མདུན་ངོས། མྱོང་བྱང་། མྱོང་གླེང་དྲུ...

མྱོང་གླེང་དྲུག་པ།

༢༣༤༨༩༢

༄༅།། ལོ་འདིའི་ནང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་པ་རག་ལ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་དུ་བཅར་ཞོར། ཧྥ་རན་སི་དང་། སྦེལ་ཇམ། འཇར་མན། སུད་སི། རྒྱ་གར་བཅས་སུ་ཡུལ་སྐོར་དང་གཉེན་འཕྲད་དུ་སོང་བ་ཡིན།

ཡུ་རོབ་ཀྱི་རྒྱལ་ཁབ་རྣམས་ཏོག་དབྱིབས་གཉན་རིམ་གྱི་ནད་ཡམ་འོག་ནས་འགྲིམས་འགྲུལ་དང་དཔལ་འབྱོར། ཡུལ་སྐོར་སོགས་ཀྱི་ལས་དོན་སླར་གསོ་ཡོང་བཞིན་པའི་སྐབས་རེད་འདུག་པས། དེ་ལ་གཞུང་ངོས་ནས་དམིགས་བསལ་གྱིས་དོ་སྣང་བྱེད་བཞིན་འདུག་པ་དཔེར་ན། ད་ཆ་ཡུ་རོབ་རྒྱལ་ཁབ་ཁག་གི་ནང་འགྲུལ་བཞུད་བྱེད་སྐབས། ཏོག་དབྱིབས་སྔོན་འགོག་སྨན་ཁབ་དང་པོ་གཉིས་བརྒྱབ་ཟིན་པའི་ཡིག་ཆ་བསྟན་པ་ཙམ་གྱིས་འགྲིག་པ་ལས། གནམ་གྲུར་མ་འཛུལ་གོང་ནད་དེ་ཡོད་མེད་བརྟག་དཔྱད་བྱེད་དགོས་པ་སོགས་ཀྱི་དམ་དྲག་མི་འདུག་ལ། མེ་འཁོར་སོགས་ནང་འགྲུལ་བཞུད་བྱེད་དུས་ཁ་རས་ངེས་པར་གྱོན་དགོས་པའི་གསལ་བསྒྲགས་བྱེད་བཞིན་འདུག་རུང་། དངོས་སུ་གྱོན་ཡོད་མེད་ཐད་རྟོག་ཞིབ་བྱེད་མཁན་དེ་འདྲ་མི་འདུག

ཕྲན་ཡུ་རོབ་ཏུ་ཕྱི་ལོ་ ༢༠༡༤ སྔོན་ལ་ལོ་གསུམ་སྡོད་མྱོང་བ་དང་། དེ་རྗེས་ ༢༠༡༦ ལོར་ཐེངས་གཅིག་སླེབས་མྱོང་བའི་མཐོང་ཚུལ་དང་། ད་ལྟའི་གནས་སྟངས་བསྡུར་ན། ཡུ་རོབ་རྒྱལ་ཁབ་ཁག་གི་ནང་ཁོར་ཡུག་སྲུང་སྐྱོབས་དང་། གོ་ལའི་ཚ་དྲོད་འཕེལ་བཞིན་པར་གདོང་ལེན་གྱི་ཐབས་ཤེས་སྣ་ཚོགས་རྒྱ་ཁྱབ་ཏུ་བྱེད་བཞིན་འདུག་པ་ནི་དེ་སྔོན་མཐོང་དཀོན་པ་ཞིག་རེད། དཔེར་ན། འགྲུལ་འཁོར་དང་མེ་འཁོར། གནམ་གྲུ་བཅས་ཀྱི་འཛིན་བྱང་ཉོ་དུས། འགྲུལ་འཁོར་དང་མེ་འཁོར་དེ་དང་དེས་འགྲུལ་བཞུད་བྱེད་རིང་ཁོར་ཡུག་ལ་གནོད་པའི་རྫས་ནུས་ཇི་ཙམ་ཞིག་བཀོལ་བཞིན་པ་གསལ་བསྒྲགས་བྱེད་པ་དང་མཉམ་དུ། གནོད་སྐྱོན་དེའི་ཁ་གཏད་དུ་འགྲུལ་པ་རང་ངོས་ནས་ཐབས་ཤེས་བྱ་འདོད་ཡོད་ན། ཤིང་སྣ་གྲངས་འདི་ཙམ་བཙུགས་པས་ཆོག་ཅིང་། ཤིང་སྣ་འདེབས་འཛུགས་ཀྱི་ཞབས་ཞུ་ཚན་པར་དེའི་ལས་འགན་སྤྲོད་པར་འདོད་ན། སྒོར་མོ་འདི་ཙམ་གནས་ངེས་ཞེས་གནས་ཚུལ་ཁ་གསལ་མཁོ་སྤྲོད་བྱེད་པས། འགྲུལ་པ་རང་ངོས་ནས་འདོད་པ་ཡོད་ན། ཤིང་སྣ་འདེབས་འཛུགས་ཀྱི་དངུལ་སྤྲོད་ས་འདུག །ཡང་ཁོར་ཡུག་ལ་གནོད་འཚེ་ཉུང་བའི་གློག་གི་འགྲུལ་འཁོར་ནང་འགྲོ་དང་སྣུམ་གྱི་འགྲུལ་འཁོར་ནང་འགྲོ་སོགས་ཀྱི་གདམ་ཀ་ཡང་འདུག །ཟ་ཁང་དང་མགྲོན་ཁང་ཆེ་གྲས་རྣམས་ཀྱིས་ཀྱང་རང་གི་ཟ་ཁང་དང་མགྲོན་ཁང་གིས་ཟས་རིགས་གཡོས་སྦྱོར་དང་། ནུས་པ་བཀོལ་སྤྱོད་བྱེད་དུས་ཁོར་ཡུག་ལ་མི་གནོད་པའི་ཐབས་གང་བྱེད་བཞིན་ཡོད་མེད་ཟས་ཐོ་དང་ཁྱབ་བསྒྲགས་དྲ་ངོས་སོགས་སུ་དམིགས་བསལ་རྩལ་འདོན་བྱས་ཏེ་བྲིས་འདུག

བཟང་ཕྱོགས་ཀྱི་འགྱུར་བ་གཞན་ཞིག་ནི། རྐང་འཁོར་བཞོན་མཁན་ཧ་ཅང་གིས་མང་དུ་སོང་བ་དེ་རེད། དེའི་རྒྱུ་མཚན་ཡང་གཙོ་བོ་ཁོར་ཡུག་སྲུང་སྐྱོབས་དང་འཕྲོད་བསྟེན་གཉིས་དང་འབྲེལ་བ་འདུག །དེ་ཡང་མི་ཞིག་གིས་ཉིན་རེ་སྣུམ་འཁོར་བཏང་སྟེ་ལས་ཀར་སོང་ན། སྣུམ་རིན་སོགས་ཀྱི་འགྲོ་གྲོན་ཐོག །འཕྲུལ་འཁོར་ལས་བྱུང་བའི་རྫས་དང་དུ་བས་ཁོར་ཡུག་ལ་གནོད་པ་བཟོས་པའི་རིན་པ་བརྩིས་ན། སྤྱི་ཡོངས་སུ་སྤྱི་ཚོགས་ཁྱོན་ཡོངས་ལ་སྤྱིར་བཏང་ཡོ་རོབ་ཀྱི་སྒོར་མོ་བཅུ་ཙམ་གྱི་གྱོང་ཡོང་གི་ཡོད་ཅིང་། དེ་ལས་ལྡོག་སྟེ་རྐང་འཁོར་བཞོན་ནས་སོང་ན། ཁོར་ཡུག་ལ་མི་གནོད་པ་དང་། འཕྲོད་བསྟེན་ལ་ཕན་ཐོགས་ཡོད་པར་བརྟེན། ཡུ་རོབ་ནང་ལས་ཁུངས་མང་པོ་ཞིག་གིས་རྐང་འཁོར་བཞོན་ནས་ལས་ཀར་ཡོང་མཁན་ལ་གླ་ཆའི་ཐོག་དངུལ་འཕར་མ་སྤྲོད་འགོ་ཚུགས་འདུག །

རྐང་འཁོར་བཞོན་ནས་སོང་ན་ཧ་ཅང་སྟབས་བདེ་རེད་འདུག །དེ་ཡང་མེ་འཁོར་བབས་ཚུགས། ས་ཚིགས་གལ་ཆེ་ས་ཚང་མར་རྐང་འཁོར་བཞག་འདུག་ཅིང་། དེ་ཚོ་བེད་སྤྱོད་བྱེད་འདོད་པ་ཚོས་ཟླ་རེའམ་ལོ་རེར་དངུལ་འབབ་སྣེ་སེལ་གཏན་འབེབས་ལྟར་ཕུལ་ན། ས་ཚིགས་སོ་སོ་ནས་རྐང་འཁོར་ནམ་འདོད་དུ་བླངས་ཆོག་ཆོག་རེད་འདུག །རྐང་འཁོར་ལའང་ལུས་ཤུགས་བཀོལ་དགོས་པའི་སྤྱིར་བཏང་དང་། གློག་ཤུགས་དང་ལུས་ཤུགས་མཉམ་སྤྱོད་བྱས་ཆོག་པ་སོགས་སྣ་ཚོགས་འདུག་ལ། རྐང་འཁོར་གཏོང་སའི་ལམ་ཡང་དང་འགྲིམ་འགྲུལ་ཁྲིམས་ལུགས་གསལ་པོ་འདུག་པས། རྐང་འཁོར་བཞོན་མཁན་མང་དུ་མ་སོང་རང་སོང་རེད་འདུག །རྐང་འཁོར་གྱི་མཐུན་རྐྱེན་ཡག་པོ་བསྐྲུན་ཆེད་གཞུང་ཕྱོགས་ནས་འགྲོ་སོང་ཡང་ཕོན་ཆེ་གཏོང་བ་དཔེར་ན། ན་ཐར་ལནྜིའི་གྲོང་ཁྱེར་ཨོ་ཊི་རི་ཆི་(Utrecht)ཞེས་པས་ལོ་རེར་རྐང་འཁོར་གྱི་མཐུན་རྐྱེན་བསྐྲུན་ཆེད་ཨ་སྒོར་ས་ཡ་ ༥༥ ཙམ་གཏོང་བཞིན་པ་དང་། དེ་ལྟར་བཏང་བར་བརྟེན་ནས་ཡུལ་གྱི་ཁོར་ཡུག་འབག་བཙོག་ཉུང་དུ་སོང་བ་དང་། འཕྲོད་བསྟེན་འགྲོ་སོང་ཆུང་དུ་སོང་བའི་ཁེ་འབབ་ནི་ཨ་སྒོར་ས་ཡ་ ༣༠༠ ཙམ་ཡིན་སྐོར་བཤད་བཞིན་འདུག

ཡུལ་གཞན་དང་བསྡུར་ན་ཡུ་རོབ་ནང་དེ་སྔོན་མགྱོགས་ཟས་བཟའ་མཁན་ཉུང་ཉུང་རེད། དེའི་དབང་གིས་ཨ་རིའི་ KFC དང་། Mcdonald ལྟ་བུའི་མགྱོགས་ཟས་ཁང་དེ་ཚོ་ཡུ་རོབ་ཏུ་དེ་ཙམ་ཁྱབ་ཐུབ་ཀྱི་མེད། འོན་ཀྱང་དེང་སང་ཡུ་རོབ་ཏུ་མགྱོགས་ཟས་ཟ་ཁང་མངོན་གསལ་གྱིས་མང་དུ་སོང་འདུག་ཅིང་། དམིགས་བསལ་འཇར་མན་གྱི་ནང་དུ་ Mcdonald ཟ་ཁང་ཧ་ཅང་མང་པོ་འཕར་འདུག །དེ་སྔོན་ཡུ་རོབ་ཀྱི་མིའི་ནང་ཤ་རྒྱགས་པ་ཧ་ཅང་ཉུང་ཉུང་ཡིན་རུང་། དེང་སང་ཕྲན་བུའི་མང་དུ་སོང་འདུག་པའི་རྒྱུ་མཚན་གཅིག་དེ་མིན་ནམ་སྙམ།

འགྱུར་བ་མངོན་གསལ་ཆེ་བ་གཅིག་ནི་སྐྱབས་བཅོལ་བ་ལེན་མཁན་གྱི་རྒྱལ་ཁབ་མང་པོ་ཞིག་གི་གནས་སྟངས་ཉམས་བཞིན་པ་དེ་རེད། དཔེར་ན། སྐྱབས་བཅོལ་བ་མང་པོ་ལེན་མཁན་ཧྥ་རན་སི་དང་སྦེལ་ཇམ་ལྟ་བུར་མཚོན་ན། མེ་འཁོར་དང་སྲང་ལམ་ཁག་གི་གཙང་སྦྲ་སྔོན་དང་བསྡུར་ན་ཧ་ཅང་སྡུག་ཏུ་སོང་ཡོད་པ་དང་། ས་ཁུལ་ཁ་ཤས་སུ་འགྲོ་སྐབས་ལུས་སྲོག་གི་བདེ་འཇགས་ཐད་འཇིགས་སྣང་བྱེད་དགོས་པ། མེ་འཁོར་སོགས་ནང་རྐུ་མ་ཧ་ཅང་མང་བ་ལྟ་བུ་རེད། ང་རང་ཧྥ་རན་སིའི་ས་འོག་མེ་འཁོར་ནང་འགྲུལ་བཞུད་བྱེད་སྐབས། རྐུན་མས་བཅོམ་གྲབས་ཐེངས་གཉིས་བྱས་བྱུང་། དེ་ལས་ལྡོག་སྟེ་སྐྱབས་བཅོལ་བ་མི་ལེན་པའི་རྒྱལ་ཁབ་ཅེག་ལྟ་བུར་མཚོན་ན། གཙང་སྦྲ་དང་སྤྱི་ཚོགས་བདེ་འཇགས་གཉིས་ཀ་ཡག་པོ་རེད་འདུག

ཡུ་རོབ་རྒྱལ་ཁབ་ཁག་གི་ནང་། རྒྱ་ནག་དང་རྒྱ་མི་ལ་མི་དགའ་མཁན་མངོན་གསལ་གྱིས་མང་དུ་སོང་འདུག །ཡུ་རོབ་པ་མང་པོས་རྒྱ་མི་དང་བོད་མི་དབྱེ་འབྱེད་མི་ཐུབ་པས། དང་པོ་ཐུག་དུས་རང་ཉིད་ལའང་རྣམ་འགྱུར་ངན་པ་སྟོན་མཁན་བྱུང་། འོན་ཀྱང་བོད་པ་ཡིན་པ་ངོ་སྤྲོད་བྱས་ན་ཁོང་ཚོའི་རྣམ་འགྱུར་ལམ་སང་འགྱུར་འགྲོ་གི་འདུག

རྒྱ་གར་ནང་ལྡི་ལི་ལས་གཞན་ལ་དུས་ཚོད་དབང་གིས་འགྲོ་མ་ཐུབ། ལྡི་ལི་བོད་སྒར་བསམ་ཡས་གླིང་གི་མགྲོན་ཁང་དང་ཟ་ཁང་གི་ཕྱི་ནང་བཀོད་པ་རྫིག་ཏུ་སོང་འདུག་ལ། ཟས་ཐོ་ཁག་ལ་ལྟ་སྐབས། བོད་ཟས་ཙམ་མ་ཟད་ཨ་རི་དང་ཉི་ཧོང་། རྒྱ་ནག་སོགས་ཀྱི་ཟས་རིགས་ཀྱང་བཟོ་བཞིན་འདུག །འོན་ཀྱང་ཟས་ཀྱི་བྲོ་བ་ནི་སྔོན་མ་ལས་ཞན་དུ་སོང་འདུག་དྲན། རྒྱུ་མཚན་ཟ་ཁང་དེ་ཚོར་སྔོན་ལྟར་ཚད་ལྡན་གྱི་མ་བྱན་མེད་པར། ཉམས་མྱོང་ཕྲན་བུ་ཡོད་པའི་རྒྱ་གར་བས་ཟས་རིགས་འདྲ་མིན་བཟོ་བཞིན་ཡོད་པས་རེད་ཟེར། དེ་དག་གི་ཁོངས་ནས་ཚོང་རྒྱུག་ཤོས་ཤིག་ནི་ཨ་མ་འཚིག་ཇ་ཁང་རེད་འདུག་ཅིང་། ཇ་ཁང་གི་ཟས་སྤུས་དང་འཚིག་ཇའི་བྲོ་བ་ཧ་ཅང་ལེགས། འཚིག་ཇ་ཁང་འདིར་ཐོག་བརྩེགས་གསུམ་འདུག་པ་རྣམས་ཞོགས་པ་ནས་མགྲོན་པོས་གང་བསྡད་ཀྱི་འདུག །བསམ་ཡས་གླིང་དུ་ཡོང་མཁན་གཙོ་བོ་ནི་རྒྱ་གར་བ་རེད་འདུག་ཅིང་། ཐ་ན་ལ་ཕིང་བཟའ་མཁན་ཡང་མང་ཆེ་བ་རྒྱ་གར་བ་རེད། དེ་སྔོན་ང་ཚོས་དགའ་པོ་བྱེད་སའི་དཔེ་དེབ་ཚོང་ཁང་མང་ཆེ་བ་སྒོ་བརྒྱབ་ཟིན་འདུག

ཡུ་རོབ་དང་རྒྱ་གར་ནང་གི་བོད་མི་གང་ཙམ་དང་འབྲེལ་བ་བྱུང་བའི་ཁྲོད་མངོན་པར་གསལ་བའི་གནས་ཚུལ་གཅིག་ནི། སྲིད་སྐྱོང་གསར་རྙིང་གཉིས་ཀྱི་འགལ་ཟླ་དང་འབྲེལ་ཏེ་བོད་མི་དཀྱུས་མའི་ནང་དུའང་འགལ་ཟླ་ཤུགས་ཆེ་ཆགས་ཡོད་པ་དེ་རེད། འགལ་ཟླ་དེས་རྐྱེན་བྱས་ཏེ། གཅེན་གཅུང་བར་དུ་ཁ་གྲགས་རེས་མེད་པ་དང་། གྲོགས་པོ་ཕན་ཚུན་འབྲེལ་བ་ཆད་པ་སོགས་ཡིད་ཆེས་དཀའ་བའི་གནས་ཚུལ་མང་པོ་འདུག །དེ་སྔོན་ངས་སྤྱི་ཚོགས་ཀྱི་གཏིང་རིམ་དེ་ཙམ་བར་འགལ་ཟླ་འདིས་ཁྱབ་ཡོད་པ་མ་ཚོར།

ཕྱོགས་གཞན་ནས་བོད་རིགས་སྤྱི་མཐུན་ཚོགས་པ་སོགས་ཀྱི་རྒྱུན་ལས་སུ་ཞུགས་ཏེ་ལས་དོན་བྱེད་རྒྱུར་སྔོན་དང་མི་འདྲ་བའི་འགྲན་རྩོད་ཆེ་བ་དང་། ཕྱོགས་ཁག་སོ་སོའི་ལྟ་སྟངས་མ་འདྲ་བའི་དབང་གིས་གནས་ཚུལ་གཅིག་ལ་ལྟ་ཚུལ་མི་འདྲ་བ་བྱུང་བ། གཞུང་གི་སྲིད་བྱུས་དང་ལས་རིམ་ཁག་ལ་ཁ་གཏད་ཚོགས་པ་ལྟ་བུའི་ནུས་པ་ཐོན་པ་བཅས་ཀྱི་སྣང་ཚུལ་ཡང་འདུག་པས། དེ་དག་ལ་ལེགས་ཆ་མེད་པའང་ག་ལ་ཡིན། མྱོང་གླེང་དྲུག་པ་རྫོགས་སོ།། །། (ཞུ་དག་སོང་མེད།)

རྩོམ་སྔ་མ།སངས་རྒྱས་བསྟོད་ཆུང་།
རྩོམ་རྗེས་མ།གློ་བུར་གྱི་དྲན་ཚུལ་འགའ
ཆུང་ཚེ་རིང་།
ཆུང་ཚེ་རིང་། བོད་དུ་སྐྱེས། རྒྱ་གར་དང་ཁེ་ཎ་ཌ། ཧྥ་རན་སི་སོགས་སུ་སློབ་སྦྱོང་དང་ལས་ཀ་བྱས། ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་པ་དང་ཉམས་ཞིབ་པའི་འགན་ཁུར་མྱོང་། ད་ལྟ་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་དཔོན་དང་། མི་རིགས་སྤྱི་ཚོགས་ཞབས་ཞུ་མཉམ་ལས་ཁང་གི་ལས་འཆར་འགན་འཛིན། ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་མི་ཆའི་ལས་ཁུངས་ཀྱི་སྐད་སྒྱུར་བ་བྱེད་མུས།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།