མདུན་ངོས། སྙན་ངག གློ་བུར་གྱི་ད...

གློ་བུར་གྱི་དྲན་ཚུལ་འགའ

༢༥༨༡༥༨

ཞིམ་པོ་ཕལ་ཆེར་ལུས་ལ་གནོད།།
མཛེས་པོ་ཕལ་ཆེར་ཁེངས་སྤོབས་ཆེ།།
ཕྱུག་པོ་ཕལ་ཆེར་ངང་རྒྱུད་ཐུང་།།
དབང་ལྡན་ཕལ་ཆེར་འཕར་བུབས་མང་།།

དབུལ་པོ་ཕལ་ཆེར་སྡུག་སྲན་ཆེ།།
འབྱོར་ལྡན་ཕལ་ཆེར་གཏམ་འདོད་ཚ།།
ཀླད་མེད་ཕལ་ཆེར་སྨྲ་བ་མང་།།
མགྲོན་གསར་ཕལ་ཆེར་འགྲོ་འདོད་ཆེ།།

ན་ཚ་ཕལ་ཆེར་ཟས་སྤྱོད་སྐྱོན།།
གྲུབ་འབྲས་ཕལ་ཆེར་འབད་བརྩོན་འབྲས།།
ཉམས་རྟོགས་ཕལ་ཆེར་བླ་མའི་དྲིན།།
སེམས་ནད་ཕལ་ཆེར་སྙིང་ཉེས་བཟོ།།

བོད་པ་ཕལ་ཆེར་ཆོས་ལ་དད།།
རྒྱ་མི་ཕལ་ཆེར་རྒྱུ་ལ་དགའ།།
རྒྱ་གར་ཕལ་ཆེར་སྨྲ་ལ་མཁས།།
སོག་པོ་ཕལ་ཆེར་ཤ་ཆང་ངོ་།།

མཐོང་རྒྱ་ཆེ་རྣམས་ཆུང་སར་ལྟ།།
ཤེས་རྒྱ་ཆེ་རྣམས་བྱེ་བྲག་འབྱེད།།
དཔལ་འབྱོར་ཆེ་རྣམས་སྒོར་ཟུར་ཏེ།།
རིན་ཆེན་གང་ཡིན་ཕལ་ཆེར་ཆུང་།།

འདོད་ཆུང་ཕལ་ཆེར་མི་ཚེ་སྐྱིད།།
ཁང་ཆུང་ཕལ་ཆེར་བག་ཕེབས་ཆེ།།
ལོ་ཆུང་ཕལ་ཆེར་གསོན་ཤུགས་ཡག །
ཐབ་ཆུང་ཕལ་ཆེར་མེ་དབལ་ཚ།།

ཤ་ཚིལ་རོལ་རྣམས་ཤ་ཡིས་འཆི།།
དྲག་རྩལ་ཅན་རྣམས་མཚོན་གྱིས་གསོད།།
རྫས་སྦྱོར་མཁན་རྣམས་རྫས་ཀྱིས་ཏེ།།
རྩོམ་མཁན་དག་ལའང་རྩོམ་གྱིས་འཚེ།།

འགྱོད་པ་མེད་ན་ལམ་ཁ་ཡངས།།
ཞེན་ཆགས་མེད་ན་འགྲོ་ལམ་བདེ།།
འགྱོད་མེད་ཆགས་མེད་མི་ཚེ་དེ།།
བབས་ཤུལ་མེད་པའི་བྱ་དང་འདྲ།།

རྩོམ་སྔ་མ།མྱོང་གླེང་དྲུག་པ།
རྩོམ་རྗེས་མ།བྱང་ཆུབ་མཆོད་པའི་མེ་ཏོག
ཆུང་ཚེ་རིང་།
ཆུང་ཚེ་རིང་། བོད་དུ་སྐྱེས། རྒྱ་གར་དང་ཁེ་ཎ་ཌ། ཧྥ་རན་སི་སོགས་སུ་སློབ་སྦྱོང་དང་ལས་ཀ་བྱས། ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་པ་དང་ཉམས་ཞིབ་པའི་འགན་ཁུར་མྱོང་། ད་ལྟ་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་དཔོན་དང་། མི་རིགས་སྤྱི་ཚོགས་ཞབས་ཞུ་མཉམ་ལས་ཁང་གི་ལས་འཆར་འགན་འཛིན། ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་མི་ཆའི་ལས་ཁུངས་ཀྱི་སྐད་སྒྱུར་བ་བྱེད་མུས།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།