སློབ་གཉེར་ཁང་གི་ལས་རྟགས་དང་མཚོན་རྟགས་གཞན་ཁག་ཅིག་གི་སྐོར།
ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་འདི་ཉིད་ཀྱི་ཀྱག་ཀྱོག་ཆེ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་རྣམས་མཐོ་སློབ་འདིའི་ལས་རྟགས་དང་། དར་ཆ། བསླབ་པ་མཐར་སོན་པའི་ཆས་གོས་སོགས་ལས་ཕྱོགས་ཙམ་རྟོགས་ཐུབ་ཅིང༌།༼ཕྱི་ལོ་༢༠༠༠ ཟླ ༣ ཚེས ༡༥ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་དེ་དག་གི་རྒྱབ་ལྗོངས་ཀྱི་འགྲེལ་བཤད་གནང་བར་གཞིར་བཟུང་སྟེ་གཤམ་དུ་ཏོག་ཙམ་འགོད་རྒྱུ་ཡིན།༽
དང་པོ། ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་གི་ལས་རྟགས།
ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལས་རྟགས་འདི་ཉིད་ནི་ཕྱི་ལོ་༡༩༧༡ལོ་ནས་གསར་བཟོ་བྱས་ཤིང་། དེ་ཡང་ལས་རྟགས་ཀྱི་གྲུབ་ཆ་ནི།
ལས་རྟགས་ཕྱེད་ཀ་ནི་ཝཱ་རཱ་ཎ་སཱིའི་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་གི་ལས་རྟགས་ལས་ཟུར་བཏོན་ཏོག་ཙམ་བྱས་པ་དང༌། ཕྱེད་ཀ་ནི་བོད་གངས་ཅན་ལྗོངས་སུ་ཡོད་པའི་བསམ་ཡས་གཙུག་ལག་ཁང་གི་ཁང་རྩིག་གི་དཔེ་རིས་པདྨ་དང་གླེགས་བམ། རལ་གྲི་སོགས་ཟུར་བཏོན་མཛད། དེ་དག་ཡོངས་སུ་ཕྱོགས་བསྡོམས་གནང་ནས་བཟོས་པ་ཞིག་ཡིན་ལ། མཐོ་སློབ་འདིའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་དམིགས་ཡུལ་སོགས་ཀྱང་འབུར་དུ་བསྟན་གྱི་ཡོད། དེ་ཡང་ལས་རྟགས་འདིའི་མཚོན་དོན་
༼སྔར་གྱི་ལས་རྟགས།༽
གཙོ་བོ་ནི། ཤེས་རིག་གི་བསྟི་གནས་ཤིག་ལ་མཚོན་ན། མཁས་པའི་ཡོན་ཏན་འཆད་རྩོད་རྩོམ་གསུམ་མཚོན་ཞིང་། འཇིག་རྟེན་ལས་འདས་པའི་དབང་དུ་བྱས་ན་མཁྱེན་བརྩེ་ནུས་གསུམ་མཚོན་གྱི་ཡོད།
ཕྱི་ལོ ༢༠༠༨ ལོར་༧མགོན་པོ་གང་ཉིད་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་དུ་ཕེབས་སྐབས་སུ་རྒྱ་གར་དབུས་གཞུང་ནས་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་དེ་གཙུག་ལག་སློབ་གཉེར་ཁང་གི་རྣམ་པ་རུ་ངོས་ལེན་ཐོབ་པའི་གསལ་བསྒྲགས་བསྐྱངས། དེར་བརྟེན་ལས་རྟགས་ཐོག་གི་མིང་ལ་སྒྱུར་བཅོས་ཏོག་ཙམ་མཛད།
༼ད་ལྟའི་ལས་རྟགསས༽
གཉིས་པ། ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་གི་དར་ཆ།
མཐོ་སློབ་ཀྱི་དར་ཆ་ནི། ཕྱི་ལོ ༡༩༨༨ ལོར་ཝཱ་ར་ཎ་སཱིར་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་ལས་ཕྱིར་ཐོན་པ་དང་རིམ་པས་ཆ་འདྲ་བའི་གཙུག་ལག་སློབ་གཉེར་ཁང་གི་མཚན་གནས་རག་རྗེས་གསར་བཟོ་གནང་། དེ་ཡང་རྩ་བའི་གཙུག་ལག་སློབ་གཉེར་ཁང་ཚད་ལྡན་ཡོངས་རྫོགས་ལ་ལས་རྟགས་དང༌། མིང་། དར་ཆ། སྒྲིག་གཞི་སོགས་དགོས་ཀྱི་ཡོད་པ་རེད། བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་འདི་ཉིད་ཀྱང་ཆ་འདྲ་བའི་གཙུག་ལག་སློབ་གཉེར་ཁང་དུ་འགྱུར་མ་ཐག་རྒྱ་གར་དབུས་གཞུང་གིས་གཙུག་ལག་སློབ་གཉེར་ཁང་ཡོངས་རྫོགས་གློ་བུར་དུ་ཚོགས་འདུ་ཞིག་སྐོང་འཚོགས་བྱས་སྐབས་སུ།

མཐོ་སློབ་ཀྱི་དར་ཆ་དེ་ལམ་སེང་འཁྱེར་དགོས་པས། ཚ་ཚ་འུར་འུར་དུ་བཟོས་པ་ཞིག་རེད་འདུག དར་ཆ་དེའི་ཚོན་མདོག་ནི་བོད་རྒྱལ་ཁབ་ཀྱི་རྒྱལ་དར་ལ་གཞི་འཛིན་ཞིང༌། སྤྱིར་བོད་རྒྱལ་ཁབ་ཀྱི་མཚོན་མདོག་ནི་དཀར་དམར་སྔོ་གསུམ་ཡིན་པས། མཐོ་སློབ་ཀྱི་ལས་རྟགས་ཀྱང་ཁྲ་ཁྲ་ཟིང་ཟིང་མེད་པར་ཚོན་མདོག་དེ་རྣམས་ལྷུ་བསྒྲིགས་ཏེ་བཀོད་ཡོད་འདུག གློ་བུར་དུ་གཟིགས་ན་བོད་ཀྱི་རྒྱལ་དར་དང་འདྲ་ཤས་ཆེན་པོ་འདུག
༼ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་གི་དར་ཆ།༽
གསུམ་པ། བསླབ་པ་མཐར་སོན་པའི་ཆས་གོས།
དེང་དུས་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་བསླབ་པ་སློབ་གཉེར་མཐར་སོན་རྗེས་ལག་འཁྱེར་ལེན་སྐབས་སུ་ཐུན་མོང་མ་ཡིན་པའི་ཆས་གོས་གྱོན་པ་དང་། རོ་བརྒྱ་ཕུན་སུམ་ཚོགས་པའི་ཟས་རིགས་སོགས་བཤམས་ནས་རྟེན་འབྲེལ་དགའ་སྟོན་རྒྱ་ཆེར་བྱེད་པའི་ལུགས་སྲོལ་དེ་འཛམ་གླིང་ཤར་ནུབ་ཀུན་ལ་ཡོད།





