མདུན་ངོས། བསམ་ཚུལ། དེང་རབས་ཀྱི་ན...

དེང་རབས་ཀྱི་ནང་དོན་ཅན་གྱི་སློབ་གྲྭ་བོད་ལ་རྒྱུན་གནས་མ་ཐུབ་པའི་རྐྱེན་རྩ་འཚོལ་ཞིབ།

༦༠༡༡༤༦

རེ་མདོ་སེངྒེ་།

(འདི་ལོའི་ཟླ་བ་བརྒྱད་པའི་ཚེས་ཤར་ལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ཏཱ་ལའི་བླ་མ་མཐོ་སློབ་གཉིས་མཉམ་འབྲེལ་གྱིས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་བགྲོ་གླེང་ཚོགས་འདུ་ཐེངས་ལྔ་པ་བསྐོང་ཚོགས་གནང། སྐབས་དེར་ཕྲན་ལ་མགྲོན་འབོད་བྱུང་བ་བཞིན་གཏམ་བཤད་དུ་ཕྱིན། དེར་ན་གཞོན་སློབ་གཉེར་པ་གང་འཚམས་འདུག་པས་དཔྱད་ཞིབ་ཡོང་བའི་དོན་དུ་གཤམ་གྱི་དོགས་པའི་གཞི་འདི་བསླངས་ཏེ་གཏམ་བཤད་མདོར་བསྡུས་ཤིག་བྱས་པ་འདིར་ཡང་དོགས་སློང་གི་ཚུལ་དུ་བཀོད་ཡོད།)

༄༅།། སྤྱིར་འགྲོ་བ་མིའི་སྤྱི་ཚོགས་ཤིག་གི་ནང་དུ་ཆོས་ལུགས་ཀྱི་ལྟ་གྲུབ་དང། ཤེས་རིག་གསར་པ། ཆབ་སྲིད་དང་སྤྱི་ཚོགས་ཀྱི་ལམ་ལུགས་མ་འདྲ་བ་ཞིག་ཐོག་མར་དར་འཕེལ་ཡོང་བའི་སྐབས། དར་འཕེལ་འགྲོ་ཡུལ་གྱི་སྤྱི་ཚོགས་དེས་རང་གི་གོམས་སྲོལ་དང་བསམ་བློ་གཉིས་ཀར་མི་མཐུན་པ་ཤུགས་ཆེ་བའི་ཆོས་ལུགས་དང་ཤེས་རིག་གསར་པ་དེ་དག་དང་ལེན་བྱེད་དཀའ་བར་མ་ཟད། ཆོས་ལུགས་དང་ཤེས་རིག་གསར་པ་དར་སྤེལ་བྱ་བར་ངོ་རྒོལ་བྱས་ཏེ་འཁྲུག་ཟིང་ལྷོང་མཁན་ཡང་མང་པོ་བྱུང་དང་འབྱུང་བཞིན་པ་ཡིན། འོན་ཀྱང་དེ་ནི་འགྲོ་བ་མིའི་ལོ་རྒྱུས་འགྱུར་ལྡོག་གི་བརྒྱུད་རིམ་ངེས་ཅན་ཞིག་ཡིན་པ་ལས་ཡ་མཚར་དགོས་པ་གང་ཡང་མེད། ངོ་རྒོལ་བྱེད་མཁན་གྱི་ཀུན་སློང་ལ་མཚོན་ན་རང་ངམ་རང་ཕྱོགས་ཀྱི་ཆབ་སྲིད་དབང་འཛིན་དང་མཁར་དབང་ལྟ་བུའི་ཁེ་ཕན་ཤོར་ཉེན་ལ་འཛེམས་ནས་ངོ་རྒོལ་བྱེད་མཁན་རིགས་ཤིག་དང། རྒྱུ་མཚན་གང་ཡང་མེད་བཞིན་ཀླད་རྙིང་མཁྲེགས་འཛིན་དང་གཡམ་རྒྱུག་ཁོ་ནའི་ཐོག་ནས་ངོ་རྒོལ་བྱེད་མཁན་གྱི་རིགས་ཡོང་གི་ཡོད་ཀྱང། མི་རིགས་དེ་དང་ཡུལ་ལུང་དེའི་ད་ལྟ་དང་འབྱུང་འགྱུར་གྱི་ཕུག་རྒྱང་རིང་པོའི་བདེ་སྡུག་དང་ལོ་རྒྱུས་ལ་འགན་ཁུར་བའི་བསམ་བློའི་ཐོག་ནས་ངོ་རྒོལ་བྱེད་མཁན་གྱི་རིགས་ཀྱང་ཡོང་གི་ཡོད་པར་བརྟེན། ཆོས་ལུགས་དང་ཤེས་རིག་གསར་པ་དར་སྤེལ་བྱེད་མཁན་གྱི་དམིགས་ཡུལ་དང་ཆབ་སྲིད་ཀྱི་ཀུན་སློང་ལ་ཡང་བསམ་གཞིག་བྱ་དགོས་པ་མ་གཏོགས། སྐྱོན་ཆ་ཡོངས་རྫོགས་བཀག་འགོག་བྱེད་མཁན་གྱི་སྟེང་ལ་གཡོགས་པ་ནི་ཉམས་ཞིབ་འཐུས་སྒོ་ཚང་བའི་ཐག་གཅོད་ཅིག་གཏན་ནས་མ་ཡིན་སྙམ།

དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུ་པ་དང་བཞི་བཅུ་པའི་ནང་བོད་ཀྱི་སྤྱི་ཚོགས་ཁྲོད་དབྱིན་ཇིའི་སྐད་ཡིག་དང་ཤེས་རིག་གསར་པ་དར་འཕེལ་ཡོང་བར་འགོག་རྐྱེན་ཞིག་བྱུང་ཡོད་ལ། འགོག་རྐྱེན་བྱེད་མཁན་གཙོ་བོ་བོད་ཀྱི་གདན་ས་ཁག་གི་བླ་མ་གྲྭ་པ་ཚོ་ཡིན་པ་བོད་ཀྱི་ལོ་རྒྱུས་སྨྲ་བ་མང་པོ་ཞིག་གིས་གཅིག་གྱུར་གྱིས་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་གདན་ས་ཁག་གི་བླ་མ་དང་གྲྭ་པས་བཀག་འགོག་བྱས་པ་རེད་ཅེས་བཤད་པར་རྒྱུ་མཚན་བཤད་སྟངས་མ་འདྲ་བ་འགའ་ཤས་ཡོད་པ་ནི་ཆ་ཚང་བ་དང་གནད་ལ་ཐིངས་པ་ཞིག་གཏན་ནས་མ་ཡིན་ཏེ།

༡༽ རིགས་ཤིག་གིས་བོད་ཀྱི་གདན་ས་ཁག་ཏུ་ཆོས་ལུགས་ཙམ་མ་གཏོགས་སྤྱིར་བཏང་གི་སློབ་སྦྱོང་ལ་དོ་སྣང་མེད་པས་ཆོས་ལུགས་མ་ཡིན་པའི་ཤེས་རིག་གསར་རྙིང་གང་ཡིན་ཡང་བོད་དུ་དར་འཕེལ་ཡོང་བར་དགོན་པ་ཁག་གིས་ངོ་རྒོལ་བྱེད་པ་རེད་ཟེར་ཡང། དོན་དངོས་སུ་སྔ་མོ་ནས་བོད་ཀྱི་གདན་ས་ཁག་ཏུ་ཆོས་ཀྱི་ཉམས་ལེན་དང། ལྟ་གྲུབ། མཚན་ཉིད་རིག་པའི་གཞུང་ལུགས། སྲོལ་རྒྱུན་གྱི་སྨན་རྩིས་དང་སྐད་ཡིག་གི་རིག་གནས། རྩོམ་རིག་སྒྱུ་རྩལ། བཟོ་རིག་ལག་རྩལ་བཅས་ཆོས་ལུགས་དང་ཆོས་ལུགས་མ་ཡིན་པའི་རིག་གནས་སྣ་མང་དར་ཁྱབ་ཆེན་པོ་བྱུང་ཡོད་པར་མ་ཟད། མང་ཚོགས་ཀྱི་སྡེར་བོད་ཀྱི་སྐད་ཡིག་གིས་མཚོན་པའི་རིག་གནས་གཞན་དག་སློབ་སྦྱོང་བྱེད་སའི་གཞུང་སྒེར་གྱི་སློབ་གྲྭ་ཇི་སྙེད་བྱུང་ཡོད་ཀྱང། དེ་དག་ཆོས་ལུགས་མ་ཡིན་པའི་རིག་གནས་སློབ་སྦྱོང་བྱེད་མཁན་ཡིན་པའི་རྒྱུ་མཚན་གྱིས་གདན་ས་ཁག་གིས་སྒོ་བརྒྱབས་པ་དང་གནོད་ཤུགས་སྤྲད་པ་གཅིག་ཀྱང་བྱུང་མེད་པས་བཤད་ཚུལ་དེ་ཁུངས་འཁྱོལ་བ་ཞིག་མིན།

༢༽ རིགས་ཤིག་གིས་བོད་ཀྱི་གདན་ས་ཁག་གི་མཁས་པ་དང་དབང་འཛིན་པ་རྣམས་ཕྱི་རྒྱལ་གྱི་རིག་གནས་དང་ཤེས་ཡོན་ལ་མི་དགའ་བའི་རྒྱུ་མཚན་གྱིས། དབྱིན་ཇིའི་སྐད་ཡིག་དང་ཤེས་རིག་གསར་པ་བོད་དུ་དར་མ་བཅུག་པ་རེད་ཟེར། དེ་ལྟར་ན་སྔ་མོ་ནས་བོད་དུ་གོར་ཥའི་སྐད་ཡིག་དང། རྒྱ་ནག་གི་སྐད་ཡིག། ཁ་ཆེ་ཨ་རབ་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་སའི་སློབ་གྲྭ་ཡོད་པ་དེ་དག་ཀྱང་བོད་ཀྱི་གདན་ས་ཁག་གིས་བཀག་འགོག་བྱས་ཏེ་ཤུལ་མེད་དུ་བཏང་དགོས་པ་ཡིན་ཡང། སློབ་གྲྭ་དེ་དག་ལ་བོད་ཀྱི་དགོན་སྡེ་ཁག་གིས་བཀག་འགོག་བྱས་པའི་ལོ་རྒྱུས་མེད། ལར་ནས་བོད་ཀྱི་བླ་མ་དང་གྲྭ་པ་རྣམས་ཀྱིས་རང་གི་ཚེ་སྲོག་ལས་ཀྱང་བརྩི་མཐོང་ཆེན་པོ་ཞུ་སའི་ཆོས་ལུགས་དང་རིག་གནས་ཕལ་ཆེ་བ་རྒྱལ་ཁབ་གཞན་པ་ནས་བོད་ལ་བསྒྱུར་ཡོང་བ་ཤ་སྟག་ཡིན་པས། བོད་ཀྱི་གདན་ས་ཁག་གི་མཁས་པ་དང་དབང་འཛིན་པ་རྣམས་རྒྱལ་ཁག་གཞན་པའི་ཤེས་རིག་ལ་མི་དགའ་ཟེར་བ་ཡང་ཁུངས་འཁྱོལ་བའི་སྐད་ཆ་ཞིག་གཏན་ནས་མིན།

༣༽ རིགས་ཤིག་གིས་བོད་ཀྱི་གདན་ས་ཁག་གི་མཁས་པ་དང་དབང་འཛིན་པ་རྣམས་ཕྱི་རྒྱལ་པ་ལ་མི་དགའ་བས་ཕྱི་རྒྱལ་གྱི་སྐད་ཡིག་དང་ཤེས་རིག་གསར་པ་བོད་དུ་དར་མ་བཅུག་པ་རེད་ཟེར་ཡང། ཁོང་རྣམས་ཀྱིས་བོད་ཀྱི་མཁས་པ་ལས་ཀྱང་ཕྱིའི་མཁས་པ་ཁུངས་བཙུན་པར་བརྩི་བ་རྟོགས་སླ་ཞིང། བོད་ཀྱི་ཉེ་རབས་ལོ་རྒྱུས་ནང་དབྱིན་ཇི་པ་དང། ཉིན་ཧོང་པ། རུ་སུ་པ། འཇར་མན་པ་བཅས་ཕྱི་རྒྱལ་པའི་ཞི་དྲག་གི་མི་སྣ་མང་པོ་བོད་དུ་ཡོང་བ་རྣམས་ལས་ཆབ་སྲིད་ཀྱི་ཐད་ནས་དོགས་ཟོན་བྱ་དགོས་པའི་རིགས་མ་གཏོགས། གཞན་དག་རྣམས་ཕྱི་རྒྱལ་པ་ཡིན་པའི་རྒྱུ་མཚན་གྱིས་མ་དགའ་བ་དང་སྡང་པོ་བྱས་པ་མེད།

གཞན་ཡང། བོད་ཀྱི་གདན་ས་ཁག་གི་དབང་འཛིན་པ་རྣམས་ཀྱིས། ལྷ་སར་གཞུང་ཞབས་ཀྱི་བུ་ཕྲུག་མང་པོ་དབྱིན་ཡིག་སློབ་གྲྭར་བཏང་ཚེ་ཁོང་ཚོ་ལྟ་སྤྱོད་བསྒྱུར་ཏེ་གདན་ས་ཁག་གི་སྦྱིན་བདག་ཤུགས་ཞན་དུ་འགྲོ་རྒྱུར་མ་ཟད། མ་འོངས་པར་བུ་ཕྲུག་དེ་ཚོས་སྲིད་ཀྱི་དབང་འཛིན་བྱེད་སྐབས་བོད་ཀྱི་བསྟན་པ་དང་ཆབ་སྲིད་ལ་དེ་བས་ཀྱང་གནོད་པ་ཆེན་པོ་ཡོང་ངེས་ཡིན་པའི་གནས་ལུགས་བཤད་ནས་དགག་བྱ་བྱས་པ་རེད་ཅེས་དང། སྐབས་དེའི་རྒྱ་ནག་གི་སྐུ་ཚབ་ཤེན་ཟེར་བ་སོགས་ཀྱིས་སྐུལ་སློང་བྱས་ནས་དབྱིན་ཇིའི་སློབ་གྲྭ་དེ་སྒོ་རྒྱག་ཏུ་བཅུག་པ་རེད་ཅེས་པ་ལ་རྒྱུ་མཚན་ངེས་ཅན་རེ་ཡོད་སྲིད་ཀྱང། སྐབས་དེར་གདན་ས་ཁག་གི་བླ་མ་དང་གྲྭ་པ་ཚོར་ལྷ་ས་ཁུལ་དུ་ཁ་ཆེ་ཨ་རབ་ཀྱི་སྐད་ཡིག་དང་དེའི་བརྒྱུད་ལམ་ནས་ཀོ་རན་ལ་སློབ་སྦྱོང་བྱེད་འཇུག་པའི་སྤོབས་པ་ཡོད་ན། དབྱིན་ཇིའི་སྐད་ཡིག་ཙམ་སློབ་སྦྱོང་སྤྲོད་པ་ལ་དེ་ཙམ་དངངས་སྐྲག་བྱེད་དགོས་པའི་རྒྱུ་མཚན་མེད་པ་ལྟ་བུ་ཡིན་ཡང། སྐབས་དེར་དབྱིན་ཇི་པས་བོད་ཐོག་ལ་སྲིད་བྱུས་ནི་ལྷག་བསམ་ཡོད་པ་དང་ཁ་གསལ་གཏིང་གསལ་ཅན་ཞིག་མིན་པས། སྐབས་དེར་དབྱིན་ཇི་པ་ཚོར་ཐོག་མར་སྐད་ཡིག་སློབ་ཁྲིད་ཀྱི་གོམ་སྟབས་ནས་བོད་ཀྱི་སེམས་ཁམས་དང་རིག་གཞུང་ཡོངས་རྫོགས་ལ་དབང་བསྒྱུར་བྱ་བའི་ཆབ་སྲིད་ཀྱི་ཀུན་སློང་གཡོ་སྒྱུ་ཅན་ཞིག་ཡོད་སྲིད་པས། བོད་ཀྱི་བླ་མ་གྲྭ་པ་ཚོར་དངངས་སྐྲག་བྱེད་སའི་དབྱིན་ཇི་པའི་སྲིད་བྱུས་མངོན་གསལ་མིན་པ་གཞན་ཅི་ཞིག་ཡོད་སྲིད་པར་ཡང་དཔྱད་ཞིབ་བྱ་དགོས།

གང་ལྟར་ཡང་ཕྱི་ལོ་ ༡༩༢༣ ལོར་རྒྱ་གར་དབྱིན་ཇིའི་སྲིད་གཞུང་གི་ལས་བྱེད་ཧྥི་རན་ཁི་ལ་ཌི་ལོའ་ཡིས་རོགས་རམ་འོག་རྒྱལ་རྩེར་བཙུགས་པའི་དབྱིན་ཇིའི་སློབ་གྲྭ་དང། ཕྱི་ལོ་ ༡༩༤༤ ལོར་དབྱིན་ཇིས་སྐུལ་སློང་བྱས་པར་ལྷ་སར་བཙུགས་པའི་དབྱིན་ཇིའི་སློབ་གྲྭ་གཉིས་ཀ་རིམ་བཞིན་ལོ་ཤས་དང་བདུན་ཕྲག་་འགའ་ཤས་ལས་གནས་ཐུབ་མེད། འོན་ཀྱང་དེ་ནི་གདན་ས་ཁག་གི་བླ་མ་གྲྭ་པ་རྣམས་ཆོས་ལུགས་ལ་ཞེན་འཁོག་ཆེ་དྲགས་པ་དང། ཀླད་རྙིང་མཁྲེགས་འཛིན་གྱི་དབང་གིས་རེད་ཅེས་ལས་སླ་པོས་བསྡོམས་བརྒྱབ་ཆོག་པ་ཞིག་ཨེ་ཡིན་ནམ་སྙམ་པའི་དོགས་པ་ཞིག་རང་བཞིན་གྱིས་འབྱུང།

སྐབས་དེར་ལྷ་སའི་སྤྱི་ཚོགས་ཁྲོད། ལྷ་ས་དག་པའི་ཞིང་ལ། །མ་དག་དབྱིན་ཇིའི་སློབ་གྲྭ། །ཞེས་གྲགས་པ་ལྟར་དབྱིན་ཇིའི་སློབ་གྲྭའི་ཐོག་གདན་ས་ཁག་གིས་གཞན་དག་དང་མ་འདྲ་བར་ཚོར་ཤུགས་ཆེན་པོས་དགག་པ་བྱས་ཡོད་སྲིད་ཀྱང། འདི་ལྟར་དགག་བྱ་བྱེད་པ་ནི་དབྱིན་ཇིའི་སྐད་ཡིག་དང་ཤེས་ཡོན་བོད་དུ་དར་བ་ལ་ཐུགས་མོས་མེད་པའི་རྒྱུ་མཚན་གྱིས་མ་ཡིན་པར། དབྱིན་ཇིའི་སྐད་ཡིག་གི་བརྒྱུད་ལམ་ནས་བོད་དུ་དར་ཁྱབ་འགྲོ་རྒྱུའི་ཉེན་ཁ་ཡོད་པའི་བསམ་སྤྱོད་གོམས་གཤིས་ངན་པའི་རིགས་མང་པོ་ཞིག་བཀག་སྡོམ་བྱ་དགོས་པ་གཟིགས་ཀྱི་ཡོད་པ་འདི་རྒྱུ་མཚན་ཞིག་ཡིན་ངེས་ལ། རྒྱུ་མཚན་གཞན་ཞིག་ནི་རྒྱ་གར་པའི་སྤྱི་ཚོགས་ནང་དབྱིན་ཇིའི་སྲིད་གཞུང་གིས་དབྱིན་ཇིའི་སྐད་ཡིག་སློབ་ཁྲིད་བྱས་པ་བརྒྱུད། རིམ་གྱིས་རྒྱ་གར་པའི་སྐད་ཡིག་དང། ཤེས་ཡོན་རིག་གཞུང། སྲོལ་རྒྱུན་གྱི་བསམ་བློ་དང་གོམས་གཤིས་བཟང་པོ་བཅས་ཤུལ་མེད་བཏང་སྟེ། རྒྱ་གར་པའི་མི་རྣམས་ཤ་མདོག་དང་གདོང་དབྱིབས་ཙམ་མ་གཏོགས་འཚོ་བའི་རྒྱུན་སྤྱོད་ཀྱི་སྐད་ཡིག་དང། བསམ་བློ། སྤྱོད་ལམ་ཡོངས་རྫོགས་དབྱིན་ཇི་པ་ཞིག་ཏུ་བསྒྱུར་བའི་ཤེས་ཡོན་སྲིད་བྱུས་གདུག་རྩུབ་ཆེ་ལ་གཡོ་ཐབས་ལྡན་པ་ཞིག་ལག་བསྟར་བྱས་ཡོད། རྒྱ་གར་པའི་མཁས་པ་མང་པོ་ཞིག་གིས་ཤེས་ཡོན་སྲིད་བྱུས་དེ་ལ་ཤིན་ཏུ་དངངས་འཚབ་ཆེན་པོས་དགག་བྱ་མཛད་ཡོད་པས། བོད་ཀྱི་གདན་ས་ཁག་གི་བླ་མ་དང་གྲྭ་པ་ཚོ་ལ་ཡང་རྒྱ་གར་པའི་མཁས་པ་ཚོར་བྱུང་བའི་དངངས་འཚབ་དེ་བྱུང་ཡོད་མི་སྲིད་པ་གཏན་ནས་མིན། སེམས་ཚོར་འདི་ནི་སྐབས་དེེར་བོད་དུ་དབྱིན་ཇིའི་སྐུལ་སློང་འོག་ཏུ་བཙུགས་པའི་སློབ་གྲྭ་སྔ་ཕྱི་གཉིས་ཀར་བཀག་འགོག་བྱ་དགོས་པའི་རྒྱུ་མཚན་གཙོ་བོ་དེ་ཡིན་ངེས་ལ། གཞི་རྩ་ནས་སྐབས་དེར་དབྱིན་ཇི་པས་བོད་ཐོག་ལག་བསྟར་བྱས་པའི་སྲིད་བྱུས་ཡོངས་རྫོགས་སྤུ་གྲིའི་རྩེ་མོའི་སྦྲང་རྩི་ལྟར་དོགས་པ་བྱེད་དགོས་པ་ཤ་སྟག་ཡིན་པ་ལས། ཁ་ཞེ་གཉིས་མེད་དང་ལྷག་བསམ་རྣམ་དག་གིས་བོད་ལ་ཕན་ངེས་ཀྱི་སྲིད་བྱུས་ལག་བསྟར་བྱས་པ་ཅི་ཞིག་ཡོད།

སྐབས་དེར་བོད་ཀྱི་སྤྱི་ཚོགས་ཁྲོད་དབྱིན་ཇི་པའི་ལྟ་སྤྱོད་དང་ཁ་གསལ་མེད་པའི་སྲིད་བྱུས་ལ་མ་དགའ་བ་བྱེད་པ་ནི་བོད་ཀྱི་གདན་ས་ཁག་གི་བསམ་བློ་མི་ཐོངས་པའི་གྲྭ་པ་འགའ་ཤས་ཀྱི་བསམ་ཚུལ་རྐྱང་པ་ཞིག་གཏན་ནས་མིན། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་རྣམ་ཐར་ནང་དུ་ཡང། ཆུ་སྲིན་རྒྱལ་མཚན་གྱི་སྡེ་རིས་སུ་གཏོགས་པའི་དབྱིན་ཇིའི་རྒྱལ་ཁབ་ཅེས་པ་སོགས་དབྱིན་ཇིའི་རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ལམ་ལུགས་མང་པོ་ཞིག་བདུད་ཀྱི་ལས་སུ་གཏོགས་པ་ཡིན་པའི་ཚིག་གསལ་ཁ་ཅན་མང་པོ་ཡོད་ལ། གནས་ཆུང་ཆོས་རྒྱལ་ཆེན་པོས་ཀྱང། དམ་སྲི་འབྱུང་པོས་རྒྱུད་བསྐུལ་ཏེ། །ལྟ་ལོག་དབྱིན་ཇིའི་མི་ནོར་དཔུང། །གངས་རིས་བསྐོར་བའི་ཁ་བའི་ལྗོངས། །ཧང་ཤེད་དཔུང་ངོམས་འདི་ཉིད་ཀྱང། །ཞེས་སོགས་འཁོད་པའི་ཐོག་ནས་སྐབས་དེའི་བོད་ཀྱི་མཐོ་རིམ་མི་སྣའི་ཁྲོད་དུ་དབྱིན་ཇི་པའི་ཐོག་ལྟ་ཚུལ་གང་འདྲ་འཛིན་གྱི་ཡོད་མེད་གསལ་པོར་མཚོན་ཐུབ་ཡོད་སྙམ།

༸རྒྱལ་དབང་བཅུ་གསུམ་པའི་རྣམ་ཐར་ངོ་མཚར་རིན་ཕྲེང་སོགས་སུ་ཞིབ་ཕྲ་གསལ་མིན་ལ་མ་ལྟོས་པར་རྒྱལ་རྩེའི་དབྱིན་ཇིའི་སློབ་གྲྭ་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་གསར་འཛུགས་གནང་བ་ཡོངས་གྲགས་ལྟ་བུར་གྱུར་ཡོད། རྒྱལ་རྩེའི་དབྱིན་ཇིའི་སློབ་གྲྭ་འདི་༸རྒྱལ་དབང་མཆོག་གིས་བཙུགས་པའི་དབང་དུ་བྱས་ཀྱང། དབྱིན་ཇིའི་སློབ་གྲྭ་འདི་བརྒྱུད་ནས་བོད་ལ་དགོས་ངེས་མཁོ་ངེས་ཀྱི་ཤེས་རིག་དང་ལག་རྩལ་མང་པོ་ནང་འདྲེན། བོད་ཀྱི་ཕྱི་འབྲེལ་ཁོར་ཡུག་སྔར་ལས་རྒྱ་བསྐྱེད་དང་སྟབས་ཇེ་བདེ་ཡོང་བ། མདོར་ན། བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར་རིག་གནས་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་སྐུལ་འདེད་ཐུབ་པར་ཐུགས་རེ་གནང་ཡོད་ངེས་ཀྱང། དོན་དངོས་སུ་རྒྱ་གར་དབྱིན་ཇིའི་སྲིད་གཞུང་དང་འབྲེལ་བ་ཆེ་ཞིང་འགྲོགས་འདྲིས་གཏིང་ཟབ་ཡོད་མཁན་དམག་སྤྱི་ཚ་རོང་བ་སོགས་ཀྱིས་དབྱིན་ཇི་དང་ངན་འབྲེལ་བྱས་ཏེ་༸རྒྱལ་བ་རིན་པོ་ཆེའི་ཆབ་སྲིད་ཀྱི་སྐུ་དབང་འཕྲོག་རྒྱུ་དང། བོད་གཞུང་མགོ་རྟིང་སློག་རྒྱུའི་ལྐོག་ཇུས་གཤམ་གྱི་ཡོད་པའི་གསང་བའི་མཐིལ་བརྡོལ་བ་ནི། ༸རྒྱལ་དབང་བཅུ་གསུམ་པ་ཆེན་པོ་མཆོག་དབྱིན་ཇི་པ་དང་དེའི་སྐུལ་སློང་འོག་ཏུ་ལག་བསྟར་བྱེད་བཞིན་པའི་ལས་གཞི་ཁག་ལ་ཐུགས་དོགས་འབྱུང་གཞིར་གྱུར་ཡོད་པ་གོར་མ་ཆག་སྟེ། སེར་མོ་བའི་རྒྱལ་ཁབ་ཀྱི་ཉམས་འཇིག་ཅེས་པར། གང་ཉིད་ནས་ཕྱི་ལོ་ ༡༩༢༣ ལོར་རྒྱལ་རྩེར་དབྱིན་ཇི་པ་ཕེ་རན་ཁེ་ལུ་ཌོ་ཡིས་དགེ་རྒན་བྱས་པའི་དབྱིན་ཇིའི་སློབ་གྲྭ་ཞིག་འཛུགས་གནང་མཛད། འོན་ཀྱང་ཕྱི་ལོ་ ༡༩༢༤ ལོར་རྒྱལ་དབང་རིན་པོ་ཆེ་དམག་དོན་གྱི་ཚོགས་སྡེ་ལ་མི་མཉེས་པ་བྱུང་རྗེས་དེ་སྔའི་མཛད་ཕྱོགས་རྣམས་མེད་པ་བཟོ་གནང་མཛད། ཅེས་བྲིས་ཡོད་པ་ལས་རྒྱལ་རྩེའི་དབྱིན་ཇིའི་སློབ་གྲྭ་མཇུག་བསྡུ་བ་དེ་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་དང་ཡོངས་སུ་འགལ་བ་ཞིག་མིན་པ་དོན་གྱིས་རྟོགས་ཐུབ།

དེ་ཙམ་མ་ཟད་བོད་ཀྱི་སྤྱི་ཚོགས་ཁྲོད་ཀྱི་མཁས་པ་དང་གསར་བརྗེ་པའི་སྙན་གྲགས་ཆེན་པོ་ཡོད་པའི་དགེ་འདུན་ཆོས་འཕེལ་གྱིས་ཀྱང། གཞན་ཕན་སྙིང་རྗེའི་སྣུམ་དང་བྲལ་ན་ཡང། །རིག་རྩལ་ཐབས་མཁས་གློག་གི་ཆོ་འཕྲུལ་གྱིས། །དྲང་པོའི་མི་ལ་འཁྱོག་པོའི་ལམ་སྟོན་པ། །སྐྲ་སེར་སྤྲེའུའི་རིགས་ལ་དོགས་ཟོན་མཛོད། །ཅེས་སྐྲ་སེར་པོའི་རིགས་ཀྱི་མིའི་རིན་ཐང་གི་ལྟ་ཚུལ་དང་བསམ་སྤྱོད་གོམས་གཤིས་ལ་བསྡོམས་ཆེན་པོ་ཞིག་བརྒྱབས་པར་མ་ཟད། མི་རིགས་འདི་དྲང་པོའི་མི་ལ་འཁྱོག་པོའི་ལམ་སྟོན་མཁན་ཞིག་ཡིན་པས་དོགས་ཟོན་བྱ་དགོས་པའི་སློབ་སྟོན་མཛད་ཡོད། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་དང་དགེ་འདུན་ཆོས་འཕེལ་གཉིས་ནི་དུས་རབས་གོང་མའི་བོད་མི་ཤེས་རིག་གསར་པ་ལ་ཐུགས་སྣང་ཆེ་ཤོས་ཡོད་མཁན་གཉིས་ཡིན་ཡང། ཁོང་གཉིས་ཀས་དབྱིན་ཇི་པའི་བསམ་སྤྱོད་གོམས་གཤིས་ལ་ཐུགས་མོས་མེད་པའི་རྣམ་འགྱུར་ཤུགས་ཆེར་བསྟན་ཡོད་པ་འདིས། བོད་ཀྱི་གདན་ས་ཁག་གིས་གཙོས་མང་པོ་ཞིག་གི་བསམ་བློའི་ནང་དབྱིན་ཇིའི་སྐད་ཡིག་དང་ཤེས་རིག་དང་ལེན་མི་བྱེད་པར་ཁག་མི་འདུག་སྙམ་པའི་རྒྱུ་མཚན་སྣོན་མ་ཞིག་བསྟན་ཡོད་ལ། བོད་མི་མང་ཚོགས་སྤྱི་བྱིངས་ལ་བསམས་ན་བཙན་རྒྱལ་བ་དང་བཙན་འཛུལ་བྱེད་མཁན་གྱི་རིང་ལུགས་དང་ཤེས་རིག་ལ་བློ་མོས་ཡོང་དཀའ་བ་འགྲོ་བ་མིའི་གཞི་རྩའི་རྒྱུན་ཤེས་ལྟ་བུ་ཞིག་ཡིན་པས། ད་ལྟའི་གནས་བབ་དང་ལྟ་ཚུལ་རྐྱང་པའི་ཐོག་ནས་ཁོང་ཚོར་ཉེས་འཛུགས་བྱེད་རྐྱང་མི་བྱ་བར་ཁོང་ཚོའི་ཚོར་བ་དེ་རང་སྟེང་དུ་བླངས་ནས་ལྟ་ཐུབ་དགོས་པ་ཤིན་ཏུ་གལ་ཆེ།

གཞན་ཡང། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པ་ནས་བཟུང་ད་བར་མཚམས་མ་ཆད་པར་བོད་ཀྱི་མཁས་པ་རྒན་པ་མང་པོ་ཞིག་གིས་དེང་རབས་རྩོམ་རིགས་བོད་དུ་དར་འཕེལ་ཡོང་བར་དགག་བྱ་མཛད་ཀྱི་ཡོད་པ་ཡང། ཁོང་རྣམས་ཀྱིས་དེང་རབས་རྩོམ་རིགས་བརྒྱུད་ནས་གཞན་པའི་བསམ་སྤྱོད་དང་གོམས་གཤིས་ངན་པའི་རིགས་བོད་དུ་དར་བ་ཉེན་ཁ་ཆེན་པོར་གཟིགས་ཀྱི་ཡོད་པས་ཡིན་པ་མ་གཏོགས། རྩོམ་རིག་སྒྱུ་རྩལ་ཡིན་པའི་ངོ་བོའི་ཆ་ནས་བོད་དུ་དར་ཁྱབ་འགྲོ་བར་བཀག་འགོག་མཛད་པ་གཏན་ནས་མིན། མཁས་དབང་ཁོང་རྣམས་ཀྱིས་བོད་ཀྱི་གནའ་སྲོལ་བཟང་པོ་རྣམས་གཞན་པའི་རིག་གཞུང་གི་བཙན་འཛུལ་དང་ཤུགས་རྐྱེན་གྱི་འོག་ཏུ་ཉམས་བརླག་ཏུ་མི་འགྲོ་བའི་དགོས་པ་ཆེན་པོ་ཞིག་གི་དོན་དུ། དེང་རབས་རྩོམ་རིགས་དང་དེ་དང་རྗེས་སུ་མཐུན་པའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རིག་གནས་སོགས་ལ་ཡང་རང་བཞིན་གྱིས་རྣམ་འགྱུར་མཁྲེགས་པོ་འཛིན་དགོས་བྱུང་བ་ཡིན་པ་ལས། ཚུལ་དང་མཐུན་པའི་རིག་གནས་དང་ཤེས་ཡོན་ལ་རྒོལ་བ་བྱེད་པའི་གཤིས་ཀ་ཁོང་ཚོའི་ཐུགས་རྒྱུད་ལ་ཡེ་ནས་མེད། དཔེར་ན། བོད་ནང་དུ་ཨ་ལགས་དོར་ཞི་གདོང་དྲུག་སྙེམས་པའི་བློ་གྲོས་ཀྱིས་དེང་རབས་རྩོམ་རིག་དང་སྤྱི་ཚོགས་ཀྱི་རིག་གནས་མང་པོ་ཞིག་ལ་དགག་པ་ཤུགས་ཆེན་པོ་བསྐྱོན་ཡོད་ལ། བོད་ཕྱི་ལོགས་སུ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་དེང་རབས་ཀྱི་རྩོམ་རིག་དང་བསམ་བློ་གཉིས་ཀ་ལ་དགག་པ་ཤུགས་ཆེན་པོ་མཛད་ཡོད།

ལྷག་པར་དུ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་གཙོས་བོད་ཀྱི་སློབ་གསོ་བ་མཁས་པ་མང་པོ་ཞིག་གིས་སྔ་མོ་དབྱིན་ཇིའི་སློབ་གསོ་པ་ལོ་ཊི་མར་ཀེ་ལིས་རྒྱ་གར་གྱི་སྤྱི་ཚོགས་ནང་ལག་བསྟར་བྱས་པའི་ཤེས་ཡོན་སྲིད་བྱུས་དེ་བོད་ཀྱི་སློབ་གྲྭ་ཁག་གི་ནང་དུ་ལག་བསྟར་བྱས་དང་བྱེད་བཞིན་པར་ཕྱི་ལོ་བརྒྱད་ཅུ་གྱ་གྲངས་ནས་དགག་པ་ཤུགས་ཆེན་མཛད་ཡོད་ལ། བར་ལམ་ནས་བོད་རང་གི་ཁྱད་ཆོས་ལྡན་པའི་གཞི་རིམ་ཤེས་ཡོན་སྲིད་བྱུས་གྲོས་ཚོགས་བརྒྱུད་གཏན་ལ་ཕབ་སྟེ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ཏུ་ལག་བསྟར་ཡོང་བར་འབད་བརྩོན་ཆེན་པོ་གནང་བཞིན་པར་རྒྱུ་མཚན་མེད་པ་གཏན་ནས་མིན། མདོར་ན། དུས་སྐབས་སོ་སོའི་ལོ་རྒྱུས་ནང་བྱུང་བའི་གནས་ཚུལ་འདི་དག་ནི། ཕྱི་ཚུལ་གྱི་རྣམ་འགྱུར་དང་བྱེད་ཐབས་ལ་མ་འདྲ་བའི་ཁྱད་པར་ཕྲན་བུ་ཙམ་མ་གཏོགས། གཞི་རྩའི་དམིགས་ཡུལ་དང་བསམ་བློའི་རྒྱབ་ལྗོངས་ཀྱི་ལྟ་གྲུབ་གཅིག་མཚུངས་ཡིན་ཞེས་བཤད་ཀྱང་ཆོག་གམ་སྙམ།

མཧཱ་གྷན་ངྷི་མཆོག་གིས་ཀྱང་དབྱིན་ཇི་པའི་བཙན་འཛུལ་གྱི་དཔུང་ཤུགས་ལ་ངོ་རྒོལ་བྱས་པ་ཙམ་མ་ཡིན་པར། དབྱིན་ཇི་པའི་ཆབ་སྲིད་དང་འཛིན་སྐྱོང་ལམ་ལུགས། དཔལ་འབྱོར་ལམ་ལུགས། སྤྱི་ཚོགས་དང་ཤེས་ཡོན་གྱི་ལམ་སྲོལ་མང་པོ་ཞིག་ལ་དགག་པ་ཤུགས་ཆེན་མཛད་དེ། དབྱིན་ཇི་པའི་ཞི་དྲག་གི་ལམ་ལུགས་དེ་དག་རྒྱ་གར་པའི་སྤྱི་ཚོགས་ནང་དུ་དར་འཕེལ་ཡོང་བར་མཐའ་གཅིག་ཏུ་དགག་བྱ་མཛད་ཡོད་པ་ནི། དམ་པ་ཁོང་ཉིད་རྙིང་ཞེན་མཁྲེགས་འཛིན་ཆེ་བའི་གནང་བབ་ཅིག་ག་ལ་ཡིན་ཏེ། གྷན་ངྷི་ཁོང་ཉིད་ཀྱི་རང་རྣམ་དང་རྒྱ་གར་རང་སྲིད་རང་སྐྱོང་སོགས་ལ་ཞིབ་ཏུ་བལྟས་ན་ཁོང་གི་དགོངས་པའི་མཐིལ་རྟོགས་ངེས་ཡིན།

ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༩ ཚེས་ ༢༩ སྟེ་རེས་གཟའ་ཉི་མའི་ཉིན་བསྐྱར་ཞིབ་བྱས།

རྩོམ་སྔ་མ།མྱོང་གླེང་། བཞི་པ།
རྩོམ་རྗེས་མ།ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་བྱུང་རབས་མདོར་བསྡུས།(དུམ་བུ་བཅུ་པ།)
རེ་མདོ་སེངྒེ།
ལོ་རྒྱུས་མཚམས་སྦྱོར། ཕྲན་གྱི་མིང་ལ་རེ་མདོ་སེངྒེ་(sangay)ཟེར་ཞིང༌། བོད་དུ་སློབ་ཆུང་ནས་མཐོ་འབྲིང་བར་དུ་ཕྱིན། དགོན་པར་ཞུགས་རྗེས་ཚད་མ་དང་ཕར་ཕྱིན་སོགས་ལ་སློབ་སྦྱོང་བྱས། རྒྱ་གར་དུ་འབྱོར་བའི་རྗེས་ཀིརྟིའི་མཐོ་རིམ་སློབ་གཉེར་ཁང་དུ་སློབ་སྦྱོང་བྱས། ཕྱིས་སུ་ཀིརྟིའི་མཐོ་སློབ་ཀྱི་སློབ་དཔོན་དང༌། སྤྱི་ཁྱབ་རྩོམ་སྒྲིག་པའི་ལས་འགན་འཁྱེར་བའི་རིང་དེབ་གྲངས་བཞི་བཅུ་ལྷག་རྩོམ་སྒྲིག་དང་དཔར་འགྲེམས་ཀྱི་རྐང་འགན་བླངས། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་གསུང་རྩོམ་ཕྱོགས་སྒྲིག་པའི་འགན་འཁྱེར་བའི་དུས་ཡུན་ནང་ཁོང་གི་གསུང་རྩོམ་དེབ་ཕྲེང་དགུ་བཅུ་གོ་གཉིས་དཔར་བསྐྲུན་ཟིན་ཡོད། གཉིས་པ། བརྩམས་ཆོས་དང་རྩོམ་དེབ་ངོ་སྤྲོད། ༡༽ བོད་ཀྱི་རྩོམ་རིག་མཐའ་དཔྱོད། ༢༽ བོད་ཀྱི་སྲོལ་རྒྱུན་རིག་གཞུང་གླེང་བའི་གཏམ། དེབ་འདི་གཉིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༠༥ ལོར་དཔར་འགྲེམས་བྱས། ༣༽ ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེའི་ངག་རྒྱུན་རྣམ་ཐར་ས་བོན་ཕྱོགས་བསྒྲིགས། ཀིརྟིའི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གིས་ཕྱི་ལོ་ ༢༠༠༧ ལོར་དཔར་འགྲེམས་བྱས། ༤༽ གྲུབ་མཐའི་རྣམ་བཤད། བོད་ཀྱི་དཔེ་མཛོད་ཁང་དང༌། དབུས་བོད་མིའིསྒྲིག་འཛུགས་ཀྱི་ཆོས་རིག་ལྷན་ཁང་གཉིས་ཀྱིས་ཕྱི་ལོ་ ༢༠༠༨ དང་ཕྱི་ལོ་ ༢༠༠༩ ལོ་སོ་སོར་དཔར་འགྲེམས་བྱས། ༥༽ བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ལོར་དཔར་འགྲེམས་བྱས། ༦༽ གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ། དབུས་བོད་མིའིསྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༦ ལོར་དཔར་འགྲེམས་བྱས་ཤིང། ཕྱི་ལོ་ ༢༠༡༧ ལོར་བོད་ནང་དུ་རྩོམ་པ་པོ་དཔེ་སྐྲུན་ཁང་གིས་དཔར་འགྲེམས་བྱས། ༧༽ བོད་ཀྱི་ཆབ་སྲིད་མི་སྣ་གྲགས་ཅན་གྱི་བྱུང་བ་བརྗོད་པ། དབུས་བོད་མིའིསྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༨ ལོར་དཔར་འགྲེམས་གནང་རྒྱུའི་ལས་འཆར་གྲས་སུ་ཡོད། དེ་བཞིན་དཔྱད་རྩོམ་དང༌། རྣམ་ཐར། ལོ་རྒྱུས། བརྒལ་ལན་བཅས་རྩོམ་ཡིག་བརྒྱ་ཕྲག་མ་ཟིན་ཙམ་སྤེལ་ཡོད་ལ། ཝར་ཎའི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང༌། ས་རཱ་བོད་ཀྱི་མཐོ་སློབ། ནོར་གླིང་བོད་ཀྱི་མཐོ་སློབ། ཀིརྟིའི་མཐོ་སློབ། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས། ས་སྐྱའི་མ་དགོན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས། ས་རཱ་གཞོན་ནུ་ཁག་སོགས་ཀྱིས་གོ་སྒྲིག་གནང་བའི་བགྲོ་གླེང་ཚོགས་འདུ་སོགས་སུ་སྔ་ཕྱིར་བརྗོད་གཞི་སྣ་ཚོགས་ཐོག་བགྲོ་གླེང་གཏམ་བཤད་ཞུས། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་བཅུ་བཞི་པ་གཉིས་ལ་ཞུགས་ཏེ་དཔྱད་རྩོམ་བགྲོ་སྦྱང་བྱས། གསུམ་པ། ད་ལྟའི་གནས་སྟངས། དེང་སྐབས་ཀིརྟིའི་མཐོ་སློབ་ཀྱི་རིག་གནས་སློབ་དཔོན་དང༌། ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེའི་གསུང་རྩོམ་ཕྱོགས་སྒྲིག་པ། དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཀློག་དེབ་རྩོམ་འབྲི། བོ་དོང་གསུང་རབ་ཞིབ་འཇུག་ཁང་གི་ལས་ཞོར་ཞིབ་འཇུག་པ། གཞིས་བྱེས་ཀིརྟིའི་དགོན་ཁག་གི་སྔོན་འགྲོའི་ནང་བསྟན་སློབ་གཉེར་ཁང་གི་སློབ་དེབ་བློ་གསལ་མགུལ་རྒྱན་རྩོམ་སྒྲིག་ཞབས་ཞུ་པ་བཅས་ཀྱི་ལས་འགན་འཁྱེར་མུས་ཡིན།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།