མདུན་ངོས། ཏོག་དབྱིབས་གཉན་རིམས། བོད་དང་ཧི་མ་ལ...

བོད་དང་ཧི་མ་ལ་ཡའི་མི་རིགས་ཀྱིས་ཏོག་དབྱིབས་གཉན་རིམས་སྐོར་གྱི་གནས་ཚུལ་ཤེས་རྟོགས་འབྱུང་ལམ།

༥༡༥༤༠༤

༄༅།། ཕྱི་ལོ་ ༢༠༢༠ ལོར་ཏོག་དབྱིབས་གཉན་རིམས་ Corona Virus  ཁྱབ་རྗེས། ཨོ་སི་ཊོ་ལི་ཡའི་ནང་གི་བོད་པ་དང་ཧི་མ་ལ་ཡའི་མི་རིགས་ཚོས། ནད་ཡམས་དེའི་སྐོར་གནས་ཚུལ་མང་པོ་ཞིག་རང་གི་སྐད་ཡིག་གི་ཐོག་ནས་ཤེས་ཐབས་བྱེད་བཞིན་ཡོད། ཁོང་ཚོས་གནས་ཚུལ་ལེན་ས་གཙོ་བོ་ནི། དྲ་རྒྱ་(web)དང་། སྐད་འཕྲིན་(wechat) ཏར་འཕྲིན་(telegram) ངོ་དེབ་(facebook) རླུང་འཕྲིན་(radio) བཅས་རེད།

གནས་ཚུལ་བརྒྱུད་སྤེལ་བྱེད་སྟངས་ཀྱི་དཔེ་མཚོན་ཞིག་ཞུས་ན། ཨོ་སི་ཊོ་ལི་ཡའི་ནང་གི། ནིའུ་སོའི་རྡ་ཝལ་མངའ་སྡེའི་འཕྲོད་བསྟེན་ལས་ཁུངས་ཀྱིས་(Health NSW)བོད་ཡིག་ནང་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་གནས་ཚུལ་ཞིག་སྤེལ་ཚེ། དེ་མ་ཐག་གནས་ཚུལ་དེ་བོད་མི་ཚོས། རང་གི་ངོ་དེབ་དང་སྐད་འཕྲིན་ནང་བརྒྱུད་སྤེལ་བྱེད་བཞིན་ཡོད་ཅིང་། དེས་ནིའུ་སོའོ་རྡ་ཝལ་(NSW)ནང་གི་བོད་མི་ཙམ་མ་ཟད། མངའ་སྡེ་གཞན་དང་། དེ་བཞིན་རྒྱ་གར་དང་བལ་ཡུལ། འབྲུག་སོགས་རྒྱལ་ཁབ་གཞན་ལ་ཡོད་པའི་བོད་སྐད་སྤྱོད་མཁན་གྱི་མི་ལ་ཕན་གྱི་ཡོད། ནིའུ་སོའི་རྡ་ཝལ་མངའ་སྡེའི་འཕྲོད་བསྟེན་ལས་ཁུངས་ཀྱིས་(Health NSW)ད་ཕན་བོད་ཡིག་ནང་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ཡིག་ཆ་ ༡༠ དང་བརྙན་ ༡ ལས་བཏོན་མེད་ཀྱང་། དེས་ཕན་ཐོགས་ཆེན་པོ་བྱུང་ཡོད།

ཨོ་སི་ཊོ་ལི་ཡའི་དབུས་འཕྲོད་བསྟེན་ལྷན་ཁང་(Department of health, Australian Government)གིས་ཀྱང་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ཡིག་ཆ་མང་པོ་བོད་ཡིག་ནང་བསྒྱུར་ཏེ་སྤེལ་འདུག་ཅིང་། དེ་ནི་ཕལ་ཆེར་ཕྱི་རྒྱལ་གྱི་གཞུང་འབྲེལ་ལས་ཁུངས་ཤིག་གིས་བོད་ཡིག་ནང་ཏོག་དབྱིབས་གཉན་རིམས་སྐོར་ལ་གནས་ཚུལ་སྤེལ་བ་མང་ཤོས་ཡིན་འདུག

མང་ཚོགས་ཚོས་དགའ་མོས་ཆེན་པོ་བྱེད་ས་ཞིག་ནི། ཨོ་སི་ཊོ་ལི་ཡའི་ SBS རླུང་འཕྲིན་ཁང་གིས་བོད་སྐད་ནང་། ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་གནས་ཚུལ་ཁག་ལྔ་བཅུ་མ་ཟིན་ཙམ་སྤེལ་བ་དེ་རེད། དེ་ནི་ཕལ་ཆེར་ནུབ་ཕྱོགས་རྒྱལ་ཁབ་ཀྱི་རླུང་འཕྲིན་ཁང་ཁག་གི་ནང་ནས་བོད་སྐད་ནང་ཏོག་དབྱིབས་གཉན་རིམས་སྐོར་སྤེལ་མང་ཤོས་དེ་ཆགས་ཡོད། རླུང་འཕྲིན་ཁང་དེས་བོད་སྐད་ནང་གནས་ཚུལ་སྤེལ་རྗེས། བོད་པ་ཚོས་སྤྱི་ཚོགས་དྲ་ལམ་(social media)ཁག་ཏུ་བརྒྱུད་སྤེལ་བྱེད་པ་སྤེལ་ན། ཨོ་སི་ཊོ་ལི་ཡའི་ནང་བོད་པའི་མི་འབོར་མང་ཤོས་ཡིན་པའི་སིད་ཎི་(Sydney)བོད་ཡིག་མཐུན་ཚོགས་ཀྱི་ཏར་འཕྲིན་ཚོགས་པའི་ནང་བརྒྱུད་སྤེལ་བྱེད་པ་དང་། དེ་ནས་ཚོགས་པ་གཞན་དག་ནང་བརྒྱུད་སྤེལ་བྱེད་པ་ལྟ་བུ་ཡིན།

བོད་ཀྱི་སྐད་ཡིག་ནང་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་གནས་ཚུལ་དང་ཞབས་ཞུ་སྤེལ་ཤུགས་ཆེ་ཤོས་ནི། རྒྱ་གར་དུ་ཡོད་པའི་དབུས་བོད་མིའི་སྒྲིག་འཛུགས་ཡིན་པ་བཤད་མི་དགོས། བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་གི་དྲ་ཤོག་ཏུ་ད་ཕན་བརྙན་དང་ཡིག་ཆའི་ལམ་ནས་ལམ་སྟོན་དང་གནས་ཚུལ་བརྒྱ་ཕྲག་བརྒལ་བ་སྤེལ་ཟིན་ཅིང་། དེ་དག་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་དང་། བོད་ཀྱི་བརྙན་འཕྲིན་བརྒྱུད་རྒྱ་གར་དང་བལ་ཡུལ། འབྲུག །ལ་དྭགས། ནུབ་ཕྱོགས་ཀྱི་བོད་པའི་སྤྱི་ཚོགས། ཨོ་སི་ཊོ་ལི་ཡ་བཅས་བཅས་ལ་ཤུགས་ཆེན་པོ་ཁྱབ་བཞིན་འདུག

ཧི་མ་ལ་ཡའི་རི་བརྒྱུད་ས་ཁུལ་ཁོངས་ནས། ས་གནས་ཀྱི་རྫོང་ཁའི་སྐད་ནང་ཏོག་དབྱིབས་གཉན་རིམས་སྐོར་ལ་གནས་ཚུལ་མང་ཤོས་སྤེལ་མཁན་ནི་འབྲུག་གཞུང་རེད། འབྲུག་གཞུང་གི་དྲ་རྒྱའི་ནང་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ལམ་སྟོན་དང་ཡིག་ཆ། རི་མོ་སོགས་ཧ་ཅང་མང་པོ་སྤེལ་འདུག་པ་རྣམས། འབྲུལ་ཡུལ་ཙམ་མ་ཟད། ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ཕར་ཐ་(Perth) དང་། ཀེམ་བྷ་ར་སོགས་ཀྱི་འབྲུག་པའི་སྤྱི་ཚོགས་ནང་ལྟ་ཀློག་བྱེད་མཁན་མང་པོ་འདུག །དེ་བཞིན་འབྲུག་རྒྱང་བསྒྲགས་ལས་ཁུངས་དང་། འབྲུག་ཀུན་གསལ་ཉིན་བསྟར་གསར་ཤོག་བཅས་སུའང་ཏོག་དབྱིབས་གཉན་རིམས་སྐོར་ལ་གནས་ཚུལ་མང་པོ་སྤེལ་འདུག །འབྲུག་གི་རྫོང་ཁའི་སྐད་དུ་སྤེལ་བའི་གནས་ཚུལ་རྣམས་འབྲུག་པ་ཚོའི་ནང་དུ་ཁྱབ་ཆེ་བ་ལས། བོད་པའི་ནང་དུ་ཁྱབ་ཚང་ཉུང་། དེའི་རྒྱུ་མཚན་ནི་རྫོང་ཁའི་སྐད་ནང་བྲིས་པ་རྣམས་བོད་པ་ཕལ་མོ་ཆེས་ཀློག་ཐུབ་ཀྱང་གོ་མི་ཐུབ་པས་རེད།

བོད་ཡིག་ནང་ཐོན་པའི་ཏོག་དབྱིབས་གཉན་རིམས་སྐོར་གྱི་གནས་ཚུལ་ལ་བལྟས་ཚེ། དཀའ་ངལ་ཆེ་ཤོས་གཅིག་ནི་ཐ་སྙད་གཅིག་གྱུར་མེད་པ་དེ་རེད། དཔེར་ན། Covid-19 ལ་བོད་སྐད་ནང་། ཏོག་དབྱིབས་གཉན་རིམས་ ༡༩ པ་དང་། ཏོག་དབྱིབས་ནད་དུག་ ༡༩ པ། ཏོག་གསར་ནད་དུག་ ༡༩ པ་ཟེར་བ་སོགས་མི་མཐུན་པ་མང་ཞིང་། འབྲུག་པ་ཚོས་ཀོ་ཝིཌ་-༡༩ ཟེར། དེ་བཞིན་

social distancing སྤྱི་ཚོགས་རྒྱང་བསྐྱེད།  སྤྱི་ཚོགས་རྒྱང་སྡོད།

self-isolating ཁེར་སྡོད། ལོགས་བཀག །ཟུར་བཀག

lockdown སྒོ་རྒྱ་བསྡམས་པ། ཐེམ་སྤངས་བཀའ་རྒྱ།

hand sanitizer དུག་སེལ་ལག་བྱུགས། ལག་འཕུར་སྨན་རྫས།

vaccine སྔོན་འགོག་སྨན། (འགོག་སྨན) སྔོན་འགོག་ཁབ།

asymptomatic ནད་རྟགས་མེད་པ། ནད་རྟགས་མི་མངོན་པ།

new normal ལམ་སྲོལ་གསར་པ། དུས་རྒྱུན་གྱི་ལུགས་སྲོལ་གསར་པ་སོགས་ཀྱི་ཐ་སྙད་གསར་པ་མང་པོ་ཐོན་ཅིང་། ད་ཆ་རིམ་པས་ཐ་སྙད་དེ་དག་གཅིག་གྱུར་ཆགས་བཞིན་འདུག

དཀའ་ངལ་གཞན་དག་ཅིག་ནི། ཏོག་དབྱིབས་གཉན་རིམས་སྐོར་གྱི་རྒྱལ་སྤྱིའི་གནས་ཚུལ་གསར་པ་རྣམས་བོད་ཡིག་དང་རྫོང་ཁའི་སྐད་དུ་དུས་ཐོག་ཐོན་མི་ཐུབ་པ་དེ་རེད། ད་ཕན་བོད་སྐད་དང་རྫོང་ཁའི་སྐད་ནང་ཐོན་པའི་གནས་ཚུལ་རྣམས་ཡོངས་ཁྱབ་ཀྱི་ལམ་སྟོན་དང་ས་གནས་ཀྱི་གནས་ཚུལ་ཡིན་པ་ལས། སྐབས་འཕྲལ་སོ་སོར་བྱུང་བའི་འགྱུར་བ་གསར་པ་དཔེར་ན། འགོག་སྨན་ཚོད་ལྟ་དང་ལེགས་གྲུབ་ཀྱི་གནས་ཚུལ་རྣམས་དུས་ཐོག་ཏུ་ཐོན་ཐུབ་ཀྱི་མེད།

སྤྱི་ཡོངས་ནས་བཤད་ན། ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་བོད་པ་དང་འབྲུག་པ་ཚོས་ཏོག་དབྱིབས་གཉན་རིམས་སྐོར་གྱི་སྤྱི་ཡོངས་གནས་ཚུལ་རང་གི་སྐད་ཡིག་ལ་བརྟེན་ནས་ཡག་པོ་ཤེས་པ་མ་ཟད། དེའི་སྐོར་ལ་རང་གི་སྐད་ཡིག་སྤྱད་དེ་ཕན་ཚུན་གོ་བརྡ་སྤྲོད་ཐུབ་ཀྱི་ཡོད།། །།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།