མདུན་ངོས། མྱོང་བྱང་། མྱོང་གླེང་། བ...

མྱོང་གླེང་། བཞི་པ།

༧༠༤༥༧༧

དགོང་དྲོ་ཆུ་ཚོད་བཞི་པར། བརྩེ་བའི་བུ་བསྟན་འཛིན་འཕྲིན་ལས་འཁྲིད་དེ། ས་གནས་ཀྱི་ཆུ་རྐྱལ་ཁང་དུ་ཕྱིན། ཨོ་སི་ཊོ་ལི་ཡ་འདི། རྒྱ་མཚོས་བསྐོར་བའི་མཚོ་གླིང་ཞིག་ཡིན་སྟབས། ས་འདིར་འཚོ་དགོས་ན། ཆུ་རྐྱལ་མ་ཤེས་ཐབས་མེད་ཅིག་ཏུ་བརྩི། བརྩིས་པ་ལྟར་ནམ་རྒྱུན་དབྱར་ཁ་དང་དཔྱིད་ཀ། སྟོན་ཁ་བཅས་སུ་མི་རྣམས་དུས་ཁོམ་ནམ་བྱུང་ལ། ཉེ་འགྲམ་གྱི་མཚོ་ཁ་ལ་སོང་ནས། ཆུའི་ནང་འཛུལ། རྐྱལ་བརྒྱབ། རླབས་གཅོད་པ་སོགས་བྱེད་ཞོར། ཞིམ་མངར་གྱི་བཟའ་བཏུང་ལ་རོལ་བ་ནི་རྒྱུན་ལྡན་རེད། ས་གནས་སོ་སོར་ཆུ་རྐྱལ་ཁང་ཡོད་པས། ཐ་ན་དགུན་གྱི་དུས་སུའང་དེ་དག་ཏུ་སོང་ནས་ཆུ་དྲོད་འཇམ་གྱི་ནང་དུ་བརྒལ་བར་བྱེད།

ང་སྐྱེ་ས་བོད་དབུས་འཕན་ཡུལ་གྱི་གྲོང་གསེབ་ཅིག་ཏུ་ཡིན་པས། ཆུང་དུས་དབྱར་ཁ་གཙང་པོར་ཆུ་བརྒལ་བར་འགྲོ། ངེད་ཚོའི་ལུང་པའི་གཞུང་དུ་གཙང་ཆུ་ཅུང་ཆེ་ཙམ་ཞིག་ཡོད་པའི་མིང་ལ། ངས་ཆུ་ཟེར་ཞིང་། གནའ་སྔ་མོ་ལུང་པ་ཡོངས་ཀྱི་མིང་དུ་ཡུལ་ངས་པོ་ཟེར། དེ་ཡང་ཏུན་ཧོང་ཡིག་རྙིང་ལས། སྲོང་བཙན་སྒམ་པོའི་ཡབ་གནམ་རི་སྲོང་བཙན་གྱི་སྐོར་གླེང་སྐབས།

“བཙན་པོ་འི་སྤྱན་འདྲེན་ནོ། །ཆུ་བོ་ནི་རབ་དུ་བཏོད་དོ་། དྲ་ལ་ནྀ་དབྱེ་རུ་བཏྀང་ངོ། མཁར་ཡུ་སྣ་ནྀ་ཕབ་བོ། །དགུ་གྲྀ་ཟིང་པོ་རྗེ་ནྀ་བརླག་གོ། །མང་པོ་རྗེ་སུམ་བུ་ནྀ་དྲུ་གུ་ཡུལ་དུ་བྲོས་སོ་། ཕགྀ་ཡུང་བ་སྣ་མན་ཆད། ། རྐོང་བྲེ་སྣར་ཡན་ཆད་། བཙན་པོ་པྱག་དུ་བོན་ཏོ། །བཙན་པོ་ཁྲི་སློན་བཙན་གྱྀས། བཀའ་སྩལ་ཏེ། ཡུལ་ངས་པོ་ལས། ། འཕན་ཡུལ་དུ་མྱྀང་སྤོས་སོ། ། ་ ་ ་ དེ་ནས་ཡུལ་ངས་པོ་འི་འབངས་། དབའས་དབྱྀ་ཚབ་ལསྩོགས་པས། །བཙན་པོ་འི་མཚན་གསོལ་པ། །ཆབ་སྲིད་གནམ་བས་མཐོ། །དབུ་རྨུག་རི་བས་བརྩན་ཏེ། །གནམ་རྀ་སློན་མཚན་དུ་བཏགསོ། །”(1)

ཞེས་གསལ་བ་ལྟར། གནམ་རི་སྲོང་བཙན་གྱིས་ཡུལ་ངས་པོར་དམག་དྲངས་ཏེ་དབང་དུ་བསྡུས་ཏེ། ཡུལ་མིང་གསར་པར་འཕན་ཡུལ་ཞེས་བཏགས་པ་དང་། བཙན་པོའི་མཚན་གནམ་རི་སློན་བཙན་ནམ་གནམ་རི་སྲོང་བཙན་ཞེས་པ་དེ་འཕན་ཡུལ་གྱི་མིས་ཕར་གསོལ་བ་ཞིག་ཡིན་པར་བཤད། ཡུལ་མིང་འཕན་ཡུལ་དུ་བརྗེས་ཀྱང་གཙང་ཆུའི་མིང་ལ་ད་ལྟའང་ངས་ཆུ་ཞེས་འབོད་པས། ཡུལ་ངས་པོ་ཞེས་པའང་གཅིག་བྱས་ན་གཙང་པོའི་མིང་ལས་ཐོགས་པ་ཡིན་སྲིད། ངས་ཆུའི་རྒྱུན་དེ་ཆུ་རྒྱུན་གཞན་དང་འདྲེས་ཏེ་ལྷ་ས་བརྒྱུད་ནས་བཞུར་བའི་མིང་ལ། སྐྱི་ཆུའམ་དེང་སང་ལྷ་སའི་སྐྱིད་ཆུ་ཞེས་འབོད་པ་དེ་བྱུང་། ང་ཚོའི་གྲོང་གསེབ་ཀྱི་ཕྲུ་གུ་ཚོས་ཆུང་དུས་ཐོག་མར་ཉེ་ཁོར་གྱི་ཡུར་ཆུའི་ནང་ཆུ་བརྒལ། དེ་ནས་རྐྱལ་ཕྲན་བུ་ཤེས་རྗེས་རྒྱུག་ཆུར་ཆུ་བརྒལ། རྐྱལ་ལེགས་པར་ཤེས་པ་ཚོས་ངས་ཆུའི་གཙང་པོར་ཆུ་རྐྱལ་རྒྱག་གི་རེད། ང་རང་ཆུང་དུས་གྲོང་གསེབ་ཏུ་ལོ་བཅུ་གྲངས་ལས་སྡོད་མ་མྱོང་བས། ཆུ་རྐྱལ་ཤེས་ཙམ་ལས་བྱང་ཆུབ་པ་དེ་འདྲ་མིན། དེ་ནས་ལོ་ངོ་མང་པོར་ཆུར་མ་བརྐྱལ་སྟབས། གཅིག་ནས་རྐྱལ་སྟངས་བརྗེད་པ་དང་། གཉིས་ནས་ལུས་ཤ་རྒྱས་ཆེ་བས། དིང་སང་ཆུ་ནང་རྐྱལ་སྐབས་ཚོད་འཛིན་མ་ཐུབ་པ་ཡོང་གི་འདུག །

ཕྱི་མི་མང་པོས་བོད་འདི་ས་མཐོ་ཞིང་རི་རྒྱུད་མང་བས། དེར་འཚོ་སྡོད་བྱེད་མཁན་བོད་མི་ཚོས་ཆུ་རྐྱལ་མི་ཤེས་ཤག་བྱེད་ཀྱིན་འདུག་རུང་། བོད་ཀྱི་ལོ་རྒྱུས་ལ་གཞིགས་ན་དེ་བདེན་པ་མ་རེད། ལོ་རྒྱུས་ཐོག་བོད་མི་ཚོས། གཏམ་ཡིག་རྩིས་གསུམ། མདའ་རྡོ་མཆོང་གསུམ། བང་རྐྱལ་སྦེ་གསུམ། བཅས་ལ་ཕོ་རྩལ་སྣ་དགུ་ཟེར་ཞིང་། དེའི་ནང་གི་བང་ཟེར་བ་དེ་བང་རྒྱུག་དང་། རྐྱལ་ཟེར་བ་དེ་ཆུ་རྐྱལ། སྦེ་ཟེར་བ་དེ་སྦེ་ག་ལ་གོ་དགོས་པ་རེད།

སྔ་མོ་བོད་ལ་ཆུ་རྐྱལ་ཤེས་མཁན་ཇི་ཙམ་ཡོད་མེད་གསལ་བྱེད་དུ། ལོ་རྒྱུས་ཀྱི་གནས་ཚུལ་ཞིག་དྲངས་ན། ལོ་བརྒྱ་ཕྲག་ཁ་ཤས་ཀྱི་གོང་སྟེ། ཕྱི་ལོ་ ༡༦༩༣ ལོར་ཕོ་བྲང་དམར་པོ་རྒྱས་བསྐྲུན་གྱི་ལས་དོན་ལེགས་གྲུབ་ཟིན་རྗེས། དེའི་དགའ་སྟོན་དུ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དབུ་བཞུགས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར་ལུས་རྩལ་འགྲན་བསྡུར་ཧ་ཅང་ཆེན་པོ་ཞིག་བྱེད་མྱོང་ཞིང་། འགྲན་བསྡུར་དེའི་ནང་བོད་ཡུལ་དང་སོག་ཡུལ་གྱི་རྩལ་འགྲན་པ་སྟོང་ཕྲག་བརྒལ་བ་ཞུགས་ཡོད་པ་མ་ཟད། ལྟད་མོ་ལྟ་མཁན་གྱི་ཁོངས་སུ་བོད་དང་སོག་པོ་ཙམ་མ་ཟད། རྒྱ་ནག་དང་། བལ་ཡུལ་གྱི་མི་སྣའང་ཡོད་པ་རེད། སྐབས་དེར་འགྲན་བསྡུར་བྱས་པའི་རྩལ་གྱི་རྣམ་གྲངས་ཁོངས་སུ། རྟ་རྒྱུག་དང་། བང་རྒྱུག །མདའ་འཕེན། རྡོ་འགྱོགས། སྦེ་ག། ཆུ་རྩལ་སོགས་ཡོད་པ་ལས། གཞན་རྣམས་སྐབས་དོན་མ་ཡིན་པས་བཞག་སྟེ་འདིར་སྐབས་དེའི་ཆུ་རྩལ་འགྲན་བསྡུར་སྐོར་གླེང་ན།
ཆུ་རྩལ་འགྲན་བསྡུར་དེ་ཁོ་ནའི་ནང་བོད་པ་དང་སོག་པོ་མི་གྲངས་ ༤༥༠ ཙམ་མཉམ་ཞུགས་བྱས་ཡོད་པས། དུས་དེའི་ལོ་རྒྱུས་ཀྱི་དབང་དུ་བྱས་ན། ཆུ་རྩལ་འགྲན་བསྡུར་ཆེ་གྲས་ཤིག་རེད། འགྲན་བསྡུར་དེའི་སྐོར་རི་མོ་དང་འགྲེལ་བཤད་ཡིག་ཕྲེང་ཁ་ཤས་ད་ལྟའང་མཇལ་དུ་ཡོད་པ་ནི། པོ་ཏ་ལར་ཡོད་པའི་ལྡེབས་རིས་(ངོ་བཤུས་མཉམ་དུ་བཀོད་པར་གཟིགས།)ཤིག་རེད། (2)

ཕོ་བྲང་པོ་ཏ་ལར་བཞུགས་པའི་ལྡེབས་རིས།

ལྡེབས་རིས་ནང་ཐོད་དེར་གུར་གྱི་ནང་བཞུགས་པའི་རབ་བྱུང་བ་དེ་ནི་བོད་ཀྱི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡིན་ཞིང་། སྐབས་དེར་༧གོང་ས་སྐུ་ཕྲེང་ལྔ་པ་དགོངས་པ་རྫོགས་ཟིན་པས་ཁོང་ནི་བོད་ཀྱི་ནང་ཆབ་སྲིད་སྐུ་དབང་མཐོ་ཤོས་ཀྱི་མི་སྣ་དེ་རེད། ཡིག་ཆ་གཞན་དུ་གུར་ཕུབས་ས་དེ་ལྷ་སའི་ཀླུ་སྒུག་གླིང་ཁ་ཡིན་པར་བཤད་འདུག་ཅིང་། ཕྲན་རང་འཕན་ཡུལ་ནས་ལྷ་སར་ཡོང་རྗེས། ཀླུ་སྒུག་ཏུ་ལོ་མང་པོ་བསྡད་མྱོང་བས། ས་ཁུལ་དེ་ནི་ལྷ་སའི་སྐྱིད་ཆུ་དང་ཐག་ཉེ་ཡིན་པ་གསལ་པོར་ཤེས། འོན་ཀྱང་དིང་སང་ཀླུ་སྒུག་གླིང་ཁ་ཞེས་པ་མཐོང་ལམ་དུ་མེད། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་མདུན་དུ་གུས་ཉམས་དང་བཅས་བཞུགས་པའི་སྐྱ་བོ་དེ་ནི་སོག་རིགས་འགོ་བྱེད་ཅིག་ཡིན་པར་ཆས་གོས་ལ་བརྟེན་ནས་ཚོད་དཔག་བྱས་ཆོག །དེ་གའི་གཤམ་དུ། གཙང་ཆུའི་ནང་། མི་མང་པོ་ཞིག་ཆུ་རྩེད་ལ་རོལ་བཞིན་པའི་རྣམ་པ་བཀོད་པའི་ཁོངས་སུ། ཆུ་སྟེང་དུ་གོམ་པ་སྤོས་ནས་འགྲོ་བ་དང་། གན་རྐྱལ་དུ་ཉལ་བ། དར་ལྕོག་འཁྱེར་བ། མཆོངས་པ། དཀྱིལ་ཀྲུང་དུ་འདུག་པ། ཆུ་རྐྱལ་གྱིས་རྒྱུ་བ་སོགས་གསལ་ཞིང་། དེ་དག་གི་ཁོངས་ནས་གསུམ་ལ་ཨང་རིམ་དང་མཉམ་དུ་འགྲེལ་བཤད་བཀོད་འདུག་པ་ལས། དང་པོ་ཨང་ ༤༨༧ པར་ཆུ་གཞུང་དར་ལྕོག་འཁྱེར་བ་ཞེས་པ་དེ་ནི། དར་ལྕོག་འཁྱེར་ཏེ་ཆུ་གཞུང་ལ་རྐྱལ་བྱེད་བཞིན་དར་ལ་ཆུ་རྩ་བ་ནས་མ་ཕོག་པ་བྱེད་པ་ཞིག་ཡིན་པ་འདྲ། དེ་ཡང་རིང་ཚད་གོམ་པ་ ༣༥༢ བར་འཁྱེར་བ་ཡིན་ཚུལ་གཤམ་གྱི་འགྲེལ་བཤད་རིང་བའི་ནང་གསལ་འདུག གཉིས་པ། ཨང་ ༤༨༨ པར་ཆུ་རྩལ་གྲས། རྡོར་དཀྱིལ་དང་། ཞེས་འཁོད་པ་དེ་ནི། རི་མོ་རང་དུ་གསལ་བ་ལྟར་ཆུའི་སྟེང་དུ་རྡོ་རྗེ་དཀྱིལ་ཀྲུང་གིས་སྡོད་ཐུབ་པའི་རྩལ་ཡིན་འདུག །གསུམ་པ། ཨང་ ༤༨༩ པར་གཏིང་འཛུལ་ཞེས་བཀོད་པ་དེ་ནི། ཆུ་ཁ་ནས་མཆོངས་ཏེ་ཆུ་གཏིང་དུ་འཛུལ་བའི་རྩལ་ལ་གོ་དགོས་པ་ཤེས་སླ།

ལྡེབས་རིས་དེའི་གཤམ་དུ། གཙང་པོའི་ཚུར་རོལ་ཏུ། གླིང་གཏོང་སྤྲོ་སྐྱིད་དང་སྦྲགས་ཆུ་རྩེད་ལ་བལྟ་བའི་མི་སྣ་མང་པོ་ཞིག་གི་གཟུགས་བརྙན་བཀོད་པའི་གཤམ་དེར་འགྲེལ་བཤད་ཨང་ ༤༩༡ པ་དེ་བཀོད་འདུག་པ་ནི་ལྡེབས་རིས་དེའི་སྤྱི་ཡོངས་ཀྱི་འགྲེལ་བཤད་ཡིན་ཞིང་། དེའི་ཚིག་བརྗོད་ལེབ་བཤུས་བྱས་པ་གཤམ་གསལ།

“རོལ་རྩེད་ཀྱི་ཆུ་རྩལ་འགྲན་སྐབས་སྐྱིད་ཆུར་རྐྱལ་གྱིས་གྱེན་དང་ཕྲེད་གཅོད་ཆེས་མང་ཡང་སྨྱུག་ཚད་སར་གྱེན་རྐྱལ་མ་ཐུབ་པ་དང་། ཆུ་གཞུང་ལ་མཚོན་ན་གདོང་དཀར་གླིང་སྨད་ཙམ་ནས། ཉང་བྲན་གྱི་ཐད་ཀའི་བར་གོམ་པ་སུམ་བརྒྱ་ང་གཉིས་བར་ཆུ་ནང་དུ་དར་ལྕོག་འཁྱེར་བ། རྡོར་དཀྱིལ་གྱིས་འདུག་པ། འཕྲེད་ཉལ། སག་ལོག །གཏིང་འཛུལ་སོགས་བོད་སོག་ཆེས་མང་བ་དང་།གཞན་དག་ནས་ཕྱོགས་འགྲོ་ཙམ་བྱུང་ཞིང་། མི་གྲངས་བཞི་བརྒྱ་ལྔ་བཅུ་ཙམ་གྱིས་ཆུ་ནང་རྐྱལ་གྱིས་སྐོར་བ་བྱེད་པ་དང་། ཆུ་སྟེང་(གོམ་?)པ་བྱེད་པའི་རྣམ་འགྱུར་རྩལ་འགྲན་ངོ་མཚར་མང་དུ་བྱུང་བ།” (2)ཞེས་གསལ།

གོང་དུ་དྲངས་པའི་འགྲེལ་བཤད་ནང་འགྲན་བསྡུར་དེར་འགྲེལ་བཤད་བྱེད་སྐབས། རོལ་རྩེད་ཀྱི་ཆུ་རྩལ་འགྲན། ཞེས་བཀོད་འདུག་ཅིང་། རོལ་རྩེད་ཅེས་པས། འགྲན་བསྡུར་འདི་གཙོ་བོ་རྩེད་འཇོའི་ཆེད་ཡིན་པ་བསྟན་པ་དང་། ཆུ་རྩལ་ཞེས་པས། འདིའི་ཁོངས་སུ་རྐྱལ་ཙམ་མ་ཡིན་པར། ཆུའི་ནང་ངོམས་རུང་བའི་རྩལ་ཡོངས་རྫོགས་ཚུད་འདུག་སྙམ་ཞིང་། ལྡེབས་རིས་དང་འགྲེལ་བཤད་གཉིས་ཀའི་ནང་དོན་ལྟར། འགྲན་བསྡུར་འདིའི་ཆུ་རྩལ་གྱི་ཁོངས་སུ། དར་ལྕོག་འཁྱེར་ནས་རྐྱལ་བ་དང་། ཆུ་སྟེང་དུ་གོམ་པ་སྤོ་བ། ཆུ་སྟེང་དུ་རྡོ་རྗེ་དཀྱིལ་ཀྲུང་གིས་འདུག་པ། འཕྲེད་དུ་ཉལ་བ། སག་ལོག་སྟེ་ཉལ་བ། ཆུ་གཏིང་དུ་འཛུལ་བ། རྐྱལ་གྱིས་ཆུ་གཞུང་འཕྲེད་དུ་གཅོད་པ། གྱེན་དུ་གཅོད་པ་སོགས་རྣམ་གྲངས་མང་པོ་ཡོད་འདུག

གོང་གསལ་ཆུ་རྩལ་འགྲན་བསྡུར་གྱི་རྣམ་གྲངས་དང་། དེའི་ནང་འཛུལ་ཞུགས་བྱེད་མཁན་གྱི་མིའི་ཁ་གྲངས་བཅས་ནས་སྔ་མོ་བོད་དུ་ཆུ་རྐྱལ་མཁས་པ་མང་པོ་ཡོད་པ་ཤེས་ཐུབ་ཅིང་། ལོ་རྒྱུས་ཐོག་ཏུ་ཆུ་རྐྱལ་ལ་ཤིན་ཏུ་མཁས་པ་དེ་འདྲའང་བྱུང་འདུག་པ་དཔེར་ན། ཉེ་དུས་འཕགས་པ་བརྒྱད་སྟོང་པ་ཀློག་སྐབས། དཔེ་ཆའི་ཤོག་ངོས་རེ་རེའི་ཟུར་གཉིས་སུ། སངས་རྒྱས་དང་སྐྱེས་ཆེན་དམ་པ་མང་པོའི་འདྲ་རིས་དང་འགྲེལ་བཤད་བཀོད་པར་དོ་སྣང་བྱས་ཤིང་། དེའི་ཁོངས་སུ། རབ་བྱུང་བ་ཞིག་ཆུའི་རྦ་རླབས་ཁྲོད་ལྡིང་སྟབས་སུ་བཞུགས་པ་ཞིག་བྲིས་འདུག་པའི་གཤམ་དུ། འོ་བྲན་དབང་ཕྱུག་ཆུ་ལ་ཉ་ལྟར་འཕྱོ།། (3) ཞེས་བྲིས་འདུག །ཁོང་གི་ལོ་རྒྱུས་འཚོལ་སྐབས། ཁོང་ནི་དུས་རབས་བརྒྱད་པའི་ནང་བྱོན་པའི་བོད་མི་ཞིག་ཡིན་པ་དང་། སློབ་དཔོན་པདྨ་འབྱུང་གནས་ཀྱི་སློབ་མར་གྱུར་ཏེ། གྲུབ་པ་ཐོབ་པའི་རྟགས་སུ་ཆུ་བོ་ཆེན་པོ་ཁག་ལའང་འཇིགས་པ་མེད་པར་ཉ་ལྟར་རྒྱུ་ནུས་པས། འོ་

ཤེས་རིག་དཔར་ཁང་གི་པར་མ། བརྒྱད་སྟོང་པར་གསལ།

བྲན་དབང་ཕྱུག་ཆུ་ལ་ཉ་ལྟར་འཕྱོ་ཞེས་རླུང་ལྟར་གྲགས། ཁོང་བརྒྱུད་དེ་དར་བའི་གུར་དྲག་བཀའ་མ་སོགས་ཀྱི་རྒྱུན་ད་ལྟའང་མ་ཉམས་པར་ཡོད་འདུག །དེ་བཞིན་ཆུ་ཆེན་རབ་མེད་བརྒལ་བ་ལ་མངའ་བརྙེས་པའི་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ལྟ་བུ་ཡང་བྱོན་མྱོང་བ་རེད། སྤྱིར་བཏང་གི་བོད་མི་དཀྱུས་མའི་ཁྲོད་དུའང་། ཤུགས་དྲག་ཆེ་བའི་གཙང་པོ་ཆེན་པོ་དེ་འདྲ་རྐྱལ་གྱིས་འཕྲེད་གཅོད་བྱེད་པར་ཐེ་ཚོམ་མེད་པ་དེ་འདྲ་ཞིང་ཁུལ་དུ་དིང་སང་མང་།

 

དེ་ལྟ་ནའང་། རང་རེའི་ཆུ་རྩལ་ནི། གཙོ་བོ་སྒོམ་སྒྲུབ་ཉམས་ལེན་ལས་བྱུང་བའི་རྩལ་དང་། རང་སྦྱོང་བྱས་ཏེ་ཤེས་པའི་རྩལ་བཅས་གཉིས་སུ་ངེས་པ་ལས། དིང་སང་ཡར་རྒྱས་སོང་བའི་རྒྱལ་ཁབ་ཁག་ལྟར། ཟུར་སྦྱོང་སློབ་ཚན་དང་ལུས་སྦྱོང་ལས་རིམ་གྱི་ཆ་ཤས་སུ་བཞག་སྟེ། གོ་རིམ་ལྡན་པའི་ངང་སློབ་པའི་ལམ་སྲོལ་སྔར་ནས་མེད། དམངས་ཀྱིས་ངང་གིས་ཤེས་པའི་ལམ་དེ་ཡང་དེང་སང་གི་སྤྱི་ཚོགས་འགྱུར་ལྡོག་དབང་གིས་འགག་ལ་ཉེ། ལྷག་པར་བུད་མེད་རྐྱལ་གོས་གྱོན་ཏེ་སོང་ན་ད་ལྟའང་ངོ་ཚ་ལྟ་བུར་བརྩི་བས། བུད་མེད་ཆུ་རྐྱལ་ཤེས་པ་གཞིས་བྱེས་གཉིས་ཀ་ན་ཉུང་བར་སྣང་།

ཆུ་རྩལ་ལས་འཕྲོས་ཏེ་བསམ་གཞིགས་བྱེད་སྐབས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། ཁོང་གི་མྱོང་ཚོར་གསུངས་པ་ཞིག་དམིགས་བསལ་གྱིས་དྲན། དེ་ནི་“ཤས་ཆེར་རྒྱ་མཚོའི་འགྲམ་དུ་ཉུལ་ཞིང་། ཉ་པའི་གྲོང་རྣམས་སུ་བསྡད་པས་ལོ་བཞི་བཅུའི་བར་མ་ཤེས་པའི་ཆུའི་རྐྱལ་ཡང་ལེགས་པར་ལོབས། སྡིག་སྲིན་གྱི་རྐང་འཇིབ་པ་དང་། ལྕོང་མོ་ཁྱུར་མིད་བྱེད་པ་ལ་སོགས་པའི་སྔོན་མེད་པའི་ནུས་པའི་ཁྱད་པར་མང་པོ་རྙེད་”(4)ཅེས་པ་དེ་རེད། ངེད་ཅག་མཚོ་འགྲམ་དུ་གཞིས་ཆགས་ནས་ལོ་ངོ་ལྔ་སོང་རུང་ད་དུང་རྐྱལ་མ་ལོབས་པ་མ་ཟད། ལྕོང་མོ་ཁྱུར་མིད་བྱ་རྒྱུ་ནི་རྨི་ལམ་དུའང་མི་ཤར་བས། དེའི་ཐད་ལའང་དགེ་ཆོས་ཁོང་གི་རྗེས་སུ་མ་བསྡད་རང་བསྡད་རེད་ལ། ངེད་ཅག་ལ་ཡར་རྒྱས་མི་འབྱུང་བ་དེ་ཡང་། རྣམ་པ་གཅིག་ཏུ་ན་ཡ་ཡུད་ཆུང་དྲགས་པས་ལན།

ཕྱི་དྲོའི་ཆུ་ཚོད་ལྔ་པ་ཡོལ་ཟིན། ངའི་བུས་ཆུ་རྐྱལ་རྩེས་ཏེ་ཡུན་རིང་ཙམ་སོང་བས། ངལ་ཞིང་དུབ་པའི་རྣམ་པས་རྐྱལ་རྫིང་གི་ཟུར་ལ་འཁེན་ནས་འདུག །དེར་བརྟེན་ངས་ཆུའི་ནང་ནས་ཐོན་ཏེ་བུ་ལ། ད་ངེད་གཉིས་ནང་ལ་འགྲོ་ཞེས་བཤད།

མི་ཚེ་ནི། དོན་དུ། “ཆུས་འཁྱེར་རྐྱལ་རློམ”ཡིན་པས། ཉུང་མཐར་ཡང་ཆུ་རྐྱལ་གྱི་ཕྱག་རྒྱ་ཙམ་ཞིག་མ་ཤེས་ན་ག་ལ་འགྲིག། །།

ཟུར་མཆན།

(1) བོད་ཀྱི་བཙན་པོ་རིམ་བྱུང་གི་ལོ་རྒྱུས། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། ཤོག་ངོས་ ༣༨-༣༩ ལ་གསལ། སྒྲིག་མཁན་དབང་རྒྱལ། པར་ལོ་ ༡༩༧༩ བོད་ནང་གི་པར་མ། དཔེ་སྐྲུན་ཁང་གི་མིང་མི་གསལ།

(2) ལྡེབས་རིས་འདི། ཕོ་བྲང་པོ་ཏ་ལ། ཤོག་ངོས་ ༡༤༠ ལ་གསལ། དོམ་པོ་བ་ཐུབ་བསྟན་རྒྱལ་མཚན་སོགས་ཀྱིས་བརྩམས། བོད་ལྗོངས་པོ་ཏ་ལ་དོ་དམ་ཁྲུས་སྒྲིག ཀྲུང་གོའི་ཧྭ་ལིང་དཔེ་སྐྲུན་ཁང་གིས་ ༢༠༡༢ ལོར་དཔར། དཔེ་དེབ་འདི་ཕྲན་ལ་རྭ་ལོ་དོན་ལྡན་ལགས་ཀྱིས་མཁོ་འདོན་གནང་བས། ཁོང་ལ་བཀའ་དྲིན་ཆེ་ཞུ།

(3) འཕགས་པ་ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། བོད་གཞུང་ཤེས་རིག་དཔར་ཁང་གི་པར་མ། ཤོག་གྲངས་ ༦༣༡ ལ་གསལ།

(4) སིངྒ་ལའི་ལོ་རྒྱུས། དགེ་འདུན་ཆོས་འཕེལ་གྱིས་བརྩམས། བོད་གཞུང་ཤེས་རིག་དཔར་ཁང་གི་ ༡༩༩༦ ལོའི་པར་མ། ཤོག་ངོས་ ༡༠༦ ལ་གསལ།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།