མདུན་ངོས། མྱོང་བྱང་། མྱོང་གླེང་། ད...

མྱོང་གླེང་། དང་པོ།

༤༣༦༩༢༤

“འདས་པའི་ཆོས་ལ་རྟོག་གོ །མ་འོངས་པའི་ཆོས་ལ་རྟོག་གོ །ད་ལྟར་འབྱུང་བའི་ཆོས་ལ་རྟོག་གོ །དེ་དག་གིས་བརྟགས་ནས་མིང་དང་གཟུགས་ལ་མངོན་པར་ཞེན་ཏོ།།” འཕགས་པ་བརྒྱད་སྟོང་པ་ལས།

གཉིད་ལས་སད་དུས་ད་དུང་སྔ་པོ་ཡིན་པ་ཚོར། ཁ་པར་ལ་བལྟས་པས་སྔ་དྲོའི་ཆུ་ཚོད་དྲུག་པ་རེད། ཆུ་ཚོད་དྲུག་པར་འཆར་ཅན་གཉིད་སད་ཡོང་བ་འདི་གོམས་གཤིས་ཤིག་རེད།

བོད་པས་དགོང་མོ་མི་ཉལ་རྟ་དང་འདྲ། ཞོགས་པ་མི་ལངས་བ་དང་འདྲ་ཞེས་ངན་པར་བརྩི་སྲོལ་ཡོད་ཀྱང་། སྔ་མོ་ངས་མཚན་ཕྱི་པོ་བར་མི་ཉལ་ཅིང་། ཞོགས་པ་ཕྱི་པོ་བར་མི་ལངས། དེ་ཡང་སློབ་གྲྭར་ཡོད་དུས། སློབ་གྲོགས་འགའ་ཞིག་ཕྲན་ལ་འགྲན་སེམས་ཆེ་བས། ངས་ག་དུས་སློབ་སྦྱོང་བྱས་ནའང་ཁོང་ཅག་མི་བདེ་བ་ཆགས་འགྲོ། དེ་བས་ངས་ཉིན་མོ་ཟ་ཁང་དང་ཇ་ཁང་དག་ཏུ་འཁྱམས་ནས་གང་དགའ་གང་སྐྱིད་བྱས། མཚན་ཕྱི་པོ་གཞན་རྣམས་གཉིད་ཁུག་ཚར་དུས། དཔེ་ཀློག་དང་གཞུང་དོན་སྦྱངས་པས་གོམས་གཤིས་དེ་འཇགས། ལུས་ལ་རྩོལ་བ་ཆུང་བས་ཤ་རྒྱས། ཁམས་ཉོག །ཐ་མ་འཕྲོད་བསྟེན་གྱི་དཀའ་ངལ་འཕྲད་པས་ ༢༠༠༨ ལོ་ནས་མི་འདོད་བཞིན་དུ། ཞོགས་པ་ཆུ་ཚོད་དྲུག་པ་ནས་ལངས་ཏེ། ཕྱག་འཚལ་བསྐོར་སྦྱོང་བྱེད་པར་གཞོལ། དེ་ནས་རིམ་གྱིས་གོམས་ཏེ་དེང་སང་གུང་གསེང་གི་སྐབས་སུའང་ཆུ་ཚོད་དྲུག་པར་གཉིད་སད་འོང་།

དེ་རིང་སྔ་པོ་ནས་གཉིད་སད་རུང་ལངས་འདོད་མི་འདུག །ཧ་ལམ་གཟུགས་པོར་ཤུགས་མེད་པ་ལྟ་བུར་ཚོར། དེ་ནི་ཕལ་ཆེར་ཁ་སང་ནས་ཆམ་ནད་ཅིག་ཕོག་པ་དེས་བྱས་པ་འདྲ། མལ་དུ་ཉལ་བཞིན་མིག་ཧུ་རེར་སྒང་གི་ཐོག་ལ་བལྟས། དེ་ནས་འོག་གི་ཉལ་ཁྲིར་བལྟས། དེ་ནས་ཉལ་ཁང་། ད་དུང་ཁ་པར་ ་ ་ དེ་ཚོར་བལྟ་བཞིན་ང་ཚོའི་འཚོ་བའི་ནང་ལ་གྲུ་བཞིའི་དབྱིབས་དེ་མང་བ་ལ་ཨ་དྲན།

ཞོགས་པ་མལ་ལས་ལྡང་སའི་ཉལ་ཁྲི་དེ་གྲུ་བཞི་ནར་མོ་ཞིག་རེད། ལག་ཏུ་བླངས་ནས་བལྟ་སའི་ཁ་པར་དེ་ཡང་གྲུ་བཞི་ནར་མོ་ཞིག་རེད། སྡོད་སའི་ཁང་པ་དང་བལྟ་སའི་བརྙན་འཕྲིན་དེ་ཡང་གྲུ་བཞི་རེད། གང་སར་འགྲིམས་ཤིང་འགྲུལ་སའི་སྣུམ་འཁོར་དང་མེ་འཁོར། འགྲུལ་འཁོར་དག་ཀྱང་གྲུ་བཞི་རེད། ད་དུང་གློག་ཀླད་དང་གློག་གི་སམ་ཊ། ནག་པང་དང་དཀར་པང་། ཐ་ན་རོ་སྒམ་ཚུན་ནས་གྲུ་བཞིའི་དབྱིབས་རེད། ང་ཚོ་གྲུ་བཞིའི་ནང་དུ་སྐྱེས། གྲུ་བཞི་བཀོལ་ནས་འཚར། གྲུ་བཞིའི་ནང་དུ་འཆི་འགྲོ་བ་འདྲ། གྲུ་བཞི་འདི་གནད་ཆེ་བས། དཀྱིལ་འཁོར་མང་པོ་ཞིག་ཀྱང་གྲུ་བཞི་པ་དང་། སངས་རྒྱས་ཀྱི་བསྟན་པ་ཡང་གྲུ་བཞི་ལམ་འཁྱེར། སྤྱི་དོན་ཡང་འཕྱར་གྲུ་མཉམ་འདེགས་ཟེར་རང་ཟེར་ལ་ཡིན་ཡང་ཡིན་པ་འདྲ།

གློ་བུར་དུ། ཐྲག་ཐྲག་གི་སྒྲ་དང་བཅས་ངའི་བཟའ་ཟླ་ཉལ་ཁང་གི་སྒོར་འཛུལ་འོང་། ངས་རྩེད་མོ་དང་སྦྲགས་ད་དུང་གསོན་པོར་བསྡད་ཡོད། གློག་སྦར་ན་འགྲིག་ཅེས་བཤད་པས་ཁོང་གིས་གློག་སྤར། ཆམ་ནད་འདི་ཁོང་ལ་མ་བགོ་བའི་ཆེད་དུ་མདང་དགོང་ངེད་གཉིས་ལོགས་སུ་ཉལ། ཁོང་གིས་ང་ལ་ཁམས་འདྲི་བྱས་རྗེས་ཐབ་ཚང་དུ་སོང་ནས་ཇ་མངར་མོ་ཕོར་པ་གང་ངའི་གམ་དུ་བསྐྱལ། མདང་དགོང་གི་ཟླ་དཀར་ལ་བལྟས་ན། སང་ཉིན་ཚེས་ཆེན་བཅོ་ལྔ་ཡིན་པ་འདྲ་ཟེར། ངས་ད་དེ་འདྲ་ཞིག་ལ་སླེབས་ས་ཡོད་ཅེས་བཤད། ཇ་འཐུང་བཞིན་ཁ་པར་ཁ་ཕྱེ་ནས་སྐད་འཕྲིན་ལ་བལྟས་པས། ངའི་འཛིན་གྲོགས་གཅིག་པའི་ཚོགས་པ་ཞིག་གི་ནང་སྐད་ཆ་གསར་པ་ཉི་ཤུ་ལྷག་ཅིག་བཤད་འདུག་པས། མཐོང་བ་ཙམ་གྱིས་ད་ཉན་ཐུབ་ས་མ་རེད་དྲན། དེའི་འོག་དེར། ཆུ་ངོགས་འཁྱམས་པོས། སང་ཉིན་བོད་ཚེས་བཅོ་ལྔ་ཡིན་པས་དཀར་ཟས་ལ་རོལ་བར་སྨོན་ཞེས་པའི་འཕྲིན་ཐུང་ཞིག་བཏང་འདུག །ཆུ་ངོགས་འཁྱམས་པོ་ནི་སིད་ཎི་གྲོང་ཁྱེར་དུ་ཡོད་པའི་དགེ་འདུན་པ་ཞིག་ཡིན་ཞིང་། ཁོང་གིས་ང་ལ་འཆར་ཅན་འཕྲིན་ཐུང་རེ་མ་ཆད་པར་བཏང་ཡོང་བ་ནི་སྔ་དྲོ་བདེ་ལེགས་དང་། ལྷག་དཀར་བཟང་། ཚེས་བཟང་དུས་བཟང་གི་དྲན་སྐུལ་བཅས་རེད། ད་ཆ་དེ། ཆེ་རུང་ཆུང་རུང་ངའི་འཚོ་བའི་ཆ་ཤས་འདྲ་པོ་ཞིག་ཆགས་འདུག །ཁོང་གིས་འཕྲིན་ཐུང་དེ་ག་དུས་བཏང་འདུག་ལྟ་སྐབས། དེ་ནི་མདང་དགོང་བཏང་འདུག་པས་ངས་ལམ་སེང་བཟའ་ཟླ་ལ། ཕལ་ཆེར་ཚེས་ཆེན་བཅོ་ལྔ་དེ་རིང་ཡིན་ས་རེད་དོ།། ཞེས་བཤད། བཟའ་ཟླས་དེ་འདྲ་ཡིན་ན། དེ་རིང་མཆོད་འབུལ་དང་དཀར་སྐྱོང་བྱ་དགོས་ཟེར་བས། ངས་དོ་དོ་ཏན་ཏན་བཟོ་ཆེད་ལོ་ཐོར་བལྟས་པས། དེ་རིང་ཚེས་ཆེན་བཅོ་ལྔ་ཡིན་པ་མ་ཟད། དཔལ་དུས་ཀྱི་འཁོར་ལོའི་དུས་ཚེས་དམིགས་བསལ་བ་ཞིག་ཀྱང་ཡིན་པ་ཤེས།

མལ་ལས་ལངས་ཏེ། གསང་སྤྱོད་དུ་འགྲོ་སྐབས། སྒེའུ་ཁུང་ནས་ཉི་མའི་འོད་ཟེར་འཕྲོ་འོང་བ་མཐོང་། དེ་འཕྲལ་མཆོད་ཁང་དུ་སོང་ནས་སྒེའུ་ཁང་གི་ཤེལ་ཡོལ་ཕྱེ། མཆོག་གསུམ་གྱི་རྟེན་རྣམས་མཇལ། མཆོད་ཁང་གི་ཅོག་ཙེའི་སྒང་དུ། གཟའ་འཁོར་ཁ་ཤས་གོང་ནས་ཞལ་ཕྱེ་བའི་འཕགས་པ་ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་གླེགས་བམ་དེ་འདུག་པས། དེ་ནས་མར་ཤོག་གྲངས་སུམ་ཅུ་ཙམ་ཞིག་ཀློག །དེའི་ནང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་ནས་ཤེས་རབ་ཀྱི་ཕར་ཕྱིན་ནི་གཙོ་བོ་སྟེ། སྦྱིན་པ་དང་བཟོད་པ་སོགས་ཀྱང་ཤེས་རབ་ལ་མ་བརྟེན་པར་ཡོང་ཐབས་མེད་པས། ཤེས་རབ་ཀྱི་ཕར་ཕྱིན་ནི་ས་ལྟ་བུར་ཤེས་པར་བྱ་གསུངས་པ་དེས་ཡིད་འཕྲོག །

འཕགས་པ་བརྒྱད་སྟོང་པ་དང་། འབུམ་ཆུང་དང་། ཐར་མདོ། གཟུངས་བསྡུས། རྡོ་རྗེ་གཅོད་པ་རྣམས་ངའི་ཕ་མ་དྲིན་ཆེན་གཉིས་དང་ལྷག་པར་ཨ་མ་དྲིན་ཆེན་དེའི་དྲིན་ལས་ཆུང་དུས་ནས་ལན་མང་དུ་བཀླགས། བརྒྱད་སྟོང་པ་ཐོག་མར་ཀློག་དུས་ཉིན་བཞི་འགོར། དེ་ནས་ཇེ་མགྱོགས་སུ་སོང་སྟེ། མཐར་ཉིན་གཅིག་ལ་བརྒྱད་སྟོང་པ་དག་སྒྲོག་ཐུབ་པ་བྱུང་། དེ་ལྟར་འབྱུང་དོན་ནི། བརྒྱད་སྟོང་པའི་ནང་ཚིག་སྒྲོས་མང་པོ་ཞིག་བསྐྱར་ཟློས་ཡང་ཟློས་སུ་འབྱུང་བས། དེ་ཚོ་ངག་ལ་བྱངས་ཏེ་མྱུར་དུ་བརྗོད་ཐུབ་པས་རེད། ངས་ནམ་བརྒྱད་སྟོང་པ་དག་སྒྲོག་བྱས་ནའང་ཨ་མ་ཧ་ཅང་དགའ་འགྲོ། ཨ་མ་དགའ་ཕྱིར་ངས་ཀྱང་བརྒྱད་སྟོང་པ་མང་དུ་བཀླགས། ཚེ་འདིར་ཆུང་དུས་ཨ་མ་དགའ་དགོས་པའི་ལས་བྱས་པ་དེ་ཙམ་རེད།

བརྒྱད་སྟོང་པ་དང་གཟུངས་བསྡུས། མདོ་སྡེ་སྐལ་བཟང་། རྡོ་རྗེ་གཅོད་པ་སོགས་ནི་ཕ་ཡུལ་གྱི་ཁྱིམ་ཚང་མང་ཆེ་བར་ཡོད། དེ་ཚོ་ལོ་རེར་ཉུང་མཐར་དག་སྒྲོག་ཚར་རེ་ཐུབ་པ་དང་། དེ་ལྟར་མ་བྱུང་རུང་ཞལ་འབྱེད་ཅེས་དབུ་ནས་མར་ཤོག་གྲངས་འགའ་ཞིག་ཀློག་གི་རེད། དེ་དག་གི་ནང་ནས་བརྒྱད་སྟོང་པ་དང་རྡོ་རྗེ་གཅོད་པ་དར་ཆེ། ཕ་ཡུལ་དུ་དཔེ་ཆ་འདི་ཚོ་རྩ་ཆེན་དུ་བརྩིས་ཏེ་ཉར་བ་དང་། མཆོད་པ་དང་། ཀློག་པའི་སྲོལ་བཟང་པོ་ཡོད་པར་བརྟེན་ནས་ཕྲན་ཆུང་དུས་ནས་བོད་ཡིག་གི་དཔེ་ཆ་སྒྲ་དག་གསལ་མྱུར་དུ་ལྡན་པར་ཀློག་པར་བྱང་ཞིང་། བརྒྱད་སྟོང་པའི་མཇུག་གི་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་རྟོགས་བརྗོད་དེ་ཡང་ཡང་བཀླགས་ནས་སྙན་ངག་ལ་དགའ་བ་སྐྱེས། དཔེ་ཆའི་མདུན་ཤོག་གཡས་གཡོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ལོ་རྒྱུས་མི་སྣ་དག་གི་སྣང་བརྙན་དང་མཚན་མཇལ་ནས་དེ་དག་གི་ལོ་རྒྱུས་ལ་སྤྲོ་བ་སླེབས། མཇུག་གི་བསྒྱུར་བྱང་ཡང་ཡང་བཀླགས་པས། གླེགས་བམ་འདི་ལོ་ངོ་སྟོང་ཕྲག་རིང་མེས་པོ་ཚོས་མི་རབས་ནས་མི་རབས་བར། བོད་སྐད་དུ་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཡར་རྒྱས་སུ་བཏང་བའི་ཚུལ་རྣམས་ཡིད་ལ་ཤར་ཏེ་དེ་དག་གི་མཛད་པར་ཡི་རང་དང་། དད་པ་སྐྱེས། མདོར་ན་གླེགས་བམ་འདི། སངས་རྒྱས་ཀྱི་ཞལ་ནས་ཇི་ལྟར་གསུངས་པ་དེ་ལྟར་མ་ཆད་མ་ཉམས་མ་འཆོལ་བར་ད་ལྟའི་ངའི་མདུན་དུ་ང་རང་གི་སྐད་དུ་མཇལ་དུ་ཡོད་པ་འདི་ངོ་མཚར་ཆེ།

ཕྲན་ལ་ཡོད་པའི་བརྒྱད་སྟོང་པའི་གླེགས་བམ་འདི། དྷ་ས་ཤེས་རིག་དཔར་ཁང་གི་སྤར་མ་ཡིན་ཅིང་། འདིའི་པར་རྩའི་ཡིག་གཟུགས་གསལ་ལ་གཙང་། དཔེ་རིས་རྣམས་ཀྱང་གསོན་ཉམས་དོད། འདི་ཕྲན་གྱི་བུ་མོ་སྔ་ལོ་རྒྱ་གར་དུ་ལན་གཅིག་སོང་སྐབས་བླུ་ཡོན་ཞུས་ཏེ་འཁྱེར་འདུག་པས། རྩ་ཆེན་དུ་བརྩི་བཞིན་ཡོད།། །།

རྩོམ་སྔ་མ།མཐོང་འདོད་སྙིང་གི་ཚི་ལུ་ལགས།།
རྩོམ་རྗེས་མ།ངོ་དེབ།
ཆུང་ཚེ་རིང་།
ཆུང་ཚེ་རིང་། བོད་དུ་སྐྱེས། རྒྱ་གར་དང་ཁེ་ཎ་ཌ། ཧྥ་རན་སི་སོགས་སུ་སློབ་སྦྱོང་དང་ལས་ཀ་བྱས། ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་པ་དང་ཉམས་ཞིབ་པའི་འགན་ཁུར་མྱོང་། ད་ལྟ་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་དཔོན་དང་། མི་རིགས་སྤྱི་ཚོགས་ཞབས་ཞུ་མཉམ་ལས་ཁང་གི་ལས་འཆར་འགན་འཛིན། ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་མི་ཆའི་ལས་ཁུངས་ཀྱི་སྐད་སྒྱུར་བ་བྱེད་མུས།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།