མདུན་ངོས། བྱིས་རྩོམ། སྲོག་ཆགས་ཀྱི་...

སྲོག་ཆགས་ཀྱི་འཇིག་རྟེན་ལ་ཉུལ་བ། ༢ བྱ་ཁྱེའུ།

༡༠༠༣༧༡༦

བྱ་ཁྱེའུ།  (Penguin)

བྱ་ཁྱེའུ་ནི་ལྷོ་སྣེ་གླིང་ཆེན་(Antarctica) ནང་གི་སྲོག་ཆགས་ཤིག་རེད། སྲོག་ཆགས་དེར་“གངས་ངུར་”ཞེས་པའི་བོད་མིང་ཞིག་ཀྱང་ཡོད། ལྷོ་སྣེ་གླིང་ཆེན་དེ་དག་སའི་གོ་ལའི་ལྷོ་ཕྱོགས་སུ་ཡོད་པ་དང་། དབུས་དེར་འཛམ་གླིང་གི་ལྷོ་སྣེ་ཆགས་ཡོད།  དེའི་རྒྱ་ཁྱོན་ནི་ཨ་མེ་རི་ཀའི་རྒྱལ་ཁབ་ཀྱི་ལྡབ་གཅིག་དང་ཕྱེད་ཀ་ཙམ་ཡོད་པ་རེད།  ལྷོ་སྣེ་གླིང་ཆེན་གྱི་ཉེ་འཁོར་དུ་བྱ་ཁྱེའུ་ཡི་རིགས་མི་འདྲ་བ་ ༡༧ ཙམ་ཞིག་འཚོ་གནས་བྱེད་བཞིན་ཡོད།  བྱ་ཁྱེའུ་ཆུང་ཤོས་དེའི་ལུས་པོའི་རིང་ཚད་ལ་སན་ཌི་མི་ཌར་(centimeter)༤༦ཙམ་དང་། ལུས་པོ་ཆེ་ཤོས་དེའི་རིང་ཚད་ལ་མི་ཌར་(meter) ༡.༢༧ ཙམ་ཡོད་པས། བྱིས་པ་ལོ་ན་བདུན་ལ་སོན་པ་ཞིག་གི་གཟུགས་པོའི་རིང་ཚད་དང་མཚུངས་ཡོད།  ཡིན་ན་ཡང་།  སྤྱི་ལོ་ ༢༠༡༠ ལོར་ལྷོ་ཨ་མེ་རི་ཀའི་ནང་གི་ཡུལ་གྲུ་པེ་རུ་(Peru) ནང་ནས་བྱ་ཁྱེའུ་ཆེ་ཤོས་ཤིག་གི་འགྱུར་རྡོ་(fossil) རྙེད་ཡོད།  བྱ་ཁྱེའུ་དེའི་ལུས་པོའི་རིང་ཚད་ལ་མི་ཌར་(meter) ༡.༥ ཙམ་ཡོད་པས། མི་དར་མ་ཞིག་གི་གཟུགས་པོའི་རིང་ཚད་ལྟར་ཡོད་པ་དང་།  སའི་གོ་ལ་དེའི་སྟེང་ནས་རྩ་སྟོངས་སུ་ཕྱིན་ཏེ་ད་བར་ལོ་ངོ་བྱི་བ་༣ དང་ས་ཡ་ ༦ ཙམ་འགྲོ་གི་ཡོད་པ་རེད།

སྣང་གསལ་བསྟན་འཛིན་ནོར་བུ།

བྱ་ཁྱེའུ་ཡི་རིགས་མི་འདྲ་བ་ ༡༧ ནི་གཤམ་གསལ་ལྟར།

 ཨང    No.

རིགས་ཀྱི་མིང་།

Name

ཚན་རིག་གི་མིང་།

Scientific name

ལུས་པོའི་རིང་ཚད།

Height

བྱ་ཁྱེའུ་མཐིང་སྒྲོ།

fairy penguin

 Eudyptula minot སན་ཌར་མི་ཌར་ ༤༦ (cm)
   ༢

གླིང་ཕྲན་གཱ་ལཱ་སྤ་གོ་སེའི་བྱ་ཁྱེའུ།

Galápagos penguin

Spheniscus mendiculus སན་ཌར་མི་ཌར་ ༥༠ (cm)
   ༣ བྱ་ཁྱེའུ་མགོ་སྒྲོ་ཟེ་ཅན།

rockhopper penguin

Eudyptes chrysocome སན་ཌར་མི་ཌར་ ༥༨ (cm)
   ༤ གླིང་ཕྲན་ཕེའུ་ཌ་ལན་ཌའི་བྱ་ཁྱེའུ།

Fiordland penguin

Eudyptes pachyrhynchus སན་ཌར་མི་ཌར་ ༦༡ (cm)
   ༥ བྱ་ཁྱེའུ་མཆུ་ཏོ་མཐུག་པོ།

Snares penguin

Eudyptes robustus སན་ཌར་མི་ཌར་ ༦༦ (cm)
   ༦ ཨ་ཧྥེ་རི་ཀའི་བྱ་ཁྱེའུ།

African penguin

Spheniscus demersus སན་ཌར་མི་ཌར་ ༦༨ (cm)
   ༧ བྱ་ཁྱེའུ་མགོ་སྒྲོ་རྭ་ཅན

erectcrested penguin

Eudyptes sclateri སན་ཌར་མི་ཌར་ ༧༡ (cm)
     བྱ་ཁྱེའུ་ལྕགས་ཞྭ་ཅན།

chinstrap penguin

Pygoscelis antarcticus སན་ཌར་མི་ཌར་ ༧༡ (cm)
   ༩ བྱ་ཁྱེའུ་བྲང་སྒྲོ་ཐིག་ཅན།

Humboldt penguin

Spheniscus humboldti སན་ཌར་མི་ཌར་ ༧༣ (cm)
   ༡༠ མཱ་ཇན་ལན་གྱི་བྱ་ཁྱེའུ།

Magellanic penguin

Spheniscus magellanicus སན་ཌར་མི་ཌར་ ༧༣ (cm)
   ༡༡ བྱ་ཁྱེའུ་མིག་རྩ་དཀར་པོ།

Adélie penguin

Pygoscelis adeliae སན་ཌར་མི་ཌར་ ༧༦ (cm)
   ༡༢ བྱ་ཁྱེའུ་གདོང་དཀར།

royal penguin

Eudyptes schlegeli སན་ཌར་མི་ཌར་ ༧༦ (cm)
   ༡༣ བྱ་ཁྱེའུ་དབུ་རྒྱན།

macaroni penguin

Eudyptes chrysolophus སན་ཌར་མི་ཌར་ ༧༦ (cm)
   ༡༤ བྱ་ཁྱེའུ་མགོ་མིག་སེར་པོ།

Yellow-eyed penguin

Megadyptes antipodes སན་ཌར་མི་ཌར་ ༧༩ (cm)
   ༡༥ བྱ་ཁྱེའུ་མཆུ་སེར་མིག་དཀར།

gentoo penguin

Pygoscelis papua སན་ཌར་མི་ཌར་ ༨༦ (cm)
   ༡༦ བྱ་ཁྱེའུ་སྒལ་པ་དངུལ་མདོག

king penguin

Aptenodytes patagonicus སན་ཌར་མི་ཌར་ ༩༦ (cm)
   ༡༧ བྱ་ཁྱེའུ་སྟོབས་ཆེན།

emperor penguin

Aptenodytes forsteri སན་ཌར་མི་ཌར་ ༡༢༧(cm)

 

བྱ་ཁྱེའུ་ནི་གནམ་ལ་འཕུར་མི་ཐུབ་པའི་འདབ་ཆགས་ཤིག་རེད། ཡིན་ན་ཡང་། ཁོ་པས་རྒྱ་མཚོའི་ནང་དུ་ལུས་པོའི་སྟེང་གི་གཤོག་པ་ཐུང་ཐུང་དེ་གཉིས་རྡེབ་དུས། གྲུ་གཟིངས་ཀྱི་ཤན་སྐྱ་ལྟ་བུའི་ནུས་པ་ཐོན་ནས་འཕུར་བ་ལྟར་ཆུ་རྐྱལ་མགྱོགས་པོ་རྒྱག་ཐུབ་ཀྱི་ཡོད་པ་རེད།

བྱ་ཁྱེའུ་ཡི་ལུས་པོའི་སྒང་གི་སྤུ་སྒྲོ་རྣམས་སྣུམ་ཐིང་ཐིང་ཞིག་ཡོད་པས། ཆུ་འགོག་པའི་ཁྱད་ཆོས་ལྡན་ཡོད། དེར་བརྟེན། སྤུ་སྒྲོ་དེ་ཚོས་རྟག་ཏུ་ལུས་པོ་དེ་སྐམ་པོར་ཉར་ཞིང་། ལུས་པོའི་དྲོད་ཚད་མ་ཤོར་བ་བྱེད། ལུས་པོའི་མདུན་ངོས་ཀྱི་སྤུ་སྒྲོའི་ཁ་མདོག་དེ་དཀར་པོ་ཡིན་པ་དང་། རྒྱབ་ངོས་ཀྱི་སྤུ་སྒྲོའི་ཁ་མདོག་དེ་ནག་པོ་རེད།

བྱ་ཁྱེའུ་ལ་མཇུག་མ་ཡོད་པ་དང་།  ཁོ་པའི་རྐང་པའི་སྡེར་མོ་རྣམས་མཁྲེགས་པོ་དང་རྣོ་པོ་ཡོད་ཙང་། རྒྱུན་དུ་གངས་འཁྱགས་ཀྱི་སྒང་ལ་འཛེག་ཐུབ་པ་མ་ཟད། སྡེར་མོ་རྣོ་པོ་དེས་འབུད་ཀྱག་བརྒྱབ་ནས་གྲོད་ཁོག་གིས་གངས་དང་། འཁྱགས་པའི་ཐོག་ཏུ་བཤུད་འགྲོ་(sliding) བྱེད་རྒྱུར་མཁས།  བྱ་ཁྱེའུ་ཡིས་གོམ་པ་རྒྱག་དུས། བྱིས་པ་ཆུང་ཆུང་ངམ། ཁྱེའུ་ཞིག་དང་འདྲ་བར་ཁོ་པའི་ལུས་པོ་དེ་གཞོགས་གཉིས་ལ་ཡོམ་ཙམ་ཡོམ་ཙམ་བྱས་ནས་འགྲོ་བཞིན་ཡོད་པ་རེད།

བྱ་ཁྱེའུ་ཕལ་མོ་ཆེ་གྲང་ངར་ཆེ་བའི་ལྷོ་སྣེའི་ཁོར་ཡུག་གི་ཁྲོད་དུ་འཚོ་གནས་བྱེད་ཀྱི་ཡོད་ཀྱང་། བྱེ་བྲག་གི་རིགས་ཁ་ཤས་ཤིག་ལྷོ་སྣེ་གླིང་ཆེན་གྱི་ཉེ་འཁོར་དུ་ཁྱབ་པའི་དྲོད་འཇམ་ཅན་གྱི་གླིང་ཕྲན་དེ་ཚོའི་ཐོག་ཏུ་འཚོ་བ་སྐྱེལ་བཞིན་ཡོད།  ཁོ་པ་ཚོའི་ཟས་རིགས་གཙོ་བོ་ནི་རྒྱ་མཚོའི་ནང་གི་མཚོ་འབུ་(shrimp)དང་། ཉ། མཚོ་འབུ་ཕྲ་ཆུང་(krill)རྣམས་བཟུང་ནས་ཟ་བ་རེད།

བྱ་ཁྱེའུ་ཡི་ཁྱིམ་ཚང་སྐྱོང་ཚུལ་དེ་དག་བྱེ་བྲག་གི་རིགས་སོ་སོའི་དབར་ལ་ཁྱད་པར་ཕྲན་བུ་ཞིག་ཡོད་པ་སྟེ།  བྱ་ཁྱེའུ་ཡི་བྱ་ཚང་ཁ་ཤས་ཀྱི་ནང་དུ་སྒོ་ང་གཉིས་སམ།  ཡང་ན།  སྒོ་ང་གཉིས་ལས་མང་བ་ཞིག་མཐོང་རྒྱུ་ཡོད་རུང་། མཐའ་མ་དེར།  སྒོ་ང་རུམ་ཐུབ་པ་ནི་གྲངས་གཅིག་མ་གཏོགས་ལྷག་གི་མེད།  ཡིན་ན་ཡང་།  བྱ་ཁྱེའུ་སྟོབས་ཆེན་(emperor penguin) ལྟ་བུའི་བྱ་ཚང་ལ་སྒོ་ང་གཅིག་མ་གཏོགས་མེད།  བྱ་ཁྱེའུ་ཨ་མས་སྒོ་ང་བཏང་ནས་ལམ་སེང་རྒྱ་མཚོའི་ནང་དུ་ཁ་ལག་འཚོལ་བར་འགྲོ་བ་དང་།  བྱ་ཁྱེའུ་ཨ་ཕ་དེས་སྒོ་ང་དེ་དག་རང་ཉིད་ཀྱི་རྐང་པའི་སྒང་ལ་ཁྱེར་ནས་གྲོད་ཁོག་གི་འོག་ཏུ་ཟླ་བ་གཉིས་ཙམ་ཞིག་བཅུག་ཏེ་ཉར་གྱི་ཡོད།  དེ་ནས་སྒོ་ང་དེ་བྱ་ཁྱེའུ་ཨ་ཕའི་གྲོད་ཁོག་གི་འོག་ཏུ་རུམ་པ་དང་། བྱ་ཕྲུག་དེ་རིམ་བཞིན་འཚར་ལོངས་བྱས།  ཟླ་བ་གསུམ་ཙམ་ཞིག་ཕྱིན་པའི་རྗེས་ལ་བྱ་ཁྱེའུ་ཨ་མས་གཞི་ནས་བྱ་ཚང་ལ་ཕྱིར་ལོག་བྱས་ཏེ་བྱ་ཕྲུག་དེར་ཁ་ལག་སྐྱེལ་བར་ཡོང་།  དུས་ཡུན་དེའི་རིང་དུ་བྱ་ཁྱེའུ་ཨ་ཕ་ལ་ཁ་ལག་ཁྱོན་ནས་མེད་པར་ལྟོགས་པར་ལུས།  བྱ་ཕྲུག་དེ་ཟླ་བ་ལྔ་ཙམ་ཞིག་ལ་སླེབས་པའི་སྐབས་སུ། རང་རྐྱ་འཕེར་ཏེ་ཕ་མ་ལ་བསྟེན་མི་དགོས་པར་ཁ་ལག་རང་ཉིད་ནས་འཚོལ་ཐུབ་པ་དང་།  ལོ་ལྔ་ཙམ་ཟིན་དུས་བྱ་ཁྱེའུ་ཡི་ཁྱིམ་ཚང་གསར་པ་ཞིག་ལོགས་སུ་བཙུགས་ཀྱི་ཡོད་པ་རེད།

ཉེན་ཚབས་ཀྱི་གནས་སྟངས།

བྱ་ཁྱེའུ་རིགས་ཀྱང་སའི་གོ་ལ་དེའི་སྟེང་གི་སྲོག་ཆགས་གཞན་རྣམས་དང་འདྲ་བར་རང་བྱུང་ཁམས་ཀྱི་ཆ་ཤས་གལ་ཆེན་གྲས་ཤིག་ཀྱང་རེད།  རྒྱུན་དུ་རྒྱ་མཚོའི་ནང་གི་སྲོག་ཆགས་ནཱ་ཀྲ་བཤན་པ་(Killer whales) དང་། མཚོ་སཱིལ་གཟིག་རིས་(Leopard seals) ཀྱིས་བྱ་ཁྱེའུ་ཟས་སུ་འཛིན་ནས་ཟ་བ་དང་།  རྒྱ་མཚོའི་སྟེང་དུ་འཕུར་བའི་འདབ་ཆགས་མཚོའི་སྐྱར་མོ་(Gulls) དང་མཚོ་སྐྱར་བཤན་པ་(Skuas) ལ་སོགས་པས་བྱ་ཁྱེའུ་ཡི་བྱ་ཚང་གི་ནང་ནས་སྒོ་ང་བརྐུས་ཏེ་ཟ་བ་མ་ཟད།  བྱ་ཁྱེའུ་ཡི་བྱ་ཕྲུག་ཆུང་ཆུང་དེ་བསད་ནས་ཟ་བཞིན་ཡོད་པས། སྲོག་ཆགས་དེ་རྣམས་ནི་བྱ་ཁྱེའུ་ཡི་རང་བྱུང་ཁམས་ཀྱི་དགྲ་ཟླ་ཆགས་ཡོད།  འོན་ཀྱང་།  བྱ་ཁྱེའུ་ཡི་ཚེ་སྲོག་ལ་གནོད་འཚེ་ཚབས་ཆེན་བཟོ་མཁན་དེ་ནི་ང་ཚོ་མིའི་རིགས་ཡིན།  མི་རྣམས་ཀྱིས་བྱ་ཁྱེའུ་འཚོ་གནས་བྱེད་སའི་རྒྱ་མཚོའི་ནང་ནས་ཚད་ལས་བརྒལ་བའི་ཉའི་རིགས་འཛིན་པ་དེས་ཁོ་པའི་ཟས་རིགས་དཀོན་པོ་ཆགས་པ་དང་།  ཡུལ་བསྐོར་སྤྲོ་འཆམ་པ་དེ་ཚོས་བྱ་ཁྱེའུ་ཡི་བྱ་ཚང་སྐྲུན་སའི་ས་ཆ་རྣམས་བཙན་བཟུང་བྱེད་པ།  རྒྱ་མཚོའི་ནང་དུ་མིའི་རིགས་འཚོ་བའི་ཁྲོད་ཀྱི་གད་སྙིགས་རྣམས་གང་བྱུང་གིས་དབྱུགས་པ།  ལྷག་དོན་རྡོ་སྣུམ་དབོར་སྐྱེལ་གྲུ་གཟིངས་ཀྱི་བདག་གཉེར་བ་དང་ལས་མི་དེ་ཚོས་སྣང་ཆུང་དང་། གཟབ་ནན་མེད་པའི་ལྟ་སྤྱོད་འོག་རྡོ་སྣུམ་འཕོན་ཆེ་ཞིག་རྒྱ་མཚོའི་ནང་དུ་འཛག་པ་དང་ཤོར་བའི་དབང་གིས་བྱ་ཁྱེའུ་སྟོང་ཕྲག་མང་པོ་ཤི་བ་དང་།  ཁྲི་ཕྲག་མང་པོར་གནོད་སྐྱོན་འཕོག་ནས་བྱ་ཁྱེའུ་ཡི་རིགས་བྱེ་བྲག་འགའ་ཞིག་རྩ་སྟོངས་སུ་འགྲོ་ལ་ཉེ་བའི་གནས་སྟངས་ཤིན་ཐོན་བཞིན་ཡོད་པ་རེད།

ལོ་ཆུང་བྱིས་པ་ཚོར་གོང་གི་སྲོག་ཆགས་དེའི་སྐོར་ལ་ངོ་སྤྲོད་མདོར་བསྡུས་ཤིག་གནང་འདོད་ཡོད་ཚེ།  ཁྲ་ལི་བོད་ཀྱི་སྒྱུ་རྩལ་དང་རྩོམ་རིག་གོང་འཕེལ་ཚོགས་པའི་དྲ་ཚིགས་འདིའི་ཐོག་ཏུ་གཟིགས་རོགས་གནང་།

https://tinyurl.com/1gp4ln4j

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།