མདུན་ངོས། རྒྱུན་ཤེས། ཀོ་རི་ཡ་ལྷོ་མ...

ཀོ་རི་ཡ་ལྷོ་མ་དང་བྱང་མ།

༡༦༤༤༡༢

ཀོ་རི་ཡའི་ས་ཁྱོན་ལ་ཁྱོན་བསྡོམས་མལ་ལེ་གྲུ་བཞི་མ་བརྒྱད་ཁྲི་ལྔ་སྟོང་ཙམ་ཡོད་ཅིང་། དེ་ཡང་བྱང་ཤར་དུ་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་དང་། ལྷོ་ཤར་དུ་ཁྱིམ་མཚེས་རྒྱལ་ཁབ་ཉི་ཧོང་བཅས་ཡུལ་གཉིས་ཀྱི་དབར་དུ་ཆགས་ཡོད། ས་ཁྱོན་ཆེན་པོ་འདི་ལོ་ངོ་ཆིག་སྟོང་གསུམ་བརྒྱ་ལྷག་གི་རིང་དུ་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཡིན། འོན་ཀྱང་འདས་མ་ཐག་གི་ལོ་ངོ་དྲུག་ཅུ་ལྷག་གི་གོང་ནས་ཡུལ་དེ་ལྷོ་བྱང་གཉིས་སུ་གྱེས།

ཀོ་རི་ཡ་ལྷོ་བྱང་གཉིས་སུ་གྱེས་དོན་ནི། ནང་འཁྲུག་སྡེ་གཟར་བྱུང་བས་མ་རེད་ལ། ནང་ཁུལ་ཤོག་ཁག་མ་འཆམ་པར་བྱུང་བ་ཞིག་ཀྱང་མ་རེད། འོ་ན་ཇི་ལྟར་ཁ་གྱེས་པ་རེད་ཟེར་ན། དེ་ནི་ཨ་རི་དང་ཨུ་རུ་སུས་རང་གི་སྟོབས་ཤུགས་རྒྱ་སྐྱེད་བྱེད་པའི་འགྲན་རྩོད་ནང་ཁ་བྲལ་དུ་བཏང་བ་ཞིག་རེད།

དེ་ཡང་གནས་ཚུལ་ཞིབ་ཙམ་བཤད་ན། ཉི་ཧོང་གིས་ ༡༩༡༠ ལོ་ནས་ཀོ་རི་ཡར་བཙན་འཛུལ་བྱས་ཏེ་བཟུང་། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཨ་རི་དང་ཨུ་རུ་སུ་གཉིས་མཐུན་ཕྱོགས་རྒྱལ་ཁབ་ཡིན་པས། རྒྱལ་ཁབ་དེ་གཉིས་ཀྱི་དམག་དཔུང་ཀོ་རི་ཡར་བཏང་སྟེ་ཉི་ཧོང་བཙན་འཛུལ་བའི་འོག་ནས་བཅིངས་འགྲོལ་ཟེར་བ་བཏང་། བཅིངས་འགྲོལ་བཏང་རྗེས་ཨ་རིའི་དམག་གིས་ཀོ་རི་ཡའི་ལྷོ་ཁུལ་རྣམས་བཟུང་བ་དང་། ཨུ་རུ་སུའི་དམག་གིས་ཀོ་རི་ཡའི་བྱང་ཁུལ་རྣམས་བཟུང་། ཐ་མ་ཨ་རི་དང་ཨུ་རུ་སུ་གཉིས་ཀོ་རི་ཡ་རང་གི་སྲིད་གཞུང་སླར་གསོ་བྱེད་ཕྱོགས་ལ་མ་མཐུན་པ་ཆེན་པོ་བྱུང་སྟེ། རང་རང་གིས་བཟུང་བའི་ཀོ་རི་ཡའི་ལྷོ་བྱང་གི་ས་མཚམས་ལ་དམ་དྲག་བྱེད་འགོ་བཙུགས། གསར་དུ་བཙུགས་པའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ ༡༩༤༧ ལོར་ཀོ་རི་ཡའི་ནང་སྲིད་གཞུང་གཅིག་རང་འཛུགས་རྒྱུའི་གྲོས་ཆོད་བཞག་ཀྱང་དེ་ལ་ཨུ་རུ་སུས་ངོས་ལེན་མ་བྱས། དེར་བརྟེན་ ༡༩༤༨ ལོར་ཀོ་རི་ཡའི་ནང་བྱང་ཁུལ་དུ་ཨུ་རུ་སུས་རྒྱབ་སྐྱོར་བྱས་པའི་ཀོ་རི་ཡ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཟེར་བ་ཞིག་དང་། ལྷོ་ཁུལ་དུ་ཨ་རིས་རྒྱབ་སྐྱོར་བྱས་པའི་ཀོ་རི་ཡ་སྤྱི་མཐུན་རྒྱལ་ཁབ་ཟེར་བ་བཅས་སྲིད་གཞུང་གཉིས་དངོས་སུ་བཙུགས། སྲིད་གཞུང་གཉིས་ཀས་རང་ཉིད་ཀོ་རི་ཡའི་ཁྲིམས་མཐུན་གྱི་གཞུང་ངོ་མ་དེ་ཡིན་པར་ནན་བཤད་བྱེད།

དེ་ནས་ཡུན་རིང་མ་སོང་བར་ལྷོ་བྱང་གཉིས་ཀྱི་འགལ་བ་ཛ་དྲག་ཏུ་སོང་སྟེ་མཐར་ ༡༩༥༠ ནས་ ༡༩༥༣ བར་ལྷོ་བྱང་གི་ཀོ་རི་ཡའི་བར་དུ་དམག་འཁྲུག་ལངས། དམག་འཁྲུག་དེ་ནི་ནང་ཁུལ་གྱི་སྡེ་གཟར་དང་རྒྱལ་སྤྱིའི་དམག་འཁྲུག་གཉིས་ཀ་རེད། དེ་ཡང་དང་པོ་ ༡༩༥༠ ལོར་ཀོ་རི་ཡ་ཡོངས་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་བཟོ་ཆེད་ཨུ་རུ་སུའི་རྒྱབ་སྐྱོར་ལ་བརྟེན་ཏེ་བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡར་བཙན་འཛུལ་བྱས། དེ་ལ་ཡ་ལན་སློག་ཆེད། ཨ་རིས་མཉམ་སྦྲེལ་རྒྱལ་ཚོགས་ནང་ནུས་པ་བཏོན་ཏེ་ལྷོ་ཀོ་རི་ཡ་སྲུང་སྐྱོབས་ཀྱི་གྲོས་ཆོད་ཅིག་བཞག་ཐུབ་པ་བྱུང་བ་ལྟར། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབས་དམག་དཔུང་ལྷོ་ཀོ་རི་ཡར་བཏང་། སྲུང་སྐྱོབས་དམག་མིའི་འགོ་བྱེད་དང་དམག་མི་མང་ཆེ་བ་ཨ་རིའི་མི་ཡིན་པ་རེད། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབས་དམག་མིས་བྱང་ཀོ་རི་ཡར་རྒོལ་ལན་སྤྲད་དེ་མཐའ་མ་ཧ་ལམ་ཀོ་རི་ཡ་ཡོངས་རྫོགས་དབང་དུ་བསྡུས། འོན་ཀྱང་སྐབས་དེ་འདྲ་ཞིག་ལ་རྒྱ་ནག་གིས་དམག་དཔུང་བཏང་སྟེ་བྱང་ཀོ་རི་ཡར་རོགས་པ་བྱས་པས་གནས་ཚུལ་དེ་བས་ཛ་དྲག་ཏུ་སོང་། དེ་ལྟར་ལོ་གསུམ་དམག་འཁྲུག་བརྒྱབ་རྗེས། ཕྱོགས་གཉིས་གྲོས་མོལ་བྱས་ཏེ་མེ་འཕེན་མཚམས་འཇོག་(Cease-fire)གི་ཞི་ཆིངས་དང་། གནས་སྐབས་ཀྱི་ས་མཚམས་བཟོས། འོན་ཀྱང་དེའི་རྗེས་ཀྱི་ལྷོ་བྱང་ཀོ་རི་ཡའི་གྲོས་མོལ་ལམ་ལྷོང་མ་བྱུང་བས། ད་ལྟའང་ལྟ་སྟངས་གཞན་ཞིག་གིས་བལྟས་ན། ཡུལ་དེ་གཉིས་དམག་འཁྲུག་གི་གནས་བབས་རང་དུ་གནས་ཡོད།

ལྷོ་བྱང་ཀོ་རི་ཡའི་དམག་འཁྲུག་དེའི་ནང་ཀོ་རི་ཡ་རང་གི་མི་ས་ཡ་གཉིས་ནས་བཞི་བར་གྱི་སྲོག་ཤོར་བར་ཚོད་དཔག་བྱེད་ཅིང་། དེ་ནི་ཀོ་རི་ཡའི་མི་འབོར་ས་ཡ་ ༣༠ ལ་རྩིས་བསྐོར་ན་ཧ་ཅང་མང་པོ་རེད། དེ་བཞིན་དུ་མེ་སྒྱོགས་ཀྱི་མདེལ་དང་ས་འོག་འབར་རྫས་ཀྱིས་ཀོ་རི་ཡའི་རི་ཀླུང་ཁོར་ཡུག་དང་། བཟོ་ཞིང་གི་ཐོན་སྐྱེད་ལ་གནོད་སྐྱོན་ཧ་ཅང་ཆེན་པོ་བཟོས། ཕྱིའི་ཡུལ་དང་བཟོ་གྲྭ་སོགས་གཏོར་བརླག་ཏུ་བཏང་བ་སླར་གསོ་ཐུབ་རུང་། དེ་སྔོན་ཤ་འཁོན་མེད་པའི་ཡུལ་གཉིས་ཕན་ཚུན་ཁ་གཏད་དུ་ལངས་ཏེ་ས་ཡ་མང་པོ་བསད་རྨས་གཏོང་རེས་བྱས་པའི་ཕན་ཚུན་བར་གྱི་ཤ་འཁོན་དེ་དུས་ནམ་ཡང་གསོ་དཀའ་བའི་ཚད་དུ་སླེབས། ཕན་ཚུན་དགྲར་ལྟ་བའི་འདུ་ཤེས་ངོ་མ་དེ་འདྲ་ཞིག་ནས་བྱུང་བར་སྣང་།

ཡུལ་གཉིས་བར་གྱི་གནས་སྟངས་ཛ་དྲག་ཅིང་དོགས་པ་ཆེ་བར་བརྟེན། ད་བར་རྒྱལ་ཁབ་སོ་སོས་ངེས་གཏན་བྱས་པའི་ས་ཁུལ་རེ་ཟུང་ལ་མི་འགའ་ཞིག་ཕན་ཚུན་ཐུག་འཕྲད་བྱེད་བཅུག་པ་ཕུད་དེ་མིན་འགྲོ་འོང་གི་འབྲེལ་བ་ཧ་ལམ་མེད། ལྷོ་ལ་ཡོད་པའི་ཕ་མས་བྱང་དུ་ཡོད་པའི་བུ་ཕྲུག་ཐུག་མི་ཐུབ་པ་དང་། བྱང་དུ་ཡོད་པའི་སྤུན་ཉེ་དག་གིས་ལྷོ་རུ་ཡོད་པའི་ཤ་ཉེ་ཐུག་མི་ཐུབ་པར་གྱུར། ཀོ་རི་ཡ་ལྷོ་བྱང་གཉིས་དབར་ཡིག་ཟམ་དང་ཁ་པར་གྱི་འབྲེལ་བ་མེད་ཅིང་། དུས་ཡུན་རིང་པོར་ཡུལ་ཕན་ཚུན་གྱི་རླུང་འཕྲིན་ལ་ཉན་ན་ཁྲིམས་འགལ་ཡིན་པས་མ་ཤི་གསོན་འཕྲལ་ཟེར་བ་དེ་ཀོ་རི་ཡའི་མི་འབུམ་ཕྲག་མང་པོར་བྱུང་།

དུས་ཚོད་རིམ་སོང་དང་མཉམ་དུ་ཡུལ་གཉིས་ཀྱི་ལམ་ལུགས་མི་འདྲ་བས། ལམ་ལུགས་སོ་སོ་ལས་བྱུང་བའི་འབྲས་བུས་ཀྱང་ཡུལ་གཉིས་ཀྱི་བར་ཐག་ཇེ་རིང་དུ་བཏང་། ལྷོ་ཀོ་རི་ཡ་ནི་ཨ་རིའི་ལམ་ལུགས་ཀྱི་རྗེས་སུ་འབྲངས་ཏེ་ཆབ་སྲིད་མང་གཙོ་དང་། དཔལ་འབྱོར་ནི་འཁྲིད་སྟོན་ཅན་གྱི་མ་རྩ་རིང་ལུགས་ཞེས་རྒྱལ་ཁབ་ཀྱི་འཁྲིད་སྟོན་འོག་སྒེར་པ་ཚོས་ཐོན་སྐྱེད་ཕྱིར་གཏོང་ལ་ཤུགས་བརྒྱབ། ཀོ་རི་ཡ་བྱང་མ་ནི་དབང་ཆ་སྒེར་སྤྱོད་པ་ཀིམ་གྱི་འོག་དམར་ཤོག་རིང་ལུགས་ཀྱི་རྗེས་སུ་འབྲངས་ཏེ། ས་ཞིང་བསྐྱར་དུ་བགྲོ་འགྲེམས་དང་། ལྕི་བའི་བཟོ་ལས་ཐོན་སྐྱེད། རྒྱལ་ཁབ་ཁོ་ནས་གཉེར་བའི་ཚོང་ལས་བཅས་ལ་ཤུགས་བརྒྱབ། རྒྱལ་ཁབ་ཀྱི་འབོད་ཚིག་ཡོད་ན་མེད་ན་གཅིག་ནི་རང་ཁ་རང་གསོ་ཞེས་པ་དེ་རེད།

བྱང་ཀོ་རི་ཡ་ནི་རྒྱལ་སྤྱིའི་འབྲེལ་ལམ་གྱི་ཆ་ནས་ཁེར་རྐྱང་ཡིན་པ་དང་། ཆབ་སྲིད་ཚོགས་པ་གཅིག་གིས་ཡུལ་ལུང་དབང་བསྒྱུར་བྱེད། དཔལ་འབྱོར་གྱི་གནས་སྟངས་ཕྱི་མིས་གསལ་པོ་མི་ཤེས་རུང་། མང་ཆེ་བས་ཧ་ཅང་སྐྱོ་བོ་ཡིན་པའི་ངོས་འཛིན་བྱེད། ལྷོ་ཀོ་རི་ཡ་ལ་མཚོན་ན། འཛམ་གླིང་གི་དཔལ་འབྱོར་ལེགས་ཤོས་ཨང་བཅུ་གཅིག་པར་སླེབས་ཡོད་པ་དང་། མི་རེའི་ལོ་རེའི་ཡོང་འབབས་ཆ་སྙོམ་ཨ་སྒོར་ ༡༣༠༠༠ བརྒལ། དེ་སྔོན་དུས་སྐབས་ཁ་ཤས་རིང་དམག་དཔུང་གིས་སྲིད་བཟུང་བ་སོགས་བྱུང་རུང་ད་ཆ་རང་དབང་མང་གཙོའི་ལམ་ནས་འགོ་འཁྲིད་འདེམས་བསྐོ་བྱེད། ལྷོ་ཀོ་རི་ཡའི་ནང་ལྐོག་ཟ་རུལ་སུངས་དང་དེ་མིན་གྱི་དཀའ་ངལ་མང་པོ་ཡོད་རུང་། དཔྱད་ཞིབ་པ་ཕལ་མོ་ཆེས་བྱང་ཀོ་རི་ཡ་ལས་ལྡབ་མང་པོས་ཡར་རྒྱས་ཆེ་བར་ངོས་འཛིན་བྱེད།

ཡུལ་དེ་གཉིས་ཁ་བྲལ་ཏེ་དུས་ཡུན་གང་ཙམ་སོང་བ་མ་ཟད། ད་ཆ་ཆབ་སྲིད་དང་དཔལ་འབྱོར། ཤེས་རིག་སོགས་གང་ཐད་ནས་བར་ཐག་ཧ་ཅང་ཆེ་རུང་ཡུལ་དེ་གཉིས་ཀྱི་མི་མང་པོས་ད་དུང་ཡང་ཡུལ་དེ་གཉིས་རྒྱལ་ཁབ་ཅིག་ཆགས་རྒྱུའི་རེ་བ་བྱེད་བཞིན་ཡོད། ཕྱི་ལོ་ ༢༠༠༠ ལོར་ཡུལ་དེ་གཉིས་ཀྱི་དབུ་ཁྲིད་ཐེངས་དང་པོར་མཇལ་མོལ་གནང་། དེས་མང་ཚོགས་ལ་རེ་དོགས་ཆེན་པོ་ཞིག་བསྐྲུན་ཡང་། དེའི་རྗེས་སུ་ཕྱོགས་གཉིས་ཀྱི་འབྲེལ་བར་ཡར་རྒྱས་གང་ཡང་མ་སོང་། ཀོ་རི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་། ཨ་རིས་ཀོ་རི་ཡའི་འགྱུར་འགྲོས་ལ་དོ་སྣང་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད། ༡༩༥༣ ནས་བཟུང་ཨ་རིས་ལྷོ་ཀོ་རི་ཡ་འབྲེལ་ལམ་དམ་ཟབ་བཟུང་སྟེ། ཡུལ་དེ་སྲུང་སྐྱོབས་ཆེད་ཨ་རིའི་དམག་དཔུང་གཏན་འཛུགས་བྱས། བྱང་ཀོ་རི་ཡར་འཛིན་པའི་ཨ་རིའི་སྲིད་བྱུས་ནི་ཏག་ཏག་ལྡོག་ཕྱོགས་རེད། ཨ་རིས་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་རྫས་འགྱུར་མཚོན་ཆ་བཟོས་དང་བཟོ་བཞིན་པ་དང་། འཇིགས་སྐུལ་དྲག་སྤྱོད་པར་རོགས་རམ་བྱས་ལུགས་ཀྱི་སྐྱོན་བརྗོད་བྱེད་བཞིན་ཡོད།། །།

རྩོམ་སྔ་མ།རི་བོ་དང་རི་པ། ད་དུང་ཁེར་གདུང་།
རྩོམ་རྗེས་མ།སངས་རྒྱས་བསྟོད་ཆུང་།
ཆུང་ཚེ་རིང་།
ཆུང་ཚེ་རིང་། བོད་དུ་སྐྱེས། རྒྱ་གར་དང་ཁེ་ཎ་ཌ། ཧྥ་རན་སི་སོགས་སུ་སློབ་སྦྱོང་དང་ལས་ཀ་བྱས། ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་པ་དང་ཉམས་ཞིབ་པའི་འགན་ཁུར་མྱོང་། ད་ལྟ་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་དཔོན་དང་། མི་རིགས་སྤྱི་ཚོགས་ཞབས་ཞུ་མཉམ་ལས་ཁང་གི་ལས་འཆར་འགན་འཛིན། ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་མི་ཆའི་ལས་ཁུངས་ཀྱི་སྐད་སྒྱུར་བ་བྱེད་མུས།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།