མདུན་ངོས། སྙན་ངག སངས་རྒྱས་བསྟོ...

སངས་རྒྱས་བསྟོད་ཆུང་།

༢༠༥༣༢༠

རིགས་རུས་དབྱེ་འབྱེད་རི་ཆེན་བཤགས་ཏེ།།
སྟངས་སྙོམ་བདེ་བའི་ཐང་དུ་བྱོན་པའི།།
བདེ་གཤེགས་གང་དེར་སྙིང་ནས་དད་དོ།།

གཞན་ལ་སྐྱབས་འཆའི་དུག་མཚོའི་ནང་ནས།།
རང་ཉིད་རང་གི་མགོན་དུ་གཟིགས་པའི།།
ཡེ་ཤེས་གང་དེར་སེམས་པ་ཤོར་རོ།།

བདེ་བའི་འབྱུང་རྩ་གང་ན་མཆིས་སམ།
སྡུག་བསྔལ་རྒྱུ་ནི་གང་དང་གང་ཞེས།།
རྟོག་དཔྱོད་དེ་ལ་མ་དད་རང་དད།།

ནགས་སུ་ཕེབས་ཤིང་ཤིང་ལོ་ལྗང་ཁུས།།
ཆབ་གཙང་བཞེས་བཞིན་འཛུམ་པའི་ཞལ་ལ།།
ཤིང་ཏོག་བཞེས་པའི་ཚུལ་དེར་སྨོན་ནོ།།

བྱ་དང་རི་དྭགས་འབུ་སྲིན་དུད་འགྲོ།།
རང་གི་ཕ་མ་སྤུན་དུ་གཟིགས་པའི།།
རྣམ་འདྲེན་དེ་ལ་སྙིང་ག་དགའ་འོ།།

འདོད་ཆགས་མེ་ཡིས་བསྲེགས་པའི་འགྲོ་ལ།།
ཆགས་མེད་ཆབ་ཀྱི་དབུགས་དབྱུང་སྩོལ་བའི།།
སྟོན་པ་ཁྱེད་ལ་བདག་ནི་ཞེན་ནོ།།

འགྲོ་འོང་མེད་པའི་་ལམ་གྱི་དཀྱིལ་ནས།
མཐའ་དབུས་མེད་པའི་འགྲོ་ལ་གཟིགས་པའི།།
དམིགས་མེད་ཐུགས་རྗེ་ཁྱེད་ལས་སུར་ཡོད།།

འཇམ་པོའི་བལ་ལས་གཤིས་ཀ་མཐོང་ལགས།།
བསིལ་བའི་རླུང་ལས་ཐུགས་རྗེ་ཚོར་ལགས།།
དྭངས་གཙང་ཆུ་ལས་ཁྱེད་གསུང་ངོམས་ལགས།།

བདེ་གཤེགས་བྱོན་པའི་རི་ཆུང་དེ་ན།།
དམ་པ་མང་པོ་གཤེགས་དང་གཤེགས་བཞིན།།
ལག་གཡོབ་མཛད་པས་སྙིང་ཁ་དྲངས་བྱུང་།།

བྱང་ཆུབ་བརྙེས་ཤིང་ཆོས་འཁོར་བསྐོར་པའི།།
གནས་བཟང་དག་ཏུ་གང་ཉིད་སྒོམ་བཞིན།།
ཚིག་འགའ་སྤེལ་བ་དགེ་བར་གྱུར་ཅིག །

རྩོམ་སྔ་མ།ཀོ་རི་ཡ་ལྷོ་མ་དང་བྱང་མ།
རྩོམ་རྗེས་མ།མྱོང་གླེང་དྲུག་པ།
ཆུང་ཚེ་རིང་།
ཆུང་ཚེ་རིང་། བོད་དུ་སྐྱེས། རྒྱ་གར་དང་ཁེ་ཎ་ཌ། ཧྥ་རན་སི་སོགས་སུ་སློབ་སྦྱོང་དང་ལས་ཀ་བྱས། ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་པ་དང་ཉམས་ཞིབ་པའི་འགན་ཁུར་མྱོང་། ད་ལྟ་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་དཔོན་དང་། མི་རིགས་སྤྱི་ཚོགས་ཞབས་ཞུ་མཉམ་ལས་ཁང་གི་ལས་འཆར་འགན་འཛིན། ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་མི་ཆའི་ལས་ཁུངས་ཀྱི་སྐད་སྒྱུར་བ་བྱེད་མུས།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།