མདུན་ངོས། དཔེ་དེབ་ངོ་སྤྲོད། སྒེའུ་ཁུང་ཆུང...

སྒེའུ་ཁུང་ཆུང་ཆུང་། ཡུལ་ལྗོངས་གསལ་པོ།

༨༩༥༠

༄༅།། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་དང་དོན་གཅོད་ཟུར་པ། གཟིགས་སྐོར་སྐུ་ཚབ་ཚོགས་པ་མཐའ་མའི་འབྲེལ་ཡོད་མི་སྣ་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས་ཤིང་། བོད་ཀྱི་དཔེ་མཛོད་ཁང་གིས་པར་དུ་བསྐྲུན་པའི་དཔེ་དེབ་“བོད་ལ་གཟིགས་སྐོར་སྐུ་ཚབ་མཐའ་མའི་ལོ་རྒྱུས”ཞེས་པ་དེ་ནི། ཉེ་ཆར་ཐོན་པའི་བོད་ཡིག་དཔེ་དེབ་ཁག་གི་ནང་ནས་ཡག་ཤོས་ཤིག་རེད།

ངས་དཔེ་དེབ་འདི་བཀླགས་རྗེས་སེམས་ལ་འཆར་ཡོང་བའི་ཚིག་ནི་ “སྒེའུ་ཁུང་ཆུང་ཆུང་། ཡུལ་ལྗོངས་གསལ་པོ་”ཞེས་པ་དེ་རེད། དེ་ཡང་དཔེ་དེབ་འདིར་ཤོག་ངོས་ ༣༠༠ ལྷག་ཙམ་ལས་མེད་རུང་། དེས་བོད་ལ་གཟིགས་སྐོར་དུ་ཕེབས་པའི་སྐུ་ཚབ་ཚོགས་པ་སྤྱིའི་གནས་ཚུལ་མདོར་བསྡུས་དང་། བྱེ་བྲག་ཏུ་སྐུ་ཚབ་ཚོགས་པ་མཐའ་མའི་ལོ་རྒྱུས་རྣམས་འགོ་ནས་མཇུག་བར་ཉིན་ཐོའི་རྣམ་པར་ཞིབ་པར་བཀོད་ཅིང་། བར་བར་དུ་གསལ་བཤད་དང་ཁ་སྣོན། དཔེ་དེབ་གཞན་ནས་ལུང་འདྲེན་དཔྱད་ཞིབ་དགོས་རིགས་རྒྱས་བསྡུས་གཉིས་ཀྱི་མཐའ་ལ་མ་ལྷུང་བ། སྐུ་ཚབ་རྣམ་པའི་ལོ་རྒྱུས་དང་འབྲེལ་ཡོད་ཡིག་ཆ་རྣམས་ལྟ་བདེ་བ་དང་། བརྗོད་དོན་དངོས་དང་མ་འཁྲུག་པའི་ཆེད་དཔེ་དེབ་ཀྱི་མཇུག་ཏུ་བཀོད་པ། བོད་སྤྱི་དང་སྐུ་ཚབ་རྣམ་པ་ཕེབས་སའི་ས་བཀྲ་ཡང་ཡོད་པ་བཅས། མདོར་ན་དཔེ་དེབ་འདིའི་སྒེའུ་ཁུང་ནས་གཟིགས་ན། བོད་ནང་གཟིགས་སྐོར་སྐུ་ཚབ་ཚོགས་པ་ཐེངས་བཞི་པ་ཕེབས་པའི་གནས་ཚུལ་ཞིབ་ཕྲ་མཐོང་ཐུབ།

 དཔེ་དེབ་འདིའི་ནང་། ཟླ་དུས་ཚེས་གྲངས་སོ་སོར་རྒྱ་ནག་གི་དཔོན་རིགས་ཚུད་པའི་མི་སྣ་སུ་དང་སུ་དང་ཐུག་པ་དང་། དེ་ཚོ་དང་བཀའ་མོལ་ག་རེ་བྱུང་བ། བོད་ནང་གི་གནས་སྟངས་དང་བོད་མི་ཚོའི་རེ་འབོད། ཐ་ན་སྐུ་ཚབ་ཚོ་བཞུགས་སའི་མགྲོན་ཁང་གི་ཁང་མིག་ཨང་གྲངས་ཚུན་ནས་གསལ་བར་བཀོད་འདུག་ལ། གྲའུ་དཔོན་རིན་ཆེན་ཚེ་རིང་གིས་༸གོང་ས་མཆོག་དང་བོད་གཞུང་ལ་དབུ་བསྐོར་ཞུས་པ་དང་། ཨ་ལགས་འཇིགས་མེད་ཀྱིས་གཟབ་ནན་མ་གནང་བས་སྐུ་ཚབ་ཚོགས་པའི་གནད་ཆེའི་ཡིག་ཆ་རྒྱ་ལག་ཏུ་ཤོར་གྲབས་བྱས་པ། རྒྱ་གཞུང་གིས་༸གོང་ས་མཆོག་གི་ཐད་འཛིན་པའི་སྲིད་བྱུས་དོན་ཚན་ལྔ་སྐུ་ངོ་རྒྱ་ལོ་དོན་གྲུབ་ཀྱིས་༸གོང་ས་མཆོག་དང་བཀའ་ཤག་ལ་སྙན་གསན་ཞུས་ཡོད་མེད། པཎ་ཆེན་རིན་པོ་ཆེ་དང་། ང་ཕོད། འབའ་པ་ཕུན་ཚོགས་དབང་རྒྱལ་སོགས་ཀྱིས་སྐུ་ཚབ་ཚོགས་པར་བཀའ་མོལ་ག་རེ་གསུངས་ཡོད་མེད་སོགས་སྦས་སྐུང་མེད་པར་བཀོད་འདུག་པས། དེང་རབས་བོད་ཀྱི་ལོ་རྒྱུས་ལ་དོ་སྣང་གནང་མཁན་ཚོས་ངེས་པར་གཟིགས་དགོས་པའི་དཔེ་དེབ་ཅིག་རེད་འདུག

དེབ་མིང་། བོད་ལ་གཟིགས་སྐོར་སྐུ་ཚབ་མཐའ་མའི་ལོ་རྒྱུས།

རྩོམ་པ་པོ། བསྟན་འཛིན་ཕུན་ཚོགས།

ཤོག་གྲངས།    ༣༠༠ ལྷག

རིན་གོང་། ཧིན་སྒོར་ ༢༧༠

མཆན་གཅིག

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།