཀུན་ལས་བཀའ་དྲིན་ཆེ་བའི། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པ། །དགའ་ལྡན་ཞིང་དུ་གཤེགས་པའི་དུས་ཆེན། །ཡིན་པས་དེའི་ཉིན་དགེ་བ་བྱས་ན། །སངས་རྒྱས་གཞན་ཀུན་གཤེགས་པའི་དུས་ལས། །འགྱུར་ཁྱད་ཕན་ཡོན་ཆེན་པོ་གསུངས་པས། །དེ་ཕྱིར་ཉི་ཤུ་ལྔ་ཡི་དགོང་མོ། །གླིང་མེ་ལ་སོགས་མཆོད་པ་ཕུལ་ལ། །ཚོགས་གསོག་སྨོན་ལམ་རྒྱ་ཆེན་ཐོབས་དང་། །ཕན་བདེ་འབྱུང་གནས་བསྟན་པ་དར་ཞིང་། །མ་གྱུར་འགྲོ་ཀུན་བདེ་ཞིང་སྐྱིད་ངེས། །ཆོས་ལ་བསྐུལ་བའི་ཚིགས་བཅད་གཏམ་སྙན། །ཐོས་ཚད་རྣམས་ཀྱིས་དགའ་ཞིང་སྤྲོ་བཞིན། །བཅུ་བའི་ཉི་ཤུ་ལྔ་ཡི་ཉིན་པར། །ཚོགས་བསགས་སྨོན་ལམ་འདེབས་པར་གྱུར་ཅིག །ཅེས་བཅུ་བའི་ཉི་ཤུ་ལྔ་ལ་གླིང་མེ་མཆོད་པ་ཕུལ་ན་འགྱུར་ཁྱད་ཕན་ཡོན་ཆེན་པོ་ཡོད་ཅེས་དད་ཅན་ལ་དགེ་བསྐུལ་དུ་ཆོས་མཛད་ཞབས་དཀར་བས་བཀྲ་ཤིས་འཁྱིལ་ནས་སྨྲས་པའོ།། །།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།