མདུན་ངོས། མྱོང་བྱང་། སེམས་བསྐྱེད་ཆ...

སེམས་བསྐྱེད་ཆ་འདྲ།

༡༨༩༠༠༦

༄༅།  །རང་ཉིད་ཕྱི་ལོ་ ༡༩༩༢ ལོར་ཝཱ་རཱ་ཎ་སཱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་སློབ་དཔོན་གྱི་གནས་རིམ་ལེགས་པར་རྒྱུགས་འཕྲོད་ཐོན།  དེ་ནས་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་དུ་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་དགེ་རྒན་དང་།  བོད་ཡིག་གི་དཔར་སྐྲུན་རྩོམ་སྒྲིག་པའི་ལས་འགན་བསྒྲུབས་དང་སྒྲུབ་བཞིན་པ་ཡིན། དུས་ཡུན་དེའི་རིང་ཅུང་ཟད་བློ་ཁ་ཚིམ་པ་བྱུང་བ་དེ་ནི་རིས་མེད་ན་གཞོན་ཅི་རིགས་ལ་བོད་ཀྱི་སྐད་ཡིག་གི་ས་བོན་གྲུང་པོ་ཞིག་བཏབ་ཐུབ་པ་དེ་ཡིན།  སློབ་འཁྲིད་ཀྱི་བརྒྱུད་རིམ་ནང་གནས་ཚད་རིམ་པར་བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད། ནང་ཆོས་དང་ལོ་རྒྱུས། རྩོམ་རིག་བཅས་ངོ་སྤྲོད་བྱེད་རྒྱུ་བྱུང་བས་མ་ཚད་བོད་ཀྱི་བརྡ་སྤྲོད་ཀྱི་ཕྱག་དཔེ་ཞིག་ཀྱང་ཐོན་ཐུབ་པ་བྱུང་ཡོད།  རྟེན་འབྲེལ་བཟང་བ་ཞིག་ལ་ཕྱི་ལོ་ ༢༠༡༢ ལོར་བོད་ཀྱི་བརྡ་སྤྲོད་ནག་ཊིཀཿ  སྐད་ཡིག་ལག་བཅངས་ཞེས་པ་དེ་ཐོན་མ་ཐག་སྨིན་གྲོལ་གླིང་བཤད་གྲྭ་ནས་བོད་ཀྱི་བརྡ་སྤྲོད་སློབ་འཁྲིད་ཆེད་མགྲོན་འབོད་བྱུང་བ་བཞིན་དེ་གར་བཅར་ཏེ་དགེ་འདུན་འདུས་མང་ལ་སློབ་འཁྲིད་བྱེད་རྒྱུའི་གོ་སྐབས་ཤིན་ཏུ་བཟང་པོ་ཞིག་ཐོབ་བྱུང་།  གཞན་ཡང་ཝཱརཱཎསཱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་ཕྱི་ལོ་ ༢༠༠༤ ལོར་ལོ་རངས་པོ་གཅིག་དང་།  དེ་ནས་སླར་ཡང་ཟླ་འགའ།  དེ་ནས་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་དགེ་འོས་འཛིན་གྲྭ་མི་ཉུང་བ་ཞིག་ལའང་བོད་ཀྱི་སྐད་ཡིག་སློབ་འཁྲིད་བྱེད་རྒྱུའི་གོ་སྐབས་ཐོབ་མྱོང་།།

མཚམས་འདིར་དངོས་སྒྲུང་ཞིག་ཤོད་པར་འདོད། དེ་ཡང་། རབ་གནས་ཤིང་ལུག་ནས་ལུགས་ལྡོག་ཏུ་རྩིས་པའི་ལོ་ངོ་ཉི་ཤུ་རྩ་ལྔའི་གོང་རོལ་དུ་རང་ཉིད་ལ་བྱུང་བའི་གནས་ཚུལ་ཞིག་ཕྱིར་དྲན་བྱེད་པ་ལ།  ཕལ་ཆེར་ཕྱི་ལོ་ ༡༩༩༢ ལོར་ཡིན་པ་ཡོད། ཉིན་ཞིག་ངས་འཕགས་ཡུལ་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དང་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་ར་བ་གཅིག་གི་ནང་དུ་རྟེན་གཞི་བྱེད་པའི་རིགས་ལམ་སློབ་གཉེར་ཁང་གི་སྦྱར་ཡིག་གསལ་བསྒྲགས་ཤིག་མཐོང་བྱུང་། རིགས་ལམ་སློབ་གྲྭ་ནི་ཕལ་ཆེར་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བདུན་ཅུ་དོན་གྲངས་ནང་བོད་གཞུང་སློབ་གྲྭ་ཁག་ནས་སློབ་མ་མཐར་ཕྱིན་ཁག་ཅིག་ལ་དེང་རབས་ཀྱི་སློབ་ཚན་སྟེང་དུ་གཙོ་བོ་བོད་ཀྱི་ཤེས་བྱ་མཁོ་སྤྲོད་གནང་ཕྱིར་ཆེད་དུ་མངགས་ནས་ཤཱཀྱའི་དགེ་སློང་ཞིང་གཤེགས་དགེ་བཤེས་བློ་བཟང་རྒྱ་མཚོ་མཆོག་གིས་ཐོག་མར་དབུ་འཛུགས་བཀའ་དྲིན་བསྐྱངས་ཡོད། དེ་ནས་རིམ་གྱིས་ཡན་ལག་དང་ཉིང་ལག་རྒྱས་ཏེ་ད་ལྟའི་ས་རཱའི་མཐོ་སློབ་དེ་ཡང་རིགས་ལམ་སློབ་གཉེར་ཁང་གི་ཡན་ལག་མཐོ་སློབ་གཅིག་ཡིན་པ་རེད། རིགས་ལམ་སློབ་གྲྭ་དེ་དབུ་འཛུགས་སྐབས་བཞུགས་སྒར་དུ་ཡོད་པའི་མཚན་ཉིད་རྩོད་གྲྭ་ཡོད་ས་གཅིག་པུ་དེ་ཡིན་པས་ན་མང་ཚོགས་ཀྱིས་རིགས་ལམ་སློབ་གྲྭ་ལ་མཚན་ཉིད་གྲྭ་ཚང་ཞེས་འབོད་ཀྱིན་ཡོད། ཐོག་མར་དབུ་འཛུགས་སྐབས་ཕལ་ཆེར་སློབ་མ་གསར་ཞུགས་རྣམས་རབ་བྱུང་ཤ་སྟག་ཡིན་ཅིང་། དེ་ནས་ཐོན་པའི་སློབ་མ་ཕལ་ཆེ་བ་གནའ་དེང་གི་ཤེས་བྱས་རབ་ཏུ་ཕྱུག་པར་གྱུར་ཏེ་རང་རེའི་སྤྱི་ཚོགས་ནང་སྲི་ཞུ་སྒྲུབ་བཞིན་པ་ལགས་སོ། །སྟབས་མ་ལེགས་པ་ཞིག་ལ་མི་ཉུང་བ་ཞིག་ནི་ད་ལྟ་སྐྱ་སར་ལྷུང་ཡོད། འོན་ཀྱང་ཁོང་ཅག་གང་གིས་ཀྱང་། བསླབ་ཚུལ་ལང་ཚོ་ཉམས་ན་ཡང་། །ཤེས་རབ་ལང་ཚོ་ག་ལ་ཉམས། །གླང་ཆེན་ཤི་བའི་མཆེ་བ་ལའང་། །བ་སོར་ཆེས་ཆེར་བསྔགས་ལ་ལྟོས། །ཞེས་པའི་ཚིགས་བཅད་ནང་དོན་ཧ་ཅང་དམན་པའི་བསམ་ཚུལ་འཁྱེར་མཁན་བྱུང་བ་དེ་འདྲ་རྩ་བ་ནས་གོ་ཐོས་མ་བྱུང་བས་འདི་ནི་དགའ་འོས་པའི་གཏམ་ཞིག་མ་ལགས་སམ། གང་ལགས་ཤེ་ན། ཚིགས་བཅད་འདི་ཡི་ནང་དོན་ནི་མདོ་རྒྱུད་བསྟན་བཅོས་དགོངས་འགྲེལ་དང་བཅས་པས་ཤེས་རབ་ཀྱི་བསླབ་པ་དང་ཏིང་ངེ་འཛིན་གྱི་བསླབ་པ་རྣམ་གཉིས་ཚུལ་ཁྲིམས་ཀྱི་བསླབ་པ་གཞི་རྟེན་བྱེད་པ་ལས་སྐྱེ་བར་གསུངས་པ་དང་དངོས་སུ་འགལ་བ་མ་ལགས་སམ།།

ད་ནི་དཀྱུས་སུ་འཇུག་པར་བྱ་བ་ལ། གོང་དུ་བཤད་པའི་སྦྱར་ཡིག་གསལ་བསྒྲགས་དེའི་ནང་དོན་ནི། གྲྭ་པ་ནད་པ་སྐྱབས་མེད་མགོན་མེད་ཅིག་ལ་མཁལ་མའི་སྦྱིན་པ་གཏོང་མཁན་གཅིག་དགོས་པ་དེ་རེད་འདུག །གསལ་བསྒྲགས་དེ་མཐོང་ནས་དེ་ཉིན་ངས་དགོང་མོ་བསམ་བློ་མང་པོ་བཏང་ནས་ནམ་ལངས་མ་ཐག་རང་གི་མཁལ་མ་སྦྱིན་པ་གཏོང་རྒྱུའི་ཐག་གཅོད་བྱས་ཏེ་མཚན་ཉིད་གྲྭ་ཚང་གི་ཡིག་ཚང་ཕྱོགས་སུ་བསྐྱོད། དེ་གར་གསལ་བསྒྲགས་དེའི་སྐོར་སྐད་ཆ་དྲིས། ཡིན་ནའང་སྟབས་མ་ལེགས་པ་ཞིག་ལ་སྐད་ཆ་འདྲི་ཡུལ་མི་དེ་ཡིས་གསལ་བསྒྲགས་དེ་རྙིང་པ་རེད། ད་ལྟ་ཡོད་མ་རེད་ཅེས་བཤད་བྱུང་། དེ་ནས་ག་ལེར་རང་ཉིད་སྡོད་ས་གངས་ཅན་སྐྱིད་གཤོངས་སུ་ཆགས་པའི་བོད་ཀྱི་དཔེ་མཛོད་ཁང་གི་རང་ཤག་ཏུ་ལོག་ཡོང་བ་ཡིན། སྤྱོད་འཇུག་ཆེན་མོའི་ནང་བསམ་བློ་དེ་རིགས་ནམ་མཁའི་གློག་ལྟར་འཁྱུག་ཙམ་འཁྱུག་ཙམ་སྐྱེ་བ་མ་གཏོགས་ཡུན་རིང་མི་སྡོད་པར་གསུངས་ཡོད། དངོས་འབྲེལ་བདེན་པ་རེད་འདུག་ བསམ་བློ་ཧ་ལས་པའི་བཟང་པོ་དེ་སྐབས་དེ་དུས་སྐྱེས་པ་ཙམ་མ་ཟད་འཕྲལ་མར་ལག་ལེན་དུ་འགེལ་རྒྱུའི་ཆོད་སེམས་ཀྱང་བསྟེན་རྒྱུའི་གོ་སྐབས་བྱུང་། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་དགེ་ཚོགས་རླབས་པོ་ཆེ་དེ་གསོག་རྒྱུའི་གོ་སྐབས་ང་ལ་ཐོབ་ཡོད་པ་མ་རེད། སྤྱོད་འཇུག་ཆེན་མོ་ལས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་བར་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐངའགའ་བྱུང་། །ཞེས་གསུངས་པ་དེ་ཡིས་ངའི་སེམས་བསྐྱེད་ཆ་འདྲའི་བསམ་བློ་དེར་བདེན་དཔང་བྱེད་པ་མིན་ནམ་སྙམ། དེ་ནས་ད་བར་བསམ་བློ་ཧ་ཅང་བཟང་པོ་དེ་རིགས་སྐྱེས་མ་བྱུང་། སྤྱོད་འཇུག་ཆེན་མོར་གསུངས་པ་དེ་དངོས་འབྲེལ་བདེན་པ་བདེན་རྐྱང་ཡིན་པའི་ཡིད་ཆེས་བཟང་པོ་ཞིག་སྐྱེ་བཞིན་མཆིས། རྗེ་རིན་པོ་ཆེས་དགེ་བ་ལ་རྗེས་སུ་ཡི་རང་དང་། ལྷག་པར་སྔོན་བྱས་རང་གིས་བྱས་པའི་དགེ་བ་ལ་རློམ་སེམས་བྲལ་བའིདགའ་བ་ཆེར་བསྐྱེད་ན་སྔོན་ཆད་དགེ་བ་གོང་དུ་འཕེལ་བ་དང་གཞན་ཡང་དགོས་པ་མང་པོ་ཡོད་པས་དཀའ་ཚེགས་མེད་པའི་ཚོགས་རླབས་པོ་ཆེ་གསོག་རྒྱུ་ནི་རྗེས་སུ་ཡི་རང་ཡིན་པས་དེར་འབད་དགོས་ཞེས་བཀའ་གནང་ཡོད། ངས་རྟག་ཏུ་བསམ་བློ་བཟང་པོ་འདིར་རྗེས་སུ་ཡི་རང་བྱེད་བཞིན་ཡོད། རྟོགས་བརྗོད་མདུན་ལེགས་མ་ལས། འབད་པ་ཆུང་ངུས་རླབས་ཆེན་ཚོགས་སྡུད་ལ། །དགེ་ལ་རྗེས་སུ་ཡི་རང་མཆོག་ཏུ་གསུངས། །ཁྱད་པར་རང་གིས་སྔོན་བྱས་དགེ་བ་ལ། །རློམ་སེམས་བྲལ་བའི་དགའ་བ་ཆེར་བསྐྱེད་ན། །སྔོན་བྱས་དགེ་བ་གོང་དུ་འཕེལ་ལོ་ཞེས། །རྒྱལ་བས་གསུངས་པའི་དོན་དེ་བསྒྲུབ་ཕྱིར་དང་། །དགོས་པ་གཞན་ཡང་མང་དུ་མཐོང་བས་ན། །སེམས་ཁྱོད་དགའ་བ་འདི་ལྟར་བསྐྱེད་ན་ལེགས། །ཞེས་གསུངས་ཡོད་དོ། །ན་གས་ཕུལ།།

 

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།