མདུན་ངོས། ལོ་རྒྱུས། ཝཱ་ཎ་དབུས་བོད...

ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་བྱུང་རབས་མདོར་བསྡུས།༼དུམ་བུ་དགུ་པ།༽

༥༦༢༨༠༠

རིག་སྡེ་ཆེན་པོ་ལྔ་དང་སྡེ་ཚན་གཞན་ཁག

དེང་དུས་ཀྱི་ཤེས་རིག་ཕུན་སུམ་ཚོགས་པའི་སློབ་ཚན་ཁག་གི་སྦྱང་བྱ་དུ་མ་ཞིག་རྒྱ་གར་ནང་གི་གཙུག་ལག་སློབ་གཉེར་ཁང་དུ་ཡོད་ཅིང༌། ཝཱ་ཎ་མཐོ་སློབ་ཏུ་ཡོད་པའི་སློབ་ཚན་ཁག་ནི་༧གོང་ས་མཆོག་གི་དགོངས་པ་བཞིན་དུ། རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཤེས་རིག་དེ་དག་དེང་དུས་གཙུག་ལག་སློབ་གཉེར་ཁང་གི་ཤེས་རིག་ལྷན་དུ་གོམ་སྟབས་སྤོ་བའི་སློབ་ཚན་རང་ཡིན། ཆོས་སྡེ་ཆེན་པོ་གདན་ས་ཁག་ཇི་བཞིན་དུ་ནང་པའི་གཞུང་ལུགས་ཁག་ལ་ཐོས་བསམ་སྒོམ་གསུམ་རྒྱ་ཆེ་དང་གཏིང་ཟབ་མེད་ཅིང་། ད་ལྟའི་ཆར་ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་དུ་གནའ་དེང་ཟུང་དུ་འབྲེལ་བའི་སློབ་ཚན་ཁག་མང་པོ་ཞིག་དབྱེ་ཡོད་ཀྱང་། སློབ་ཚན་གཅིག་རང་ལ་རང་རྐྱ་འཕེར་བའི་སློབ་སྦྱོང་གནང་ས་ཆ་ཚང་བ་ཞིག་མེད། དེའི་ཐོག་ལའང་ངེས་པར་བསམ་ཞིབ་དང་འཕོ་འགྱུར་གཏོང་དགོས་པའི་དུས་ལ་སླེབས་འདུག་སྙམ། ལོ་ཤས་ཀྱི་གོང་དུ་༧གོང་ས་མཆོག་ནས་བོད་རིགས་ན་གཞོན་རྣམས་རིགས་གཅིག་རྐང་འཛིན་བྱེད་དགོས་པའི་བཀའ་སློབ་རིམ་པ་སྩལ་ཡོད། དེར་བརྟེན་བོད་ཀྱི་མཐོ་སློབ་ཁག་གི་སློབ་སྤྱིའམ་ཉེ་བའི་རིགས་བདག་རྣམ་པས་༧རྒྱལ་བའི་བཀའ་དགོངས་དོན་དུ་ཁེལ་བར་བྱ་ན། སློབ་ཚན་བྱེ་བྲག་པའི་ཐོག་ལ་རིགས་གཅིག་རྐང་འཛིན་བྱེད་རྒྱུའི་ཁོར་ཡུག་སྐྲུན་རྒྱུའི་དུས་ལ་སླེབས་འདུག་སྙམ།

༡༽ནང་དོན་རིག་པའི་སྡེ་ཚན།

བོད་མི་ན་གཞོན་དག་གིས་མཁྱེན་དགོས་པའི་གནད་དོན་ཞིག་ནི། ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་ནི་རྨོངས་དད་དང་ཆོ་ག་ཕྱག་ལེན་འབའ་ཞིག་ལ་བརྟེན་ཏེ་རྗེས་སུ་འཇུག་དགོས་པའི་ཆོས་ཤིག་གཏན་ནས་མིན། དེ་ནི་ནང་བསམ་བློའི་སྦྱོང་གཞི་ཞིག་དང་། ལྟ་གྲུབ་སོགས་བརྒྱ་ཆ་མང་ཆེ་བ་སྤྱི་ཚོགས་ཚན་རིག་གི་ཁོངས་སུ་གཏོགས་པ་ཡིན་ཟེར་ཆོག དེའི་ཁོངས་སུ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ནང་དོན་རིག་པའི་སྦྱང་གཞི་མི་འདྲ་བར་གསུམ་དབྱེ་ཡོད། ༡-རྒྱ་གཞུང་ཚན་པ། ༢-རང་གཞུང་ཚན་པ། ༣-བོན་གཞུང་ཚན་པ། ༡-༡-རྒྱ་གཞུང༌། རྒྱ་གར་གྱི་མཁས་གྲུབ་དང་རྒྱན་དྲུག་མཆོག་གཉིས་ལ་སོགས་པས་མཛད་པའི་གཞུང་ལུགས་དེ་དག་གི་སློབ་ཚན་ལ་རྒྱ་གཞུང་སློབ་ཚན་ཞེས་ཟེར། དཔེར་ན། སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མ་རིགས་སྒོ་ལྟ་བུའོ། ༢-༢-རང་གཞུང༌། སྟོན་པའི་བཀའི་དགོངས་པ་ཡིན་པ་གང་ཞིག་བོད་ཀྱི་ཆོས་བརྒྱུད་སོ་སོའི་མཁས་པ་དག་གིས་མཛད་པའི་བཀའ་འགྲེལ་གི་གཞུང་ལུགས་རྣམས་ལ་རང་གཞུང་ཞེས་བརྗོད། དཔེར་ན། ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་ཐུབ་པ་དགོངས་གསལ་ལྟ་བུའོ། ༣-༣-གཡུང་དྲུང་བོན་ལ་མཚོན་ན། སྟོན་པ་གཤིན་རབ་ཀྱི་གཞུང་ལུགས། ཞང་གཞུང་ལྟ་བུའོ།

༢༽སྒྲ་རིག་པའི་སྡེ་ཚན།

ཤེས་བྱའི་གནས་གང་ལ་སྦྱོང་ན་སྒྲ་རིག་པའི་ཚན་པ་འདི་ནི་མཆོག་ཏུ་གྱུར་བའི་རྨང་གཞིའི་སློབ་ཚན་ཞིག་ཡིན། དུས་རབས་ཀྱི་དགོས་མཁོ་ལྟར་ན་ཡང་སྐད་ཡིག་སྣ་མང་གི་བརྒྱུད་རིམ་ནས་མི་རིགས་ཤིག་ལ་མཁོ་བའི་ཤེས་བྱ་ནང་འདྲེན་དང་ཕྱི་འདྲེན་སོགས་བྱས་ཏེ། དུས་རབས་དང་མཐུན་པའི་ཁ་ཕྱོགས་སུ་བསྐྱོད་ཐུབ་ཀྱི་ཡོད།  དེའི་ཁོངས་སུ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་སྒྲ་རིག་པའི་སྦྱོང་གཞི་མི་འདྲ་བ་གསུམ་ཙམ་ཡོད་དེ། ༡༽བོད་ཀྱི་སྐད་ཡིག་དང་།རྩོམ་རིག་སྡེ་ཚན། ༢༽ལེགས་སྦྱར་སྐད་ཡིག་གི་སྡེ་ཚན། ༣༽གནའ་རབས་དང་། དེང་རབས་ཀྱི་སྐད་ཡིག་གཞན་གྱི་སྡེ་ཚན་བཅས་སོ།།

༣༽ དེང་རབས་རིག་གཞུང་གི་སྡེ་ཚན།

འདིའི་ཁོངས་གཏོགས་སུ་ཚན་པ་གཅིག་ཡོད། དེ་ནི་སྤྱི་ཚོགས་ཚན་རིག་སྡེ་ཚན་ཡིན།

༤༽བཟོ་རིག་པའི་སྡེ་ཚན།

བོད་ཀྱི་ཐུན་མོང་མ་ཡིན་པའི་ལས་ཤེས་སྒྱུ་རྩལ་ནི་མི་རིགས་ཀྱི་རྣམ་པ་ཡོངས་སུ་མཚོན་པའི་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་ཡིན། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཤིང་བརྐོས་སྒྱུ་རྩལ་གྱི་རྒན་བསོད་ནམས་བསྟན་འཛིན་ལགས་དང་། གཞན་ཡང་སྐུ་ཞབས་པདྨ་དཀོན་མཆོག དེ་བཞིན་སྐུ་ཞབས་བསྟན་འཛིན་ལགས་སོགས་ནས་ལོ་ཤས་རིང་ཤིང་བརྐོས་སྒྱུ་རྩལ་སློབ་ཁྲིད་གནང་། དེའི་ཞོར་དུ་དབྱིན་བོད་ཧིན་གསུམ་གྱི་སྐད་ཡིག་སློབ་ཚན་ཡང་སློབ་གཉེར་བྱས། ཕྱི་ལོ ༡༩༨༡ ལོའི་ཝཱ་ཎ་དབུས་བོད་ཀྱི་མཐོ་སློབ་ཁང་གི་ལོ་འཁོར་སྙན་ཐོ་ལ་གཞིར་བཟུང་ན། རྒྱུ་རྐྱེན་གང་ལ་བརྟེན་ཏེ་བྱུང་བ་མ་ཤེས་ཀྱང་ལག་ཤེས་སྦྱོང་བརྡར་གྱི་གོ་སྐབས་དེ་ལོ་ཤས་རིང་མེད་པ་གྱུར། དེ་ནས་སླར་ཡང་ཕྱི་ལོ་༢༠༠༨ལོ་ནས་བསྐྱར་དུ་དགེ་རྒན་གསར་པ་གདན་འདྲེན་དང་སློབ་གཉེར་བ་གསར་པ་བསྡུ་སྐོང་བྱས་ཏེ། སྲོལ་རྒྱུན་རི་མོའི་སྡེ་ཚན་དབུ་བཙུགས་པ་མ་ཟད། དེའི་ཞོར་དུ་སྐད་ཡིག་གི་སློབ་ཚན་ཡང་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད། དེའི་ཁོངས་སུ་ཚན་པ་གཉིས་ཡོད་དེ། ༡༽ ཚོན་རྩི་རི་མོ་དང་། ༢༽ཤིང་རྐོས་ལག་ཤེས་སོ།།

༥༽གསོ་བ་རིག་པའི་སྡེ་ཚན།

སློབ་དཔོན་ཟམ་གདོང་རིན་པོ་ཆེ་སློབ་སྤྱི་ཡིན་པའི་སྐབས་ཕྱི་ལོ་ ༡༩༩༣ ལོར་དབུས་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་དུ་བོད་ཀྱི་གསོ་བ་རིག་པའི་སྡེ་ཚན་ཐོག་མར་ དབུ་བཙུགས་ཤིང་། དེའི་དམིགས་ཡུལ་གཙོ་བོ་ནི་སློབ་གཉེར་བ་སུ་ཞིག་ལ་བོད་ཀྱི་གསོ་རིག་སྦྱོང་བའི་གོ་སྐབས་སྤྲད་དེ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་རྣམས་མི་ཉམས་གོང་འཕེལ་དང་ཉམས་པ་ཞིབ་འཇུག་བྱས་ནས་སླར་གསོ་བྱ་རྒྱུ་གཙོ་བོར་དམིགས་ནས་སྡེ་ཚན་དེ་ཟུར་དུ་གསར་འཛུགས་བྱས། ཆེས་ཐོག་མར་དགེ་རྒན་གཉིས་ཡོད་ཅིང་༌། ད་ལྟའི་ཆར་སྨན་དང་རྩིས་གཉིས་ཀར་སྡེ་ཚན་གཅིག་གི་ཁོངས་གཏོགས་སུ་གནས་ཡོད། སྨན་གྱི་སྡེ་ཚན་ནང་དུ་ཡང་དབྱེ་ན་ཚན་པ་ལྔ་ཙམ་ཡོད་དེ། ༡-སྨན་སྦྱོར་སྡེ་ཚན། ༢-ནད་རྟགས་དཔྱད་ཁང༌། ༣-ནད་པ་ལྟ་ས། ༤-སྨན་རྩྭའི་ལྡུམ་རྭ། ༥-ཉམས་ཞིབ་སྡེ་ཚན། ཕྱི་ལོ་༢༠༡༠ལོའི་བར་དུ་སྡེ་ཚན་ཆེན་པོ་ལྔ་བརྒྱུད་དེ་སློབ་གཉེར་བ་བཞི་བཅུ་ཙམ་བསླབ་པ་ཐོན་ཟིན་ཞིང་༌། སྤྱིར་གསོ་བ་རིག་པའི་སློབ་མ་ཞིག་མཐོ་སློབ་དེ་ནས་ཐོན་རྗེས་སུ་རྒྱ་བོད་འབྲུག་གསུམ་གྱི་སྤྱི་ཚོགས་སུ་བྱ་གཞག་རྩོམ་གྱིན་ཡོད། ད་ལྟའི་བར་དུ་མཐོ་སློབ་འདི་ནས་ཐོན་ཏེ་སྐབས་བརྒྱད་ཙམ་ཕྱིན་ཟིན། སྨན་རྩིས་གཉིས་བསྡོམས་པའི་སློབ་མ་བཞི་བཅུ་ཙམ་ཡོད་ལ། སྨན་རིལ་དང་སྨན་ཕྱེ་སོགས་རིགས་མི་འདྲ་བའི་སྨན་སྣ་བརྒྱ་དང་སུམ་ཅུ་ཙམ་ཝཱ་ཎ་མཐོ་སློབ་ཀྱི་གསོ་རིག་སྡེ་ཚན་ནས་བཟོ་སྐྲུན་བྱེད་ཀྱི་ཡོད།

གལ་སྲིད་གསོ་རིག་སློབ་གཉེར་བ་ཞིག་ཡིན་ན། ཐོག་མ་སློབ་གཉེར་བ་སྤྱི་ཡོངས་བཞིན་ལོ་བཞིའི་རིང་བོད་ཀྱི་རིག་གནས་དང་༌།རྒྱ་གཞུང༌། ལེགས་སྦྱར་འཛིན་གྲྭ་བཅས་ལ་མཉམ་དུ་འགྲིམ་དགོས། ཁོང་ཚོར་རང་གཞུང་གི་འཛིན་གྲྭར་འགྲིམ་མི་དགོས་པར་སྨན་གཞུང་འཛིན་གྲྭར་སྐྱོད་ཀྱི་ཡོད། གཞན་ཡང་ཁོང་ཚོས་རྩིས་དང་དེ་མིན་འདེམ་ཁའི་སློབ་ཚན་དབྱིན་སྐད་དང༌། ཨེ་ཤི་ཡའི་ལོ་རྒྱུས་སོགས་གང་ལེན་ཀྱང་ཆོག གསོ་རིག་སྡེ་ཚན་ནས་གསོ་བ་རིག་པའི་སློབ་གཉེར་བ་རྣམས་ལ་རྩ་བའི་བོད་ཀྱི་གསོ་བ་རིག་པའི་རྨང་གཞི་སློབ་སྦྱོང་སྤྲོད་པ་དང་དེ་བཞིན་བསླབ་པ་གང་འཚམ་ཞིག་མཐོན་པོ་གྱུར་རྗེས་ཉམས་མྱོང་དངོས་སྤེལ་བའི་སླད་དུ་སྨན་རྩ་འཐུ་རུ་འགྲོ་བ་དང་། སྨན་བཟོ་སྟངས་དང་སྨན་སྤྲོད་སྟངས་སོགས་སློབ་འཁྲིད་བྱེད་ཀྱི་ཡོད།ཝཱ་ཎ་མཐོ་སློབ་ཁང་གིས་བཟོས་པའི་སྨན་རྣམས་ནི་སློབ་གཉེར་བ་རྣམས་ལ་རིན་མེད་དུ་ཕུལ་བ་དང་། དེ་བཞིན་ཉེ་འཁོར་གྱི་རྒྱ་གར་མི་མང་རྣམས་སྨན་ཉོ་རུ་གང་མང་ཡོང་བ་མཐོང་མྱོང༌།

ལོ་ཤས་ཀྱི་གོང་ནས་ཧི་མཱ་ལ་ཡའི་རི་རྒྱུད་དུ་གནས་པའི་རིག་གཞུང་གཅིག་པའི་ཤེས་ལྡན་རེ་འགའ་དང་དེ་བཞིན་དབུས་བོད་ཀྱི་གསོ་རིག་ལྷན་ཚོགས་སོགས་ཀྱིས་བོད་ཀྱི་གསོ་རིག་འདི་འདི་ཉིད་རྒྱ་གར་དབུས་གཞུང་གི་ཁྲིམས་མཐུན་གྱི་ཐོག་ནས་ངོས་འཛིན་འཐོབ་པའི་སླད་དུ་རྒྱ་གར་གྱི་གྲོས་ཚོགས་སུ་སྙན་ཞུ་དང་འབོད་བསྐུལ་རབ་དང་རིམ་པ་ཞུས་འབྲས་སུ། ཕྱི་ལོ ༢༠༡༡ ལོར་གསོ་བ་རིག་པ་དེ་ཉིད་ཁྲིམས་མཐུན་གྱི་ཐག་གཅོད་བྱུང་། དེ་ནི་བོད་མི་ཙམ་དུ་མ་ཟད་ནད་ཀྱིས་མནར་བའི་སྐྱེ་བོ་ཀུན་ལ་གཏམ་བཟང་ཡིན། ཝཱ་ཎའི་གསོ་རིག་སྡེ་ཚན་དུ་ནང་གསེས་དབྱེ་ན་གཉིས་ཙམ་ཡོད། ༡-བོད་ཀྱི་ཚེའི་རིག་བྱེད་ཀྱི་སྡེ་ཚན། ༢-བོད་ཀྱི་སྐར་རྩིས་རིག་པའི་སྡེ་ཚན།

༦༽ཞིབ་འཇུག་སྡེ་ཚན།(Research Unit )

ཝཱ་ཎ་མཐོ་སློབ་དེའི་དམིགས་ཡུལ་ཆེན་པོ་བཞི་གཞི་རྩར་འཛིན་ཏེ། ཕྱི་ལོ་ ༡༩༧༢ ལོར་ཚོགས་འདུའི་ཐོག་ལ་གྲོས་ཆོད་བཞག་པའི་ཤོག་ངོས་གཉིས་ལ་གཞི་བཅོལ་ཏེ། ཕྱི་ལོ་༡༩༨༣ལོར་དངོས་སུ་ཞིབ་འཇུག་སྡེ་ཚན་དབུ་འཛུགས་བྱས། མཐོ་སློབ་ཁང་འདི་ཉིད་ལས་ཨཱ་ཅཱ་རྱའི་ལག་འཁྱེར་སོན་རྗེས་སུ་སློབ་གཉེར་བ་རང་ཉིད་ཀྱི་དགའ་མོས་དང་བློ་རིག་གི་ལྕོགས་ཚད་བཞིན་དུ་སྲོལ་རྒྱུན་རིག་གནས་དང་དེང་དུས་ཀྱི་ཤེས་རིག་སོགས་ལ་ཉམས་ཞིབ་བྱེད་པའི་གོ་སྐབས་མུ་མཐུད་དུ་གནང་གི་ཡོད། དེ་ཡང་ཉམས་ཞིབ་བྱེད་རྒྱུ་དེ་ནི་སློབ་གཉེར་ཁང་འདི་རང་ནས་གལ་གནད་ཆེ་བའི་ལས་འཆར་ཡིན་ཞིང་། ཞིབ་འཇུག་བྱེད་རྒྱུ་ནི་སློབ་ཁང་འདིའི་དམིགས་ཡུལ་བཞིན་དུ་གལ་གནད་ཆེ་ཞིང་རྩ་བརླག་ཏུ་འགྲོ་ལ་ཉེ་བའི་ནང་པའི་གཞུང་ལུགས་ཆེ་ཁག་དང་དེ་བཞིན་ཕབ་བསྒྱུར་སྡེ་ཚན་ནས་སྐད་ཡིག་གི་རིགས་མི་འདྲ་བར་ཕན་ཚུན་ལ་བསྒྱུར་གནང་མཛད་པ་རྣམས་བོད་ཡིག དབྱིན་ཡིག ལེགས་སྦྱར། པཱ་ལི་སོགས་རྒྱ་གཞུང་ཆེ་ཁག་དང་བོད་སྐད་དུ་བཞུགས་པ་དག་ལ་ཉམས་ཞིབ་མཛད་གནང་གི་ཡོད།

༧༽ཕབ་བསྒྱུར་རམ་བསྐྱར་གསོ་སྡེ་ཚན།(TRANSLATION/RESTO­RATION SECTION)

སློབ་སྤྱི་ཟམ་གདོང་རིན་པོ་ཆེའི་བཀའ་སློབ་དང་ཡང་དག་པའི་སློབ་གཉེར་ཁང་གི་གཞི་རྩའི་འཆར་གཞི་འོག ཕྱི་ལོ་ ༡༩༨༠ལོ་ཟླ་༧་ཚེས༡ཉིན་རྒན་རྒྱལ་མཚན་རྣམ་གྲོལ་ལགས་དང༌ ། རྒན་ངག་དབང་བསམ་གཏན་ལགས། རྒན་བློ་བཟང་ནོར་བུ་ལགས་བཅས་སློབ་གཉེར་བ་གསུམ་ལ་བསྐྱར་གསོ་དང་འབྲེལ་བའི་སྦྱོང་བརྡར་སྤྲད།  དེ་ཡང་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་འདིའི་དམིགས་ཡུལ་ཆེན་པོ་བཞིའི་ནང་ནས་གལ་གནད་ཆེ་བའི་ཕབ་བསྒྱུར་དང་བསྐྱར་གསོའི་སྡེ་ཚན་དེ་ཉིད་དབུ་འཛུགས་གནང༌་། བསྐྱར་གསོ་དང་ཕབ་བསྒྱུར་སྡེ་ཚན་གྱི་ངོས་ནས་ཕབ་བསྒྱུར་དང་བསྐྱར་གསོ་བྱེད་རྒྱུའི་རྣམ་པ་མི་འདྲ་བར་དགུ་ཙམ་ཕྱེ་སྟེ་ཕྱག་ལས་གནང་བཞིན་པ་མཐོང་། དེ་དག་ནི། ༡-རྒྱ་བོད་ཟུང་དུ་གནས་པའི་ནང་པའི་གཞུང་ལུགས། ༢-ཏཱ་ལའི་བླ་མའི་བོད་རྒྱ་པོད་ཕྲེང་༌། ༣-བསམ་ཡས་པོད་ཕྲེང༌།༤-བསམ་ཡས་དམིགས་བསལ་པོད་ཕྲེང་༌། ༥-གསུང་བཤད་པོད་ཕྲེང་༌། ༦-རྩ་ཆེན་པོད་ཕྲེང་༌། ༧-སྤྱན་རས་གཟིགས་ཀྱི་པོད་ཕྲེང་༌། ༨-སྣ་ཚོགས་ཀྱི་པོད་ཕྲེང་༌། ༩- བོད་སོག་གི་པོད་ཕྲེང༌།

ད་ཆ་ཝཱ་ཎ་མཐོ་སློབ་འདི་ཉིད་བཙུགས་ཏེ་མི་ལོ་ལྔ་བཅུ་མ་ཟིན་ཙམ་གྱི་ནང་དུ་ཕབ་བསྒྱུར་རམ་བསྐྱར་གསོའི་སྡེ་ཚན་འདིས་རྒྱ་གཞུང་རྩ་བརླག་ཕྱིན་པ་རྣམས་བོད་ཡིག་ནས་ལེགས་སྦྱར་སྐད་དང་པཱ་ལིའི་སྐད་ཡིག་ཏུ་ཕར་བསྒྱུར་བ་དང་། ལེགས་སྦྱར་དང་པཱ་ལིའི་སྐད་ཡིག་ཏུ་ཡོད་པ་བོད་ཡིག་ཏུ་མེད་པ་དག བོད་སྐད་དུ་ཚུར་བསྒྱུར་ཏེ་ཤིན་ཏུ་རླབས་ཆེ་བའི་བྱ་གཞག་ཞིག་མཛད་དང་མཛད་བཞིན་ཡོད། ཕྱི་ལོ་༢༠༠༩ཟླ་༣ཚེས༢༦ནས་༣༠བར་བོད་མི་རྣམས་བཙན་བྱོལ་དུ་སླེབས་ནས་མི་ལོ་ལྔ་བཅུ་འཁོར་བའི་སྐབས་སུ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་དེ། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་འཚོགས་སྐབས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་ཕྱག་དེབ་རེ་འགའ་འགྲེམས་སྟོན་བྱས་པ་དང་སྦྲགས། རྒྱ་དཔེ་རྩ་བརླག་ཕྱིན་ཡང་བོད་སྐད་དུ་བཞུགས་ཡོད་པ་རྣམས་རྒྱ་གར་སྐད་ཡིག་ཏུ་ཕབ་བསྒྱུར་ཚར་གྲབས་ཡོད་པ་རྣམས་སྙན་སྒྲོན་ཞུས་ཡོད། དེའི་བར་དུ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་བོད་ཀྱི་བཀའ་འགྱུར་དང་། བསྟན་འགྱུར་ཆ་ཚང་ལེགས་སྦྱར་སྐད་དུ་བསྐྱར་གསོ་བྱས་ཟིན་པའི་ཆོས་ཚན(༦༣)དང་། ཧིན་སྐད་སོགས་སུ་ཕབ་ཟིན་པའི་ཆོས་ཚན་གྲངས་(༡༥༠)ལྷག་ཙམ་ཞིག་རྒྱ་གར་དབུས་གཞུང་ལ་སྤྱན་འབུལ་ཞུ་འཆར་ཡོད་ཅེས་བཅས་གསུངས། ཆེས་ཐོག་མའི་མཐོ་སློབ་འདིའི་དམིགས་ཡུལ་བཞིན་གཞུང་ལུགས་ཆེན་མོ་རྣམས་ལས་སྐད་ཡིག་གཉིས་དང་གཉིས་ལས་མང་བ་དག་ཕབ་བསྒྱུར་བྱེད་པའི་ལས་དོན་དབུ་འཛུགས་གནང་ཞིང༌། ཕབ་བསྒྱུར་དང་བསྐྱར་གསོའི་སྡེ་ཚན་གྱི་འགན་འཛིན་ལོ་ཙཱ་བ་བློ་བཟང་ནོར་བུ་ཤཱསྟྲི་ལགས་ཀྱིས་དབུ་ཁྲིད་དེ་ཕབ་བསྒྱུར་གནང་ཡོད་པ་རེད།

༨༽ཚིག་མཛོད་སྡེ་ཚན།(DICTIONARY UNIT)

ཚིག་མཛོད་སྡེ་ཚན་འདི་ནི་ཕྱི་ལོ་༡༩༨༡ ནས་ལས་འཆར་དབུ་འཛུགས་བྱས་ཅིང་། སྡེ་ཚན་འདི་ནི་སྤྱིར་བཏང་གི་ཚིག་མཛོད་དང་། བྱེ་བྲག་ནང་པའི་གཞུང་ལུགས་ཚད་མ་དང་ལྟ་གྲུབ། དེ་བཞིན་གསོ་རིག་སོགས་ཀྱི་མིང་ཚིག་རྣམས་ལེགས་སྦྱར་དང་བོད་ཀྱི་སྐད་ཡིག་ཟུང་དུ་ཚིག་མཛོད་གསར་སྒྲིག་གནང་གི་ཡོད། ཕྱི་ལོ་༢༠༠༥ལོའི་བར་དུ་སྤྱིར་བཏང་གི་ཁོངས་སུ་གཏོགས་པའི་ཚིག་མཛོད་པོད་བཅུ་དྲུག་གསར་སྒྲིག་གནང་ཐུབ་ཡོད། ནང་པའི་གཞུང་ལུགས་ལ་མཁྱེན་རྒྱ་ཡངས་པའི་ཀློག་པ་པོ་དུ་མས་ལས་འཆར་དེ་ཉིད་ལ་ཆེ་བསྟོད་རྒྱ་ཆེ་ཐོབ། བྱེ་བྲག་ཚིག་མཛོད་ཕྱོགས་སྒྲིག་དེའི་ནང་དུ་དམིགས་སུ་བཀར་ཏེ་ནང་པའི་ལྟ་གྲུབ། ཚད་མ། གསོ་རིག སྐར་རྩིས། བརྡ་སྤྲོད། སྙན་ངག་སོགས་ཀྱི་ཐ་སྙད་ཁག་གསར་སྒྲིག་མཛད་ཀྱི་ཡོད། དེ་ཡང་དེང་སང་ནང་པ་སངས་རྒྱུས་པའི་ཆོས་དེ་ཉིད་འཛམ་གླིང་གང་སར་དར་ཁྱབ་ཤུགས་ཆེར་འགྲོ་བཞིན་པ་དང་ཆབས་ཅིག་ཏུ་མིང་ཚིག་རྣམས་ཀྱང་ཁུངས་བཙན་དུ་བཟོ་བ་དང་། གཞན་ཡང་ཕྱི་རབས་པ་ཚོས་ཕབ་བསྒྱུར་གྱི་ལས་འཆར་གང་ཞིག་བྱ་དགོས་འབྱུང་ཚེ་ལྟ་ཀློག་བདེ་པོ་ཡོང་སླད་སོགས་ཡིན།

༩༽དཔར་སྐྲུན་གྱི་སྡེ་ཚན།(PUBLICATION UNIT)

རྒྱ་གར་གྱི་རྩ་ཆེ་བའི་ནང་པའི་གཞུང་ལུགས་ཁག་དང་བོད་བརྒྱུད་ནང་བསྟན་ལ་ཞིབ་འཇུག་བྱས་ཏེ། ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་མཐོ་སློབ་འདིའི་གཞི་རྩའི་དམིགས་ཡུལ་ཞིག་བཟུང་སྟེ་དཔར་སྐྲུན་གྱི་སྡེ་ཚན་འདི་ཉིད་འགོ་བཙུགས། ཕྱི་ལོ་༡༩༧༢ལོའི་ཚོགས་འདུའི་ཐོག་གྲོས་ཆོད་བཞག་པའི་ཡིག་ཆ་གཉིས་ལ་གཞིར་འཛིན་ཅིང་༌། ཕྱི་ལོ་༡༩༨༣ལོའི་ཟླ་བ་དང་པོའི་ནང་དུ་དཔར་སྐྲུན་གྱི་ལས་གཞི་དངོས་སུ་འགོ་བཙུགས་བྱས། མཐོ་སློབ་འདིའི་ལོ་ཙཱ་བ་དག་གིས་ད་ཆར་བོད་གངས་ཅན་པའི་སྐད་ཡིག་ཏུ་ལུས་པའི་ནང་པའི་གཞུང་ལུགས་ཁག་རྒྱ་གར་ལེགས་སྦྱར་སྐད་ཡིག་ཏུ་རྩ་བརླག་ཕྱིན་པ་བསྐྱར་གསོ་གནང་བའི་བསྟན་བཅོས་རྣམས་དང་། དེ་བཞིན་བོད་ཡིག་དང་༌། དབྱིན་ཡིག པཱ་ལི། ལེགས་སྦྱར་དང་ཧིན་དཱི་སོགས་སུ་སྐད་ཡིག་ཕན་ཚུན་དུ་ཕབ་བསྒྱུར་བྱས་ཟིན་པ་དག་དཔར་སྐྲུན་བྱས་དང་བྱེད་བཞིན་མཆིས།

 

 

 

 

 

རྩོམ་སྔ་མ།ལོ་མ།
རྩོམ་རྗེས་མ།མྱོང་གླེང་། བཞི་པ།
ཡ་ལོ་ངག་དབང་།
བོད་མཐོ་སྒང་དུ་སྐྱེས་ཞིང་། ས་མཐའི་ཡུལ་ནས་གནའ་དེང་ཟུང་འབྲེལ་གྱི་ཤེས་རིག་གི་ཡལ་འདབ་མི་དམན་པ་རྒྱས། འདས་ཟིན་པའི་མི་རིགས་འདིའི་ལོ་རྒྱུས་སྐྱུར་མོ་དང་མ་འོངས་པའི་ཕུགས་བསམ་ལ་འགན་ཁུར་ཏེ། བོད་ཀྱི་སྤྱི་ཚོགས་དང་སྐད་ཡིག་གི་ཞིང་ཁམས་སོགས་ལ་དྭངས་བླངས་ཞབས་ཞུ་ལོ་ཤས་རིང་ཞུས་དང་ཞུ་བཞིན་པ་རེད། ཁོང་གིས་ཟེར་ན། “དེ་དག་ནི་མི་ཡུལ་འགྲིམ་པའི་ལེགས་སྐྱེས་ཙམ་དང་བོད་ཕྲུག་ཁྱིམ་སྡེ་ལ་དྲིན་ལན་འཇལ་བའི་ཆུ་ཐིགས་ཙམ་ཡིན་ཟེར།”- ད་ལྟའི་ཆར་ཨོ་གླིང་གཞུང་གི་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་ཀ་བྱེད་མུས་རེད།

མཆན་གཅིག

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།