མདུན་ངོས། བསམ་ཚུལ། ལྷད་མེད་ནི་ཁྱ...

ལྷད་མེད་ནི་ཁྱོད་ཀྱི་རིན་ཐང་ཡིན།

༧༢༩༦༤༧

རྫ་ཚེ་རིང་བཀྲ་ཤིས།

ལྷད་མེད་གཤིས་ཀྱི་འཛུམ་མདངས་ནི་བསྟན་འཛིན་གྱི་རིན་ཐང་ཡིན་པས་མུ་མཐུད་དེ་སྲུང་སྐྱོབ་ཐུབ་པ་ཞིག་དགོས། བཀྲ་ཤིས་བདེ་ལེགས།

གཅེས་སུ་འོས་པའི་བསྟན་འཛིན་བརྩོན་འགྲུས་ལགས། ང་ནི་ཉིན་འདི་གར་དྲ་ཐོག་ནས་ཁྱོད་ཀྱི་སྐོར་ལ་ཚ་ཚ་འུར་འུར་གྱིས་དོ་སྣང་བྱེད་བཞིན་པའི་སྐྱེ་བོ་དུང་ཕྱུར་དུ་མ་ཡོང་བཞིན་ཡོད་པའི་ནང་གི་གཅིག་ཡིན། ཁྱོད་ནི་ད་ཆ་ཚང་མས་ངོ་ཤེས་པའི་མི་ཞིག་ཏུ་གྱུར་ཟིན་པ་རེད་ལ། ཁྱོད་རང་ངོ་ཤེས་མཁན་ཕྱི་རྒྱལ་དུའང་ཁྱབ་ཀྱིན་ཡོད། འཛམ་གླིང་ས་ཁུལ་ཁག་གི་རང་རིགས་གཅིག་པ་མང་པོས་ཀྱང་དོ་སྣང་བྱ་བཞིན་འདུག་ལ། ཐའེ་ཝན་དང་འཇར་པན་སོགས་ཀྱི་གསར་ལམ་ཁག་གིས་ཀྱང་ཁྱོད་ཀྱི་སྐོར་གླེང་བཞིན་འདུག །

ཡང་བོད་པ་ནང་ཁུལ་གྱི་འགའ་རེས་དེ་ནི་རྒྱ་རིགས་དེ་ཚོས་དྲ་ལམ་ནས་སྟོང་འུར་བྱས་པ་ཞིག་དང་། ཁྱོད་ལ་སྟེས་དབང་གི་ལམ་འགྲོ་རྒྱུག་པ་ཙམ་ལས། གཟུགས་རྣམ་པ་དང་བཟོ་ལྟ་སོགས་བསྟན་འཛིན་དང་འདྲ་བ་མང་པོ་ཡོད་པས་གང་ཡང་མ་རེད་བསམ་སྲིད་མོད། ད་ལྟའི་དྲ་བའི་འཇིག་རྟེན་གྱི་ནུས་པ་དང་ཤུགས་རྐྱེན་ནི་ཆུ་ལོག་རྒྱུག་པ་ལྟ་བུའི་ཤུགས་དྲག་ཅིག་ཡིན་པས་དོན་དངོས་ཀྱི་ནུས་པ་དང་ཤུགས་རྐྱེན་ནི་སྤྱི་སྒེར་ཚང་མའི་བསམ་ཚོད་ལས་ཡོངས་སུ་བརྒལ་བ་ཞིག་རེད། དེའི་ཕྱིར་ད་ཐེངས་བསྟན་འཛིན་དང་འབྲེལ་བའི་དོན་དག་འདིའང་སྣང་མེད་དུ་འཇོག་འོས་པ་ཞིག་གཏན་ནས་མ་རེད།

ཁྱད་པར་དུ་བར་ཚོང་པའམ། བར་བཀོད་(经纪人 agent)པ་དང་བར་ཚོང་ཁང་(经纪公司)དག་གི་མིག་ནང་དུ་ཁྱོད་ནི་ཤ་སྐལ་ཚོན་པོ་ཞིག་དང་འདྲ་བར་གྱུར་ཡོད་ལ། ཞིང་ཆེན་མང་པོའི་ཡུལ་སྐོར་ལས་ཁུངས་དག་གིས་ཁྱོད་རང་འཕྲོག་རེས་བྱེད་བཞིན་ཡོད་དེ། གང་ལྟར་ཁོང་ཚོས་ཁྱོད་ལ་ཐབས་རྒྱ་ཇུས་སྟོང་གིས་འབྲེལ་བ་འཛིན་བཞིན་པའང་ངས་ཤེས་ཀྱི་ཡོད།
ཁྱོད་རང་ཉིད་ཀྱི་ཡིད་དབང་འཕྲོག་པའི་གསར་ཡག་གི་ལང་ཚོ་དང་། མ་བཅོས་ལྷད་མེད་ཀྱི་མཛའ་བརྩེའི་འཛུམ་མདངས་ཀྱིས་སྐྱེ་བོ་དུང་ཕྱུར་མང་པོར་སེམས་ཐག་ཉེ་བའི་བག་ཆགས་ཡག་པོ་ཞིག་བཞག་པ་དང་། མཚན་མོ་གཅིག་གིས་གྲགས་ཅན་གྱི་མི་སྣ་ཆགས་པ་ནི། ང་ཚོ་ཆུང་ཆུང་ཡིན་དུས་རྩྭ་ཐང་གི་རྒན་རབས་པ་དག་གིས་ངག་ནས་ཤོད་སྲོལ་ཡོད་པའི་“གནའ་རབས་”ལས་ཐོས་ཐུབ་པའི་སྒྲུང་སྟེ། གཞན་ཡུལ་དུ་འཁྱམས་པའི་མི་དཀྱུས་མ་ཆེ་གེ་མོ་ཞིག་གློ་བུར་དུ་ཁྲོམ་ཚོགས་ཆེན་པོ་ཞིག་གི་མཐའ་ལ་བསླེབས་པ་ན། ཡུལ་དེས་རྒྱལ་པོ་གསར་པ་ཞིག་འཚོལ་བཞིན་པ་དང་ཁེལ་ནས་གློ་བུར་དུ་རྒྱལ་པོར་གྱུར་པའི་སྐོར་གྱི་གཏམ་རྒྱུད་སྙིང་རྗེ་མོ་དེ་ཚོ་དང་འདྲ་པོ་ཞིག་ཆགས་པ་རེད། འདི་ནི་ང་ཚོ་ཚང་མའི་ཆུང་དུས་ཀྱི་ཡིད་འཕྲོག་པའི་འཕྲུལ་སྣང་ཙམ་ཞིག་ཡིན་ན་ཡང་དེ་རིང་ཁྱོད་ཀྱི་ཐོག་ནས་དེ་མངོན་གྱུར་བྱུང་བ་ལྟ་བུ་ཞིག་རེད།
ཁྱོད་ཀྱི་ལམ་འགྲོ་འདི་དང་བསྡུར་ན། ཉེ་ཆར་ཧིནྡུ་ཉི་ཞི་ཡའི་མི་ཞིག་རང་གི་ནང་དུ་ལས་ཀ་བྱེད་བཞིན་པའ་ིསྐབས་སུ་གློ་བུར་དུ་སྤྱི་རྒྱ་གཉིས་ལྷག་ཡོད་པའི་གནམ་རྡོ་ཞིག་རང་གི་ཁང་སྟེང་དུ་ཟག་པ་དང་། ཆེད་ལས་མཁས་པས་བརྟགས་དཔྱད་བརྒྱུད་རྡོ་དེ་ནི་མི་ལོ་དུང་ཕྱུར་བཞི་བཅུ་ཞེ་ལྔ་ཙམ་སོང་ཟིན་པའི་སྐར་རྡོ་ཞིག་ཡིན་པར་ར་སྤྲོད་བྱས། མཐར་མི་དེས་ཀྱང་སྐར་རྡོ་དེ་ཨ་རི་བ་ཞིག་ལ་ཀྲུང་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས། གཅིག་འབུམ། དྲུག་ཁྲི་བྱས་ནས་བཙོང་ཐུབ་པ་བྱུང་བའི་གསར་འགྱུར་ཐོན་པར། མི་ཚོས་ཁོའི་ལམ་འགྲོ་ལ་ཡིད་སྨོན་ཆེན་པོ་བྱས་པ་ལྟ་བུ་ནི་ཕལ་ཆེར་གླེང་རིན་མེད་པ་ཞིག་ཏུ་བཏང་ཟིན་པ་རེད།

ཁྱེད་རང་དྲ་གྲགས་སུ་ཆགས་པ་འདིས་ནི་རང་ཉིད་སྒེར་ཙམ་མ་ཡིན་པར་ཕ་ཡུལ་གྱི་ཡུལ་སྐོར་ལྗོངས་རྒྱུ་དང་འབྲེལ་བའི་མི་མང་གི་འཚོ་བ་དང་། ལྟ་ན་སྡུག་པའི་ཕ་ཡུལ་མཐོ་སྒང་གི་ཁོར་ཡུག་དང་། སེམས་ཁམས་ཀྱི་མཛེས་པ་མི་རིགས་གཞན་ལ་ངོ་སྤྲོད་བྱེད་པ་སོགས་ལའང་བཟང་ཕྱོགས་ཀྱི་ནུས་པ་ཐོན་རྒྱུའི་རྟགས་མཚན་མང་པོ་ཞིག་མངོན་བཞིན་ཡོད། ཆེད་མཁས་པ་ཚོས་ཀྱང་། ཁྱོད་རང་དྲ་གྲགས་ཆགས་པ་དང་། ཞིང་ཆེན་དང་ས་ཁུལ་མང་པོས་ཁྱོད་ལ་དགའ་བསུ་དང་མགྲོན་འབོད་བྱེད་བཞིན་པ་འདི་ཕྱོགས་ཚང་མ་ལ་ཁེ་ཕན་ཡོད་པ་ཞིག་ཡིན་པའི་ངོས་འཛིན་གྱིས། ཐོབ་པ་ལས་ཤོར་བ་མེད་པའི་འཕྲོག་རེས་(只有赢家,没有输家的抢人大战)ཞིག་རེད་ཅེས་སྡོམ་ཚིག་རྒྱག་བཞིན་འདུག །

ཁྱོད་རང་ཉིད་ལི་ཐང་པ་ཞིག་ཡིན་པར་མ་ཟད། རང་ཉིད་ཆེས་འགྲོ་འདོད་པའི་ས་ཆ་ལྷ་ས་ཡིན་པར་བཤད་པ་དེས་ཁྱོད་རང་ཉིད་བོད་པ་ཞིག་ཡིན་པའི་ངོས་ནས་ཀྱང་། རིག་གཞུང་གི་སེམས་ཁམས་དང་འབྲེལ་བའི་འགྲེལ་བཤད་དོན་སྙིང་ལྡན་པ་ཞིག་བྱུང་བ་རེད། སྐད་ཆ་འདི་ལ་ང་ཚོ་ཧ་ཅང་དགའ་ཡོད་ལ། གཞན་དག་མང་པོ་ཞིག་གིས་ལྷ་ས་ལ་ལྷག་ཏུ་དོ་སྣང་བྱེད་པའི་རྒྱུ་རྐྱེན་དུ་གྱུར་ཡོད། འདི་ཚང་མ་གནས་ཚུལ་ཡག་པོ་ཤ་སྟག་ཡིན་མོད། འོན་ཀྱང་ད་དུང་ཡོད་ཚད་མགོ་འཛུགས་ཙམ་ཡིན་པ་འདི་ཅིས་ཀྱང་བརྗེད་མི་རུང་། དེ་རིང་ངས་བཤད་འདོད་པའང་འདིའི་ཕྱོགས་ནས་ཡིན།

གཤམ་ནས་ངས་ཁྱོད་ལ་སེམས་ཐག་ཉེ་བའི་སྒོ་ནས་གསལ་འདེབས་ཉུང་ཉུང་ཞིག་བྱ་འདོད་བྱུང་། མ་གཞི་ཞག་མ་གཅིག་གིས་སྐད་གྲགས་ཅན་དུ་གྱུར་པ་དང་། གསར་ལམ་གྱི་གཅེས་ཕྲུག་(媒体宠儿)ཏུ་གྱུར་པ། བར་ཚོང་བའི་དམིགས་འབེན་(经纪公司之猎物)ཆགས་པ། དྲྭ་དམངས་ཀྱི་ཞེན་རྟེན་དུ་(网民偶像)གྱུར་པ་བཅས་ནི་ཧ་ཅང་ཡ་ཡུད་ཅན་ཞིག་རེད། དེང་སང་གི་མི་མང་ཆེ་བ་ནི་མིག་ཐག་ཐུང་ཞིང་དངོས་ཡོད་ཀྱི་ཁེ་ཕན་ཁོ་ནར་དམིགས་མཁན་དང་། སྔུན་གང་ཙམ་ཁོ་ན་ལ་བལྟ་འདུག་མཁན་དེ་འདྲ་རེད། དེ་དང་མཉམ་དུ་དྲར་ཞུགས་པ་མང་པོ་ཞིག་གི་སེམས་ཁམས་ཀྱི་འཇིག་རྟེན་ནི་ཐང་པོ་མེད་པ་ལྟ་བུ་ཞིག་ཏུ་གནས་ཡོད། དྲ་ལམ་ནི་གོ་སྐབས་ཀྱི་གཏེར་སྒོ་ལྟ་བུ་ཞིག་དང་། བཙན་ཤེད་དང་སུན་གཙེར་གྱི་འབྱུང་ཁུངས་ཤིག་ཀྱང་ཡིན་པ་འདི་ནི་དུས་རབས་འདིའི་ནད་ཡམས་ཤིག་རེད།

ལར་ངས་འདི་ནས་ཁྱོད་ཀྱིས་ཁོང་ཚོར་འབྲེལ་ལམ་བཟུང་ན་ཡག་པོ་མེད་པ་དང་། ཁོང་ཚོ་སྡུག་པོ་རེད་ཟེར་གྱི་མེད། སྐབས་མང་པོ་ཞིག་ཏུ་ཞེན་རྟེན་(偶像)དང་ཞེན་མི་(粉丝)ནི་ཡག་ས་ནས་བཤད་ན་ཁེ་ཕན་མཉམ་སྤྱོད་ཀྱི་རོགས་རེས་ཀྱི་འབྲེལ་བ་ཞིག་རེད།
དེ་བཞིན་མི་ཞིག་སྤྱི་ཚོགས་ཐོག་ནས་སྐད་གྲགས་ཆོད་ཅིང་། མུ་མཐུད་ལམ་ཁ་དེར་བསྐྱོད་སྐབས་བར་ཚོང་ཁང་གིས་དེའི་ཚབ་བྱས་ནས་ལས་ཀའི་གནད་དོན་མང་པོ་ཞིག་ཐག་གཅོད་བྱེད། ཁོང་ཚོ་ནི་ཁྱེད་ཀྱི་དྲུང་ཡིག་དང་མགྲིན་ཚབ་པའམ། ཡང་ན་བླ་མའི་ཕྱག་མཛོད་ལྟ་བུ་ཞིག་རེད། ཁོང་ཚོས་ཁྱོད་ཀྱི་ལས་ཀའི་བང་རིམ་སྒྲིག་པ་དང་ཁྲིམས་མཐུན་གྱི་ཁེ་དབང་བརྩོན་ལེན་ནས་མཚན་སྙན་དང་ཁེ་དབང་སྲུང་སྐྱོབ་བཅས་ཀྱི་བར་ཚང་མར་ནུས་པ་གང་ལེགས་འདོན་ཐུབ་ཀྱི་ཡོད། དེའི་ཆ་ནས། བར་ཚོང་ཁང་གི་བཟང་ཕྱོགས་ཀྱི་ཆ་དེའང་ངོས་ལེན་དགོས་པ་ཞིག་ཡིན་མོད། ཁོང་ཚོས་འགག་རྩར་ཐུག་དུས་མི་གཞན་གྱི་ཞན་ཆ་དང་ཚད་བཀག་ཡོད་པའི་ནུས་ཤུགས། གཏིང་རུམ་དུ་ཡོད་པའི་སྒེར་གྱི་སེམས་ཚོར་དང་དཀའ་སྡུག་སོགས་ལ་བསམ་བློ་མི་གཏོང་ཁོ་ཐག་ཡིན། གལ་ཏེ་ལྷོ་ཁོ་རེ་ཡའི་གློག་བརྙན་༼བུད་མེད་མདོག་ངན་ཞིག་གི་འགྱུར་ལྡོག་ཆེན་པོ་༽《丑女大翻身》ཞེས་པ་དེར་བལྟ་མྱོང་ཡོད་ན་གྲགས་སྐར་(明星)གྱི་ཆེད་དུ་ལས་ཀ་བྱེད་བཞིན་པའི་བར་ཚོང་ཁང་དག་གི་ངོ་གདོང་དེ་ཅུང་ཟད་ཅིག་ཤེས་རྟོགས་ཐུབ་ཀྱི་ཡོད།

སྡུག་ས་ནས་བཤད་ན། གལ་ཏེ་ཉིན་ཞིག་ཁྱོད་ཀྱི་གད་མོ་དགོད་སྟངས་ནས་གོམས་པ་སྤོ་སྟངས། དྲིས་ལེན་འདེབས་སྟངས་ནས་ཟ་མ་མྱིད་སྟངས་ཡན་ཆད་སྐྱོན་ཆ་ཅུང་ཟད་ཅིག་བྱུང་ན། དེའི་ཉིན་མོ་ཁོང་ཚོས་གན་རྒྱ་བརྒྱ་ཐམ་པ་བརྩེགས་ཡོད་ནའང་རྩིས་མེད་གཏོང་རྒྱུར་འཛེམས་ཟོན་གང་ཡང་མེད་པ་རེད། སྤྱིའི་ཆ་ནས་ཁོང་ཚོ་དེ་འདྲ་རེད། འདི་ཡང་ཤེས་དགོས།

ཁྱོད་ཀྱིས་ངེས་པར་དང་ལེན་མ་བྱས་ཐབས་མེད་ཅིག་ལ། ཁྱོད་རང་ཡང་ད་ནི་མི་མང་གི་ཧ་ཅང་ཚད་མཐོའི་དོ་སྣང་བྱ་ཡུལ་གྱི་སྤྱི་པའི་མི་སྣ་(公众人物)ཞེས་པ་དེར་གྱུར་ཟིན་པ་རེད། དེ་ནི་ལས་དབང་གིས་ལམ་ཁ་དེར་དེད་སོང་བ་ལྟ་བུ་ཞིག་ཀྱང་རེད། ཁྱོད་ཀྱི་འགྱུར་ལྡོག་འདིར་ཆེས་རན་ཤོས་ཀྱི་དཔེ་ཞིག་བཞག་ན། ང་ཚོ་བོད་ཀྱི་ཁྱིམ་ཚང་དཀྱུས་མ་འགའ་རེའི་ཕྲུ་གུ་ཧོབ་སྟེ་བླ་ཆེན་གྱི་སྤྲུལ་སྐུ་ཆགས་འགྲོ་བ་དེ་ཚོ་དང་ཤིན་ཏུ་འདྲ། ཅིག་བྱས་ན་ཁྱོད་ཀྱི་ཆུང་དུས་ཀྱི་རྩེ་རོགས་དང་ངོ་ཤེས། ཁྱིམ་འཚེས་དང་ཉེ་འཁོར་བཅས་ནས་ཡིན་པའི་ན་མཉམ་གྱི་ཁྲོད་དུའང་དེ་འདྲ་བྱུང་ཡོང་མྱོང་ཡོད་སྲིད།

ད་ནི་ཁྱོད་རང་བདུན་ཕྲག་གཅིག་གི་སྔོན་གྱི་ཁམས་ལི་ཐང་གི་འབྲོག་པ་ཆུང་ཆུང་དེ་དང་ངོ་བོ་དང་བྱེད་ལས་ཆ་རྐྱེན་སོགས་རྦད་དེ་མ་འདྲ་བའི་གོ་དོན་ཡོད་པའི་ཁམས་པའི་ཕོ་སར་ཞིག་རེད། ཁྱོད་ཀྱིས་ཁྱོད་རང་གི་འཚོ་བའི་འགྱུར་ལྡོག་འདི་ངོས་ལེན་གྱིས་གོམས་འདྲིས་མ་བྱས་རང་བྱས་ཆགས་ཟིན་པ་རེད།

སྤྱི་པའི་མི་སྣ་ཆགས་ཟིན་པའི་རྗེས་སུ། ཁྱོད་ཀྱིས་གཏམ་བརྗོད་དང་སྤྱོད་ལམ། འཚོ་བ་དང་བརྩེ་དུང་སྟེ། དགའ་རོགས་སྒྲིག་སྟངས་ནས་གྲོགས་པོར་འགྲོགས་སྟངས། ཁ་ལག་ཟ་སྟངས་ནས་གོན་པ་གོན་སྟངས་སོགས་མི་དང་མིའི་བར་གྱི་འབྲེལ་བ་དང་འགྲོ་འདུག་སྤྱོད་ལམ་ཡོད་ཚད་ལ་གསར་འགོད་པ་དག་གིས་བྱ་ར་བྱེད་སྲིད་པ་དང་། སྤྱི་ཚོགས་ཀྱིས་ཁྱོད་ལ་ཀུན་སྤྱོད་ཀྱི་འགན་འཁྲི་(道德责任)དམིགས་བསལ་ཡོད་པའི་ཆ་རྐྱེན་འདོན་ངེས་པ་དེ་ཚོ་ནི་ཧ་ཅང་ཐེག་དཀའ་བའི་མནོན་ཤུགས་དང་སུན་གཙེར་གྱི་མགོ་འཛུགས་ཤིག་རེད། ག་ལེར་ཁྱོད་ལ་དགོས་གསང་གི་བར་སྟོང་(隐私空间)སྟེ། སྒེར་གྱི་འཚོ་བའི་ཁྱབ་ཁོངས་ཧ་ལམ་མེད་པ་ཆགས་ཀྱི་ཡོད་པ་རེད། ད་དུང་དེ་མ་ཡིན་པའི་སླུ་བྲིད་གཞན་ཡང་ཤིན་ཏུ་མང་། དེ་ཚོ་ནི་ད་ལྟ་ཁྱོད་ཀྱི་གདོང་ལས་མངོན་པའི་དྭངས་གཙང་ལྷད་མེད་ཀྱི་མཛེས་སྡུག་གི་མིག་འོད་དེར་འཇབ་རྒོལ་བྱེད་མཁན་གྱི་གཤེད་མ་ཉག་གཅིག་ཏུ་འགྱུར་སྲིད།

འགྱུར་ལྡོག་འདི་དག་གི་ཁྲོད་ནས་དེ་རིང་ཁྱོད་ལ་དགའ་ཞེན་ཚད་མེད་བྱེད་མཁན་གྱི་ཞེན་མི་དེ་དག་ཀྱང་སང་ཉིན་ཙ་ན་ཁྱོད་ལ་དམོད་མཁན་གྱི་གཙོ་བོར་འགྱུར་སྲིད་ལ། ཁ་རྩང་དེ་རིང་གི་ལོ་ཀྲི་ཞང་(羅志祥)དང་ལོ་ཀྲི་ཞང་ལྟ་བུ་མང་པོ་ཞིག་དང་འབྲེལ་བའི་གསར་འགྱུར་དང་ཞབས་མཆན་དེ་ཚོ་ལས་གནས་ལུགས་འདི་གསལ་པོར་རྟོགས་ཐུབ། ཐ་ན་ཁྱོད་ལ་དགའ་རོགས་ཡོད་མེད་དང་གཉེན་སྒྲིག་ཟིན་མིན་སོགས་ཀྱི་ཐོག་ལ་རྩོད་པ་རྒྱག་མགོ་ཚུགས་ནས་མ་མཐའ་ཡང་བདུན་ཕྲག་གཅིག་སོང་ཚར་འདུག །འདི་ཡང་སྔོན་རྟགས་ཤིག་རེད།
དེ་རིང་ཡག་ས་རྐྱང་པ་ནས་བཤད་མཁན་དེ་ཚོ་སང་ཉིན་ཙ་ན་སྡུག་ས་ཁོ་ན་ནས་འགྲེལ་མཁན་ཞིག་ཏུ་འགྱུར་ཆོག་ཆོག་བྱས་ནས་བསྡད་ཡོད་པ་རེད། བརྒྱུད་ལམ་དག་ལ་མཁོ་བ་ནི་ཁྱོད་བསྟན་འཛིན་གྱི་དྲང་ལྡོག་གི་གཟུགས་བརྙན་དེ་མ་ཡིན་པར། བསྟན་འཛིན་གྱི་གནས་ཚུལ་བརྒྱུད་སོ་སོའི་བརྒྱུད་ལམ་ལ་མི་གཞན་གྱིས་དོ་སྣང་བྱེད་ཚད་མཐོ་རུ་གཏོང་བ་དེ་ཁོ་ན་རེད། དངོས་ཡོད་གནས་ཚུལ་ཞིག་ཡིན་ན་ཨ་ཅང་ཅང་། དེང་གི་གསར་ལམ་དག་གི་ཞན་ཆའི་སྣང་ཚུལ་ཚབས་ཆེན་ཞིག་ནི། སྐྱོན་ཡོན་གང་ཡིན་ཡང་སྐབས་འཕྲལ་གྱི་ཀློག་པ་པོའི་བསམ་བློ་དང་ཚོར་བའི་སླུ་བྲིད་རང་གཙོ་བོར་བཟུང་ནས་ཚད་བརྒལ་གྱི་འུར་སྒྲོགས་བྱེད་པ་དེ་རེད།

དཔེར་ན། ཁྱོད་རང་བསྟོད་པའི་ཉིན་མོར་ཁྱོད་ཀྱིས་ལུས་ལ་སྒོར་ལྡོག་ཉི་ཤུའི་རིན་ཐང་ཅན་གྱི་གྱོན་པ་ཞིག་གོན་ཡོད་ན་ཡང་དེར་སྒོར་མོ་ཁྲི་གཅིག་གི་རིན་པ་ཅན་ཞིག་གོན་འདུག་ལྟ་བུ་ཟེར་སྲིད་པ་དང་། ཁྱོད་ཀྱི་གཡུ་ཡི་རྣ་ཆ་དེའང་ཕལ་ཆེར་རྡོ་རྗེ་ཕ་ལམ་རེད་ཅེས་ལབ་སྲིད།
སྐབས་ཐོག་དེར་ཁྱོད་ཀྱི་ངག་ལས་ཐོན་པའི་སྐད་ཆ་ཧ་ཅང་སྤྱིར་བཏང་ཞིག་ལའང་ཚད་མཐོ་བའི་མཚན་ཉིད་རིག་པ་དང་རྩོམ་རིག་གི་གོ་དོན་ཡོད་པའི་སྡོམ་ཚིག་ཅིག་ཏུ་འགྲེལ་བརྗོད་བྱེད་སྲིད། ངས་བསམས་ན་ད་ཆ་ཁྱོད་ཀྱི་རྟ་དཀར་པོ་ཆུང་ཆུང་དེའང་ཕལ་ཆེར་ཅང་ཤེས་རྟ་མཆོག་གི་ས་ལ་བཞག་ནས་འགྲེལ་བཞིན་ཡོད་སྲིད། གལ་ཏེ་ཉི་མ་གཅིག་ལ་ལམ་འགྲོ་ཅུང་ཟད་མ་རྒྱུག་པ་ཡིན་ན་དུས་དེར་ཡོད་ཚད་མགོ་མཇུག་ལྡོག་ནས་འགྲེལ་བཤད་རྒྱག་རྐྱང་བྱེད་ཀྱི་རེད།

དེང་སང་གི་མི་ཚོའི་སེམས་པ་ནི་ཤེལ་ལེབ་ནང་བཞིན་གས་ཆག་འགྲོ་ཆོག་ཆོག་(易碎)ཡོད་པས་ཤེར་ལེབ་ལྟ་བུའི་སེམས་(玻璃心)ཞེས་ཟེར་གྱི་ཡོད། དེང་གི་གསར་འགྱུར་མང་པོ་ཞིག་ནི་རོལ་རྩེད་གསར་འགྱུར་གྱི་སྐོར་ཡིན་ཞིང་། དེ་ནི་སྤྱི་ཚོགས་ཀྱི་གླུ་པ་གླུ་མ། འཁྲབ་སྟོན་པ་སོགས་ཀྱི་འཚོ་བའི་ཁྱོད་ཀྱི་དགའ་སྐྱོ་ཆགས་སྡང་དང་གཏམ་ངན་དེ་ཚོ་རེད། ད་དུང་སྒེར་གྱི་འཕྲིན་སྦྱོར་(自媒体)ཁྱབ་བརྡལ་དུ་ཕྱིན་པ་དང་མཉམ་དུ་དྲྭ་དཔོན་(主播)དང་དྲྭ་གྲགས་(网红)སོགས་དྲྭ་བའི་རིག་གནས་ཀྱི་སྣང་ཚུལ་མང་པོ་ཞིག་ཀྱང་དར་བཞིན་ཡོད། བྱ་དངོས་དང་ཐ་སྙད་མང་པོ་ཞིག་མགྱོགས་པར་ཚུར་ཡོང་བཞིན་ཡོད་ཅིང་། མི་ཚོའི་སེམས་ལ་ངེས་མ་ངེས་ཀྱི་མཚམས་ནས་ཡང་བསྐྱར་འགྱུར་ལྡོག་གི་རྦ་རླབས་ཀྱི་ཀློང་ནས་རྒྱང་རིང་དུ་ཡལ་བཞིན་ཡོད།

མདོར་ན། ད་ལྟའི་སྤྱི་ཚོགས་ནི་ཧ་ཅང་ཡ་མ་ཟུང་གི་སྣང་ཚུལ་དང་འགྱུར་ལྡོག་གི་ཁྲོད་དུ་ཡོད་པའི་གཟུགས་བརྙན་ཞིག་རེད་ཨང་།

གཅེས་སུ་འོས་པའི་བསྟན་འཛིན་ལགས། ངས་ཁྱོད་ཀྱི་ཤ་མདོག་དང་འཛུམ་མདངས་མཐོང་བ་ཙམ་ན་ཁྱོད་ནི་ད་དུང་སྤྱི་ཚོགས་ཀྱི་རྙོག་འཛིང་ཆེ་བའི་དེང་རབས་རིག་གནས་ཀྱིས་བཟོ་བཅོས་ཡེ་མ་ཐེབས་པའི་མཐོ་སྒང་གི་འབྲོག་ཕྲུག་རྣལ་མ་ཞིག་ཡིན་པ་དེ་རྟོགས་ཐུབ་ཀྱི་འདུག །དེ་ནི་ཁྱོད་ཀྱི་བསོད་ནམས་རེད། མ་གཞི་ལི་ཐང་ནི་ས་ཆ་བསོད་ནམས་ཅན་ཞིག་ཡིན་པ་དེ་ངའི་ཡིད་ཆེས་ཤིག་ཡིན། ཅིག་བྱས་ན། གོང་གི་སྐད་ཆ་འདི་ཚོ་ཁྱོད་ལ་མཚོན་ན་མགོ་རྙོག་ཚ་ཐག་ཆོད་པ་ཞིག་ཡིན་པའང་ངས་ཤེས་ཀྱི་ཡོད། ཁྱོད་ཀྱི་མིག་འོད་དང་འཛུམ་མདངས་ལས་མངོན་པའི་བཅོས་མིན་གྱི་སྤྲོ་སྣང་དང་། ལྷད་མེད་ཀྱི་གཤིས་ཀ་དེས་ད་གཟོད་ལྟད་མོ་བ་དུང་ཕྱུར་མང་པོའི་སེམས་ལ་བག་ཆགས་ཡག་པོ་ཞིག་བཞག་ཡོད་པ་རེད། འདི་ནི་སྤྱིར་བཏང་གི་དྲ་གྲགས་གཞན་དང་མི་འདྲ་བའི་ཁྱོད་རང་གི་ཁྱད་དུ་འཕགས་པའི་རྒྱབ་ལྗོངས་དང་། གྲོང་ཁྱེར་གྱི་གཞོན་སྐྱེས་ཁྲི་ཁྲི་འབུམ་འབུམ་དང་ཁྱོད་གཉིས་བར་གྱི་མི་འདྲ་ས་དེ་རེད།

སྤྱི་ལོ་༢༠༢༠ ཟླ་ ༡༡ ཚེས་ ༢༤ ཉིན་ཀྲུང་གོའི་གསར་འགྱུར་དྲ་བ་ཞེས་པའི་ཐོག་གི་ཁྱོད་དང་འབྲེལ་བའི་དཔྱད་གཏམ་མགོ་བརྗོད་དུ་༼བོད་རིགས་ཕོ་གསར་བསྟན་འཛིན་ནི་མགྱོགས་ཐུག་ཉོ་རུ་འགྲོ་བའི་ལམ་ནས་མ་བསམས་ས་ནས་སྐད་གྲགས་ཆགས་པ་ཞིག་སྟེ། འདི་ལྟ་བུའི་ལྟས་དབང་དག་མུ་མཐུད་རྒྱུན་སྐྱོང་ཐུབ་བམ་༽ཞེས་པའི་ནང་དུ། དགའ་རྟགས་ཁྲི་བཞི་བཅུ་སྤྲད་ཡོད་པའི་དཔྱད་གཏམ་གཞན་ཞིག་ལུང་འདྲེན་བྱས་པར། སྤོབས་ཉམས་དང་དྭངས་གཙང་ལྷད་མེད་ཀྱི་རང་གཤིས་མཉམ་དུ་བསྡེབས་པ་ནི་ཇི་ལྟར་སྒྲུབ་ཐུབ་པ་ཡིན་ནམ། ཞེས་བཤད་འདུག །ཤེས་དགོས་པ་ཞིག་ལ། མི་གཞན་པ་ཚོར་ཡང་མཛེས་སྡུག་དང་རྣམ་པ་མེད་པ་མ་རེད། གད་མོ་དགོད་རྒྱུ་མེད་པའང་ག་ལ་ཡིན། འོན་ཀྱང་། ཁ་སྣ་རེ་རེ་ནས་བསྡུར་ན་ཁྱོད་ལས་སྒྲོས་མང་པོ་ཡོད་ཀྱི་རེད། ཡིན་ན་ཡང་། ཁྱོད་ཀྱི་འཛུམ་མདངས་དང་དེའི་རྒྱབ་ལྗོངས་སུ་ཡོད་པའི་བཅོས་ལྷད་མ་སོང་བའི་སེམས་ཁམས་ཤིག་བག་ཀྱིས་མངོན་དེ་ཡོང་བ་འདི་གཞན་ལ་མེད་པ་རེད། ངས་བསམ་ན། འདི་ཁྱོད་རང་སྒེར་གཅིག་པུ་བཟང་དྲགས་ནས་གསོག་ཉར་བྱས་བསྡད་པ་ཞིག་ཀྱང་མ་རེད། དེ་ནི་ཏུན་ཧོང་ས་ཕུག་གི་གཏེར་ཡིག་བཞིན་ཁོར་ཡུག་གི་ཆ་རྐྱེན་ངེས་ཅན་ཞིག་གི་འོག་ནས་སྟབས་ལེགས་སུ་རྒྱུན་སྐྱོང་ཐུབ་བསྡད་པའི་རིག་གནས་ཀྱི་སེམས་ཁམས་དང་འབྲེལ་བའི་རྩ་ཆེ་བའི་དངོས་པོ་ཞིག་སྟེ། ཁྱོད་ཀྱི་གདོང་གི་དམར་མདངས་བཞིན་མཐོ་སྒང་གི་ཉི་འོད་ཀྱིས་གསོས་པའི་ཁྱད་ནོར་ཞིག་རེད། འདི་ལྟ་བུའི་བོད་མི་རིགས་ཀྱི་སེམས་ཁམས་དང་འབྲེལ་བའི་རིག་གནས་ཀྱི་སྙིང་སྟོབས་དེ་“སྦྲ་མྱིག་”གི་ཉི་ཟེར་ལྟར་ག་ས་གང་ནས་ཁྱོད་ཀྱི་སེམས་གཏིང་དུ་འཛུལ་ནས་ཡོང་ཡོད་པ་དང་། དེས་ཁྱོད་ཀྱི་ནང་གི་སེམས་དང་ཕྱིའི་ངོ་གདོང་གི་ཤ་སྣ་ཚུན་ཆད་ལ་ལྷོད་ཆ་གཏོད་ཡོད། དེ་ལྟ་བུའི་ལྷོད་ཆ་དེས་མང་པོ་ཞིག་གི་ལུས་སེམས་བདེ་ལ་འཁོད་པའི་རམ་འདེགས་བྱེད་པ་རེད།

ད་དུང་ཞིབ་ཙམ་བཤད་ན། དེང་སང་གི་གཞོན་སྐྱེས་མང་པོ་ཞིག་ནི་སྐུད་པ་ཆད་ནས་མཁའ་དབྱིངས་ན་འཕྱོ་བཞིན་པའི་ཤོག་བྱ་དང་འདྲ་བར་སེམས་ཀྱི་རྟེན་སོ་མ་བརྙེད་པ་འཇིགས་རུང་གི་གཡང་གཟར་དུ་ཡོད། ཁོ་ཚོ་གྲོགས་མེད་ཁེར་རྐྱང་དང་། དོགས་འཚེར།(忧郁) འཇིགས་སྣང་། སྐྱོ་གདུང་བཅས་ཀྱི་ཚོར་སྣང་ཤུགས་ཆེན་པོས་མནར་བཞིན་ཡོད། ཁོ་ཚོས་ག་ས་གང་ནས་རང་གི་སྣང་བ་གཡེང་སའི་གཞི་རྟེན་ཞིག་འཚོལ་བཞིན་ཡོད། ཁོང་ཚོ་མང་ཆེ་བ་ཚོར་བ་ཙམ་གྱི་སྐད་ཆ་ཤོད་མཁན་དུ་འགྱུར་བཞིན་ཡོད། ཁོང་ཚོར་མ་བཅོས་ལྷད་མེད་ཀྱི་འཛུམ་མདངས་ཀྱིས་ཕོངས་ནས་ཡོད། དེ་བཞིན་ཁོང་ཚོར་ཧ་ཅང་མནོན་ཤུགས་ཆེན་པོ་ཡོད་དེ། ཉེ་ཆར་བཏོན་པའི་འཇར་པན་གྱི་སྙན་ཐོ་ཞིག་ཏུ་གསལ་བ་ལྟར་ན། ལོ་འདིའི་ཟླ་བ་བཅུ་པ་ཁོ་ནར་ཡང་སྟོབས་ཆེན་རྒྱལ་ཁབ་འཇར་པན་དུ་རང་ཤི་རྒྱག་མཁན་གྱི་མི་ཉིས་སྟོང་གཅིག་བརྒྱ་ལྔ་བཅུ་ང་གསུམ་བྱུང་འདུག་ལ། རང་ཤི་རྒྱག་དགོས་པའི་རྒྱུ་མཚན་ནི། ལས་ཀའི་བྲེལ་བ་དང་སློབ་གྲྭའི་གནོན་ཤུགས། སྤྱི་ཚོགས་ཀྱི་ནང་དུ་ཁེར་རྐྱང་དུ་གནས་པ་སོགས་ཀྱིས་ཡིན་འདུག །དེ་ཡང་མང་ཆེ་བ་གཞོན་སྐྱེས་རེད། དེ་ལྟ་བུའི་སྤྱི་ཚོགས་འདིའི་ངོས་ནས་བསམ་ན་ཡང་ཁྱོད་ཀྱི་གདོང་ལས་མངོན་པའི་བབ་ཆགས་ཡིད་འོང་གི་འཛུམ་མདངས་དང་ཞི་བདེ་དང་སྤྲོ་སྣང་གིས་ཕྱུག་པའི་བརྗིད་ཉམས་ཀྱིས་མང་པོ་ཞིག་ལ་སྤྲོ་སྣང་དང་སེམས་གསོ་སྦྱིན་སྲིད་པར་ངོས་འཛིན་བྱེད་ཆོག །

ད་དུང་མུ་མཐུད་ནས་བཤད་ན། དེང་གི་དུས་འདིར་མི་ཞིག་མུ་མཐུད་སྤྱི་ཚོགས་ཀྱི་མཚན་སྙན་གྲགས་ཆེན་པོ་ཡོད་པའི་དབང་ཐང་གི་ཐོག་ནས་འདུག་ཐུབ་དགོས་ན། དེ་ལ་རང་ཉིད་ཀྱི་ནུས་པ་དེ་མཐོར་འདེགས་ཡོང་བར་འདང་ངེས་ཀྱི་ནུས་པ་ཞིག་ཡོད་དགོས། དེ་ནི་གོང་དུ་བཤད་པའི་སྤྱིར་བཏང་གི་སྤྱི་ཚོགས་མི་སྣ་ལས་ཀྱང་འགན་འཁྲི་མང་བ་ཡོད། ངས་ཁྱོད་ལ་ངེས་སླ་ཤོས་ཀྱི་དཔེ་ཞིག་འཇོག །དེ་ཡང་ཕྲུ་གུ་ཆུང་ཆུང་ཞིག་སྤྲུལ་སྐུ་ཆགས་པ་ནི་རང་རེ་བོད་ཀྱི་སྤྱི་ཚོགས་ཀྱི་ཆོས་ཕྱོགས་ཀྱི་གོ་གནས་མཐོན་པོ་ཞིག་ལ་མངའ་གསོལ་ཞུས་ཟིན་པ་ལྟ་བུ་ཞིག་ཡིན་ན་ཡང་། ལོ་ན་ཆུང་བའི་སྤྲུལ་སྐུ་ཞིག་ལ་མཚོན་ན། རང་ཉིད་མ་འོངས་པར་མཚན་གནས་དང་རྗེས་སུ་འབྲེལ་བའི་བླ་མ་སྤྲུལ་སྐུ་ཚད་ལྡན་ཞིག་ཡོང་དགོས་ན་སྔོན་ལ། བླ་མ་བསྟེན། གྲྭ་ས་འགྲིམས། ཐོས་བསམ་བྱས། མཚམས་སྒྲུབ་ཐོན་པ་བཅས་དགོས་པ་བཞིན། ཁྱོད་ཀྱང་མུ་མཐུད་སྤྱི་པའི་མི་སྣ་ཞིག་གི་མིང་གནས་དང་འགན་འཁྲིའི་ཐོག་ནས་ཕྱོགས་མང་པོ་ཞིག་ལ་སློབ་སྦྱོང་དང་ཡར་རྒྱས་གཏོང་དགོས་པ་འདི་ཐོག་མར་སྒྲུབ་དགོས་པའི་བྱ་བ་ངོ་མ་དེར་གྱུར་ཡོད། ཆུང་ནས་འཁྲབ་སྟོན་ཐེངས་གཅིག་གིས་སྐད་གྲགས་ཆགས་པའམ། གློ་བུར་དུ་དྲ་གྲགས་ཆགས་པའི་མི་དེ་ཚོ་མུ་མཐུད་སྤྱི་ཚོགས་ཀྱིས་གསེས་འདོར་(淘汰)མ་བྱས་པ་ཞིག་དགོས་ན། རང་ཉིད་ཀྱི་དགོས་ངེས་ཀྱི་ནུས་པ་བསྐྱེད་སྲིང་བྱ་རྒྱུར་རིག་པ་གསལ་དྭངས་(清晰)ཡིན་དགོས་པ་འདི་ལ་གདམ་ཀ་གཞན་མེད། རྒྱའི་གྲགས་སྐར་མ་ཆེན་མོ་ཡང་མིན་(杨幂)ལྟ་བུ་ཆུང་དུས་ནས་གློག་བརྙན་འཁྲབ་པ་དང་། དཀའ་སྡུག་གི་འགག་འཕྲང་མང་པོ་བརྒྱུད་དེ་ད་ལྟའང་རོལ་རྩེད་ཀྱི་གར་སྟེགས་(娱乐舞台)ན་མི་མང་དུང་ཕྱུར་མང་པོའི་དགའ་མོས་བྱ་ཡུལ་དུ་གྱུར་ཡོད། ཡང་འགའ་ཞིག་ནི་འཕྲལ་གྱི་རྒྱུ་རྐྱེན་ཉི་ཚེ་བ་དེ་འདྲས་སྦིར་གྲགས་བག་རེ་བྱུང་ན་ཡང་། མགྱོགས་པོར་མི་མང་གི་མཐོང་ཡུལ་ནས་ཡལ་འགྲོ་ཞིང་། དེ་མུར་དྲན་ཡུལ་ནས་ཀྱང་གསེས་འདོར་བྱེད་ཚར་བ་རེད།

ལར་མཐོང་ཡུལ་དང་དྲན་ཡུལ་ནས་བརླགས་ཕྱིན་པ་དེ་ཙམ་མཇུག་འབྲས་སྡུག་ཤོས་ཤིག་སྟ་མ་རེད། མི་འགའ་རེར་མཚོན་ན་དེ་ནི་རང་ཉིད་ཀྱི་གདམ་ཀ་ཡིན་ཡང་སྲིད། སྟབས་བདེ་དང་དཀྱུས་མའི་འཚོ་བ་ནི་མི་རྣམས་དང་ཁ་ཐག་ཉེ་ཤོས་ཀྱི་འཚོ་བ་ཡིན་པས་དེར་རང་ངོས་ནས་མ་འགྲིགས་པ་གང་ཡང་མེད་མོད། གནས་སྐབས་ཀྱི་གྲགས་པ་ཙམ་གྱིས་གནམ་ལ་སྦུར་ཞིང་། གྲ་སྒྲིག་གང་ཡང་མེད་པར་དེ་མ་ཉིད་དུ་ས་ལ་ལྷུང་བ་ཡིན་ན་དེ་ནི་ལུས་དང་སེམས་ལ་རྨས་སྐྱོན་བཟོ་བྱེད་ཀྱི་རྒྱུན་ལྡན་མིན་པའི་འགུལ་སྐྱོད་ཅིག་ཆགས་སྲིད། དེའི་ཕྱོགས་ལ་ངེས་པར་དུ་གཟབ་དགོས། སྒོར་མོ་བྱེ་བ་མང་པོའི་རྒྱན་ཤོག་ཐོབ་སྟེ་མཚན་གཅིག་ལ་ཕྱུག་བདག་ཆགས་པའམ། སྟེས་དབང་གིས་གྲགས་ཅན་ཆགས་པ་དག་གི་ནང་ནས་མང་པོ་ཞིག་ནི་ཁ་ཕྱོགས་གཏན་ཁེལ་གྱིས་དོ་མཉམ་པའི་གོམ་པ་སྤོ་མ་ཤེས་པ་དང་། སློབ་སྟོན་བྱེད་མཁན་ཡག་པོ་ཞིག་མེད་པའི་དབང་གིས་མི་ཚེ་ཧྲིལ་པོ་འཕྲོ་བརླག་ཏུ་འགྲོ་བའི་རྒྱུ་རྐྱེན་དུ་གྱུར་པ་ཡོད། དེ་འདྲ་ཧ་ཅང་མང་། འོན་ཀྱང་། ངས་ཁྱོད་རང་དེ་འདྲ་ཞིག་ཆགས་རྒྱུ་མིན་པ་དེར་ཡིད་ཆེས་བརྟན་པོ་ཡོད།

ཀྲུང་གོའི་གསར་འགྱུར་དྲ་བ་ཞེས་པས་ཁྱོད་དང་འབྲེལ་བའི་དཔྱད་གཏམ་དེར་དྲངས་པའི་དྲྭ་དམངས་ཀྱི་བསམ་ཚུལ་དག་ཏུའང་། བསྟན་འཛིན་ལ་རང་ཉིད་འདུན་ལམ་རང་ཉིད་ཀྱིས་ཐག་གཅོད་པའི་དབང་ཚད་དགོས་པ་དང་། གཞན་གྱིས་བསྟན་འཛིན་ལ་བྱ་བ་གང་ཞིག་གི་ཐད། གན་རྒྱ་འཇོག་པ་དང་ཐག་གཅོད་བྱེད་པ་སོགས་ལ་ཉེན་ཁ་ཡོད་མེད་གསལ་འདེབས་བྱ་དགོས་པ་ལས། བསྟན་འཛིན་གྱི་ཚབ་བྱས་ནས་ཐག་གཅོད་བྱ་མི་འོས། ཞེས་བཤད་འདུག །དེ་བདེན་པ་རེད། གལ་ཏེ་རང་ཉིད་ཀྱི་གོམས་སྟབས་དེ་བརྟན་ལ་ཚོད་རན་པ་ཞིག་གི་ཐོག་ནས་དགོས་ངེས་ཀྱི་ཁ་སྐོང་ཡག་པོ་ཞིག་མ་བྱུང་ན། ནམ་ཞིག་བར་ཚོང་ཁང་དེ་དག་གིས་ཁྱོད་ཀྱི་ལུས་ཐོག་ནས་ཡོད་པའི་ནུས་པའི་ཚད་བཀག་དེ་བསྐྱར་ཟློས་བྱ་རྒྱུར་རིམ་གྱིས་ཐང་ཆད་ཀྱི་རེད། དེ་མུར་ཁོང་ཚོས་གསེས་འདོར་བྱེད་ཀྱི་རེད།

དཔེ་མཚོན་ཞིག་བཞག་ན། སྤྱི་ལོ་༢༠༡༥ ལོར་རྒྱ་ཡུལ་ཅང་ཤེས་(江西)ཀྱི་གྲོང་གསེབ་ཀྱི་བུ་ཕྲུག་ཆུང་ངུ་ཧྥན་ཞའོ་ཆིན(范小勤或小马云)ཟེར་བ་ཞིག་མཚན་གཅིག་གི་རིང་རྒྱ་ནག་གི་སྤྱི་ཚོགས་སུ་སྐད་གྲགས་ཆེན་པོ་ཆགས་ཤིང་། ཚང་མས་དོ་སྣང་བྱ་ཡུལ་དུ་གྱུར་པ་རེད། ལར་ཕྲུ་གུ་དེ་སྐད་གྲགས་ཆེན་པོར་གྱུར་པ་ནི་མཱ་ཡུན་(马云)དང་འདྲ་ཆེ་བའི་རྒྱུ་མཚན་ཁོ་ནས་རེད། སྐབས་དེར་ཡང་གསར་ལམ་ཁག་དང་བར་ཚོང་ཁང་སོགས་ཀྱིས་ཁོ་ལ་འབྲེལ་བ་བྱས་ཤིང་། ཡུད་ཙམ་རིང་བརྒྱུད་ལམ་ཁག་གི་རྩེད་ཆས་སུ་གྱུར་མྱོང་།

ད་དུང་བར་སྐབས་ཤིག་ལ། རྒྱ་ནག་ཧྲང་ཧེ་ཡི་ལམ་འགྲམ་དུ་ཉལ་ནས་འཚོ་བ་སྐྱེལ་མཁན་ཧྲིན་ཝེས་(沈魏)ཟེར་བ་ཞིག་ལ་མི་མང་པོས་དོ་སྣང་བྱས་ཤིང་། དྲ་དམངས་ཚོས་ཁོ་ལ་ཡུལ་འཁྱམ་པ་ཆེན་མོ་(流浪大师)ཞེས་པའི་ཆོ་ལོ་ཕུལ་སོང་། ཐད་གཏོང་བྱེད་མཁན་གྱི་དྲ་དཔོན་མང་པོ་མི་དེའི་འགྲམ་ལ་སོང་ནས་འདྲ་པར་ལེན་པ་དང་། ཐད་གཏོང་བྱེད་པ་སོགས་བྱས་ནས་འུར་མང་པོ་བརྒྱབ་པ་རེད། དེ་དང་རྗེས་འབྲེལ་དུ་ཁོ་ལ་ཡང་དྲ་རྒྱའི་བཙན་ཤེད་(网络暴力)ཀྱི་དཀའ་ངལ་མང་པོ་ཞིག་བྱུང་ཡོད་པ་དང་། དེ་མུར་མི་མང་གི་དྲན་ཡུལ་ནས་བརྗེད་པ་ལྟར་གྱུར། འདི་ནི་དེང་གི་དྲ་གྲགས་དག་གི་གདོང་ལེན་བྱེད་དགོས་པའི་དཀའ་ངལ་ལྟེ་བ་ཞིག་རེད།

བལྟས་ན་ཡོད་ཡོད་འདྲ་བའི་འཇིག་རྟེན་གྱི་དངོས་པོ་གང་ཡིན་ཡང་ལག་ཏུ་ཐོབ་ན་རང་རང་གི་ངོ་སྐལ་གྱི་སྡུག་བསྔལ་རེ་ཡོད་པ་བརྒྱ་ཆ་བརྒྱ་ཡིན་པས། འཇིག་རྟེན་ན་གྲགས་པ་འབར་བའི་གླུ་པ་ཞིག་ཡིན་ཡང་གླུ་གཅིག་ལོ་གཅིག་ཟླ་བ་བཅུ་གཉིས་ཉི་མ་སུམ་བརྒྱ་དྲུག་ཅུར་ལེན་དགོས་ན་ཧ་ཅང་ཉོབ་སྣང་སྐྱེ་གཞི་ཞིག་ཡིན་གྱི་ཡོད་འདུག །དེ་ནི་དཔེར་ན། ང་ཚོ་འབྲོག་པ་གཡག་ཤའི་མོག་མོག་ལ་ཤིན་ཏུ་དགའ་ཡང་། ཉིན་རྟག་པར་ཤ་མོག་ཁོ་ན་ཟ་དགོས་ན་དེས་ནམ་ཞིག་ན་མོག་མོག་ལ་གཏན་ནས་མི་དགའ་བ་ཞིག་ཆགས་འཇུག་རྒྱུ་ཡིན་པ་ནང་བཞིན་རེད།
ངས་གསར་ལམ་ཁག་ནས་མཐོང་བ་ལྟར་ན། མཱ་ཡུན་ཆུང་བ་དེ་ཡང་ད་ཆ་བར་ཚོང་ཁང་སོགས་ལ་བེད་སྤྱོད་མེད་པར་གྱུར་ཏེ་ཕ་ཡུལ་གྱི་གྲོང་གསེབ་ཏུ་ཕྱིར་སློག་བྱས་ཟིན་པ་དང་། མཐར་ཡུལ་མི་ཚོས་འཕྱ་དམོད་དང་ཁྲེལ་དགོད་བྱ་ཡུལ་ཞིག་ཏུ་གྱུར་པ་རེད་ཟེར། དུས་ཚོད་དེར་བསླེབས་དུས་ཁོ་ལ་མུ་མཐུད་མགོན་སྐྱབས་དང་དཔུང་གཉེན་བྱེད་མཁན་ཞིག་གང་ནས་ཀྱང་མི་ཡོང་བ་རེད། འདི་ཚོ་ཧ་ཅང་གསལ་པོ་རེད།
འོན་ཀྱང་མི་འདྲ་ས་གཅིག་ནི། བསྟན་འཛིན་སྐད་གྲགས་ཆགས་པ་ནི་མིང་གྲགས་ཅན་གྱི་མི་སྣ་གཞན་ཞིག་ལ་འདྲ་བ་ཙམ་རྒྱུ་མཚན་དུ་བྱས་ནས་སྐད་གྲགས་ཆོད་པའང་མ་རེད། མདོག་ཉེས་དྲགས་ནས་སྐད་གྲགས་ཆོད་སོང་བ་ནི་དེ་བས་ཀྱང་ག་ལ་ཡིན། དེ་ལས་ལྡོག་སྟེ་གསར་ཡག་གི་ཉམས་དང་བཟོ་ལྟ་དོད་དྲགས་ནས་སྐད་གྲགས་སོང་བ་ཞིག་རེད། དེའི་ཁར་མཚོ་བོད་མཐོ་སྒང་གི་ས་གཞི་ཆེན་པོ་དང་། ཀཾ་པོ་གངས་རི་ཡི་ལྷུན་ཆགས་ཀྱི་བརྗིད་ཉམས། རྟ་ནོར་ལུག་གསུམ་གྱི་གཡང་ཁྱུ་ཡི་འཕེལ་ཁ། སྒེར་གྱི་གཅེར་ནོར་རྟ་དཀར་པོ་ནས་མདོར་ན་རང་བྱུང་གི་རི་ཆུ་ལུང་གསུམ་དང་སྣོད་བཅུད་ཡོངས་རྫོགས་ཀྱིས་ཁྱོད་ཀྱི་འཛུམས་མདངས་དང་སྤོབས་ཉམས་ལ་རྒྱབ་གཉེར་གནང་གིན་ཡོད།

ཕར་ལྟ་སར་འཕེལ་ཕྱོགས་གང་འདྲ་ཡག་ཀྱང་། རེ་བ་བཟང་སར་རྒྱག་པ་དང་མཉམ་དུ་གྲ་སྒྲིག་སྡུག་ས་ནས་དགོས་པ་འདི་མན་ངག་ཅིག་ཡིན། གལ་ཏེ་ད་ལྟའི་གློ་བུར་གྱི་སྐད་གྲགས་འདིའི་ཁྲོད་ནས་ཁྱོད་ཀྱིས་རང་ཉིད་བརྗེད་ཕྱིན་པ་ཡིན་ན། ཡང་ན་ཚད་ལས་བརྒལ་བའི་སེམས་ཀྱི་མནོན་ཤུགས་དང་། དཔལ་འབྱོར་དང་ཆེ་མཐོང་གི་སླུ་བྲིད་ཀྱིས་སེམས་ཀྱི་བདེ་ཐང་ལ་ཉམས་ཆག་བྱུང་བ་ཡིན་ན། མིག་སྔའི་ལས་དབང་གི་འགྱུར་ལྡོག་དེ་མི་ཚེའི་ཡོད་ཚད་ནས་ཡོད་ཚད་ཡིན་པ་ལྟ་བུའི་འཕྲུལ་སྣང་གིས་བཟི་དྲགས་པ་ཡིན་ན། ཧོབ་ཏེ་རྒྱ་ཡུལ་ལྟ་བུར་ཕྱིན་ནས་འཚོ་བ་ཡོད་ཚད་ཆེད་ལས་ཞེས་པའི་སྙན་མིང་གིས་གཡོགས་པའི་བཅོས་མའི་སྒྲོམ་གཞིའི་འོག་ཏུ་ཚུད་སོང་བ་ཡིན་ན། དེའི་ཚེ་ཁྱོད་ཀྱི་འབྱུང་འགྱུར་ནི་ངེས་གཏན་མེད་པ་ཞིག་ཏུ་འགྱུར་སྲིད། དེ་ཙ་ན་དེ་ནི་དོན་དངོས་ཀྱི་སེམས་ཁུར་བྱེད་མཁན་གྱི་དྲྭ་འབངས་དག་ལ་མཚོན་ན་བློ་ཕམ་སྐྱེ་གཞི་ཞིག་དང་། བསྟན་འཛིན་རང་ངོས་ནས་བཤད་ན་གྱོང་གུད་ཅིག་ཡིན། དེ་བས་རང་ཉིད་ཀྱི་ཕ་ཡུལ་ནས་ཡུལ་བསྐོར་ཚན་པའི་གཟུགས་བརྙན་ཕོ་ཉའི་(形象大使)ལས་ཀ་བྱེད་ཞོར། བོད་ཡིག་དང་བོད་རང་གི་རིག་གནས་དང་འབྲེལ་བའི་རྨང་གཞིའི་ཤེས་བྱ། རྒྱ་ཡིག་དང་རྒྱ་སྐད་བཅས་ཡར་རྒྱས་བཏང་རྒྱུ་བཅས་ཀྱི་ལམ་ཁར་བསྐྱོད་པ་འདི་ནི་ངས་བསམ་ན་རེ་ཞིག་དོན་དངོས་དང་མཐུན་པའི་གོམས་སྟབས་ཡག་པོ་ཞིག་རེད་སྙམ་པ་བྱུང་ལ། སེམས་པའང་ཅུང་ཟད་ལྷོད་ལ་བབས་བྱུང་། དེ་ནི་ཕུགས་རྒྱང་རིང་བའི་དྲ་གྲགས་ཀྱི་ལམ་བུ་གཞན་ཞིག་ཕྱེས་པ་ཡིན་པར་དྲ་འབངས་ཚོས་ཀྱང་ཤོད་ཀྱི་འདུག་པས་དེའང་ཡིན་ཤས་ཆེ།

ཁྱོད་རང་ད་བར་འབྲོག་ཁུལ་གྱི་བུ་ཕྲུག་མང་པོ་ཞིག་དང་འདྲ་བར་དམིགས་བསལ་སློབ་གྲྭར་འགྲོ་མྱོང་མེད་ནའང་ཐང་མོད། དེ་དཀའ་ངལ་ཞིག་མ་རེད། སློབ་སྦྱོང་ནི་མི་ཚེའི་ཆ་ཤས་ཤིག་རེད། ང་ལ་མཚོན་ན་རང་ལོ་བཅུ་བདུན་ཐོག་གཞི་ནས་ནང་ཆོས་སློབ་གཉེར་གྱི་མགོ་བཙུགས་ཤིང་། རང་ལོ་སུམ་ཅུའི་རྗེས་ནས་རྒྱ་ཡིག་དང་རྒྱ་སྐད་སྦྱོང་ཁུལ་བྱས། ཁྱོད་རང་གི་ལོ་ཚོད་ལས་ལྡབ་གཅིག་ལྷག་གིས་ཆེ་བར་སོན་པའི་དེ་རིང་གཞི་ནས་ཨེ་བྷའི་སི་སྒྲིས་ཀྱི་རྐང་པར་འཐམ་བཞིན་ཡོད། དེས་ན་ག་དུས་ཡིན་ན་ཡང་། འོས་འཚམས་ཀྱི་སློབ་སྦྱོང་ནི་འཚོ་བའི་ཆ་ཤས་དང་། ལས་ཀའི་ཆ་རྐྱེན་ཙམ་ཞིག་ཡིན་པས་འདི་ཉིད་ནི་མནོན་ཤུགས་དང་ཁུར་པོ་ཞིག་ཏུ་མི་ལྟ་བར་ཆེས་རྒྱུན་ལྡན་གྱི་རྣམ་པའི་ཐོག་ནས་སྤྲོ་སྣང་དང་བཅས་དང་ལེན་དགོས་པ་ཞིག་རེད་འགི། དེ་གནད་འགག་ཅིག་ཡིན། ཁྱོད་ལ་མཚོན་ན་དེང་རབས་རྒྱ་དབྱིན་སྐད་ཡིག་སོགས་ནི་མ་སྦྱང་ཐབས་མེད་ཡིན་མོད། དེའི་ཐོག་ཏུ་རང་ཉིད་བོད་པ་ཞིག་ཡིན་པའི་ངོས་ནས་རང་གི་སྐད་ཡིག་དང་རིག་གཞུང་ལ་རྨང་གཞིའི་སྦྱང་བ་དང་གོ་རྟོགས་གོང་མཐོར་གཏོང་དགོས་པ་ཧ་ཅང་གལ་ཆེན་ཆགས་ཡོད། དེང་སང་གི་ཡུལ་སྐོར་སྣེ་ཤན་པ་མང་ཆེ་བས་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་གནའ་ཤུལ་རིག་གནས་སོགས་ལ་འགྲེལ་བརྗོད་མང་པོ་ཞིག་ནི་འགན་ཁུར་མེད་པ་དང་། རང་སྣང་གང་དྲན་འབའ་ཞིག་རེད། ཁོང་ཚོ་མང་པོ་ཞིག་ལ་རིག་གནས་ཀྱི་དོན་དངོས་ལ་བརྩི་བཀུར་བྱེད་པའི་ཀུན་སློང་ཙམ་ཡང་དཀོན། ཁྱད་པར་དུ། མ་འོངས་པར་ཁྱོད་རང་གི་བོད་ཀྱི་རིག་གནས་ངོ་སྤྲོད་དང་འབྲེལ་བའི་གཏམ་སྤྱོད་རེ་རེ་ནི་སྤྱིར་བཏང་གི་སྣེ་ཤན་པ་བརྒྱ་སྟོང་ཁྲི་འབུམ་ལས་ཀྱང་ཤུགས་རྐྱེན་ཆེ་བ་ཆགས་ངེས་ཡིན་ཞིང་། ཁྱོད་ཀྱིས་འབྱུང་འགྱུར་སྐད་ཆ་གང་བཤད་པ་དང་གསལ་བཤད་དང་འགྲེལ་བརྗོད་གང་བྱས་པ་ཚང་མ་ཚད་ངེས་ཅན་གྱི་ཐོག་ནས་བོད་ཀྱི་རིག་གནས་དང་འབྲེལ་བའི་འགྲིན་ཚབ་ལྟ་བུའི་ནུས་པ་ཐོན་རྒྱུ་རེད། དེས་ན་རྒྱལ་ཁབ་ཀྱི་ཁྲིམས་དང་མ་འགལ་བའི་ཐོག་ནས་རིག་གནས་ཀྱི་ལྟ་བ་དང་བསམ་བློ་ལ་རྩི་འཇོག་དང་འགན་འཁྲིའི་བསམ་བློ་སེམས་ལ་བཞག་ནས་བོད་ཀྱི་ཆོས་དང་རིག་གཞུང་གཉིས་ཆར་གྱི་གཞི་རྩའི་གོ་རྟོགས་དང་སློབ་སྦྱོང་གི་འཇོན་ཐང་གོང་མཐོར་གཏོང་དགོས། དེ་དང་མཉམ་དུ། རང་ཉིད་ཀྱི་མི་གཤིས་མཛེས་པ་དང་ནང་སེམས་ཀྱི་རིན་ཐང་མ་བརླགས་པ་ཞིག་གནང་རོགས། ཁའི་མ་ཎི་དང་ལག་གི་འཕྲེང་བ་འདི་ས་ལ་མ་གཡུགས་པ་ཞིག་བྱེད་རོགས། དེ་ལྟར་བྱུང་ན་གཞི་ནས་ཕ་ཡུལ་ལ་དོན་དམ་པའི་ཞབས་ཏོག་ཞུ་ཐུབ་ལ། འདི་ནི་ཆེ་ས་ནས་ཕ་མེས་ཀྱི་རིག་གཞུང་དང་། ཆུང་ས་ནས་ཕ་ཡུལ་ལི་ཐང་ལ་འགན་ཁུར་བའི་ཕོ་རྒོད་ཀྱི་ལས་ཀ་རེད།

བསྟན་འཛིན་ལགས། ཁྱོད་ནི་འདི་ལྟར་བསམ་ཡུལ་ལས་འདས་པའི་ཚུལ་དུ་མྱུར་ཚད་མཐོན་པོས་ལམ་ལ་ཆས་བཞིན་འདུག །ད་ནངས་ཡང་ངས་མུ་མཐུད་ཁྱོད་ཀྱི་བསྐོར་ལ་དོ་སྣང་བྱས་པས་ད་ལྟའི་བར་དུ་ཁྱོད་ཀྱི་པོད་ཕྲན་(微博)ལ་དོ་སྣང་བྱེད་མཁན་ས་ཡ་བརྒལ་ཟིན་པ་ངས་ཤེས་ཡོད། ཚེས་ཉེར་བརྒྱད་ཉིན་གྱི་ནང་དོན་གསར་པར་དགའ་རྟགས་སྤྲོད་མཁན་ཁོ་ན་ཡང་ས་ཡ་གཅིག་ལྷག་འདུག །དེ་ནི་སྤྱིར་བཏང་གི་དྲ་གྲགས་སུ་ལའང་ཡོང་དཀའ་བའི་དུས་ཐུང་གི་ལན་ཆ་ཞིག་རེད་ལ། དེ་དང་མཉམ་དུ་བདུན་ཕྲག་འདིའི་ནང་གི་དཀར་མཛེས་ཁུལ་གཅིག་གི་ཡུལ་བསྐོར་བའི་མགྲོན་ཁང་སྔོན་མངགས་སོགས་གང་ཅིར་ཧ་ཅང་འཁྲུགས་ཆ་དོད་པའི་འགྱུར་ལྡོག་ཅིག་ཡོང་བཞིན་ཡོད་པའི་ཚ་གླེང་གི་གནས་ཚུལ་དག་ཀྱང་ངའི་མིག་ལམ་དུ་སོན་ཡོད། ཁྱོད་དྲ་གྲགས་སུ་གྱུར་པ་འདིས་ཕ་ཡུལ་ལ་རེ་བ་ཞིག་བསྐྲུན་པ་ཙམ་ཡང་ཁྱོད་ཀྱི་བསོད་ནམས་དང་ལམ་འགྲོ་རེད། ཡིན་ན་ཡང་། དོན་དངོས་ཐོག་འདི་དག་ཡོད་ཚད་བརྒྱུད་རིམ་ཧ་ཅང་རིང་པོ་ཞིག་གི་མགོ་འཛུགས་ཙམ་རེད་ལ། ཡ་ཡུད་ཆེ་བའི་མི་ཚེ་དང་མ་འོངས་པའི་ཆེད་དུ་ཉམས་སད་དང་ཚོད་ལྟ་བྱ་རྒྱུ་ནི་མི་རུ་སྐྱེས་པ་ཞིག་གི་གཡོལ་དུ་མེད་པའི་གདམ་ཀའང་རེད། དེ་བཞིན་དུ། བདུན་ཕྲག་སྔ་མའི་གཟའ་ཉི་མའི་ཉིན་ཀྲུང་དབྱང་བརྙན་འཕྲིན་ཨང་བཅུ་གསུམ་པ་ཞེས་པས་ཁྱོད་དང་འབྲེལ་བའི་བཅར་འདྲིའི་ཆེད་སྒྲིག་ལེ་ཚན་ཅིག་བཟོས་འདུག་པ་དེར་བལྟས་ན། ད་ལྟ་ཁྱོད་དངོས་ཞུགས་ཀྱིས་ལས་ཀ་བྱེད་སའི་གཞུང་འབྲེལ་ལི་ཐང་རྫོང་གི་ཡུལ་བསྐོར་འབྲེལ་ཡོད་ལས་ཁུངས་དེའི་མགྲིན་ཚབ་པས། འབྲོག་ཕྲུག་ཅིག་ཡིན་པའི་བསྟན་འཛིན་ལ་དྲ་རྒྱའི་བཙན་ཤེད་དང་ཚད་བརྒལ་གྱི་གོང་བཀུར་(过度推崇)མི་ཡོང་རྒྱུའི་ཕྱོགས་ལ་བསམ་བློ་གཏོང་བཞིན་ཡོད་ཚུལ་དང་། ལུས་སེམས་ཀྱི་བདེ་འཇགས་སོགས་སྲུང་སྐྱོབ་གང་ལེགས་བྱེད་པའི་འགན་འཁྲིའི་སྐོར་ལ་ནན་བརྗོད་བྱས་པ་ལྟར། ཁྱོད་རང་གནས་སྐབས་ཀྱི་ཚོང་རྫས་ཙམ་ཞིག་ཏུ་མ་གྱུར་པར་ཕུགས་རྒྱང་རིང་པོའི་མདུན་ལམ་དང་འབྲེལ་བའི་འཆར་གཞི་དང་རམ་འདེགས་ཀྱིས། ཁོང་ཚོའི་ཁ་ནས་གང་བཤད་པ་དེ་དོན་ལ་སྨིན་པ་ཡོང་བར་ཞེན་མི་(粉丝)ཚང་མས་རེ་བ་བྱེད་ཀྱིན་ཡོད་པ་རེད་ལ། ཚིག་གཞན་ཞིག་སྤྱད་ནས་བཤད་ན། དེ་ནི་ཕྱོགས་གཉིས་ཀྱི་ཁེ་ཕན་དང་མཐུན་པ་ཞིག་རེད། འདིར་ཁྱོད་ལ་དོ་ཁུར་བྱེད་པའི་དྲ་དམངས་(网民)འགའ་ཞིག་གི་སྐད་ཆ་འགའ་རེ་ཁྱོད་དང་འབྲེལ་བའི་དཔྱད་གཏམ་དུ་ལུང་འདྲེན་བྱས་འདུག་པ་དག་གི་ནང་དུ། བརྩེ་དུང་གི་འཚོ་བ་ཡིན་ན་ཡང་འདྲ། བར་ཚོང་ཁང་དང་གན་རྒྱ་འཇོག་མིན་ཐད་ཡིན་ནའང་འདྲ། རྩྭ་ཐང་དང་ཁ་འབྲལ་རྒྱུ་ཡིན་ནའང་འདྲ། དེ་ཚང་མ་བསྟན་འཛིན་ཁོ་རང་གིས་གདམ་ཀ་རེད། བསྟན་འཛིན་ལ་ད་ལྟ་ཆེས་འཁོ་བ་དེ་ཁོའི་རྒྱབ་ལོག་ན་ཉེན་ཁའི་རིགས་དང་འབྲེལ་བའི་ཐད་དགོས་ངེས་ཀྱི་དྲན་སྐུལ་བྱེད་མཁན་ཞིག་དགོས་པ་དེ་ཡིན་པ་ལས་བསྟན་འཛིན་གྱི་ཚབ་བྱས་ནས་ཡོད་ཚད་ཐག་གཅོད་རྒྱུ་དེ་མ་རེད། ཅེས་བཤད་འདུག་པ་ལྟར། ཀུན་སྤྱོད་དང་བསམ་བློའི་སྙོམས་སྒྲིག །སློབ་སྦྱོང་གི་ཁ་སབ་དང་བྱ་བའི་ཁ་ཕྱོགས་སོགས་གང་ཅིའི་ཐད་ནས་འབྲེལ་ཡོད་སྡེ་ཁག་དང་། དགོན་པ་ཡུལ་སྡེ། ནང་མི་ཉེ་འབྲེལ་ཚང་མའི་ངོས་ནས་བསྟན་འཛིན་ལ་ཚད་ལྡན་གྱི་སློབ་སྟོན་པ་དང་ལམ་སྟོན་ཡག་པོ་བྱེད་མཁན་དགོས་པ་དང་། གང་ཅིར་སྐྱོར་མ་ཡག་པོ་དགོས་པ་འདི་ཧ་ཅང་གལ་ཆེན་དུ་གྱུར་ཡོད།

མཇུག་ཏུ། ཀྲུང་དབྱང་བརྙན་འཕྲིན་ཁང་ཨང་བཅུ་གསུམ་པ་ཞེས་པར་ཆེད་མཁས་པ(中国未来研究会旅游分会副会长 李思敏 )འི་དཔྱད་གཏམ་ལུང་འདྲེན་བྱས་པར། བོད་རིགས་མི་མང་གནས་སྡོད་བྱ་ཡུལ་ཞིག་ཡིན་པའི་ཆ་ནས་བསྟན་འཛིན་གྱི་ཕ་ཡུལ་ལི་ཐང་ནི། ཕྱི་ཁོར་ཡུག་གི་ཆ་ནས་ཡིན་ནའང་འདྲ། མི་མང་གི་ཡུལ་སྲོལ་གོམས་གཤིས་གང་གི་ངོས་ནས་ཀྱང་བོད་ལྗོངས་དང་ཁྱད་པར་གང་ཡང་མི་རྙེད། ཅེས་པ་ནི་དོན་དངོས་ཡིན་པས། ཁྱོད་ཀྱང་གང་མགྱོགས་རང་གི་སེམས་ཁོང་ན་འོད་དུ་འཚེར་བའི་བོད་ཀྱི་རིག་གཞུང་གི་ཕ་ས་སྟེ། ཆོས་འཁོར་དཔལ་གྱི་ལྷ་ས་རུ་གང་མགྱོགས་གནས་མཇལ་དུ་བསྐྱོད་ཐུབ་པ་དང་། རླུང་རྟ་སྔར་ལས་དར་བ་དང་། དོན་དང་ལྡན་པའི་གྲགས་སྐར་གྱི་ལམ་བུ་ལ་བར་ཆད་མེད་པའི་རེ་བ་དང་སྨོན་འདུན་ཡོད།
མདོར་ན། ལྷད་མེད་གཤིས་ཀྱི་འཛུམ་མདངས་ནི་བསྟན་འཛིན་གྱི་རིན་ཐང་ཡིན་པས་མུ་མཐུད་དེ་སྲུང་སྐྱོབ་ཐུབ་པ་ཞིག་དགོས། བཀྲ་ཤིས་བདེ་ལེགས།

རྩོམ་ཡིག་འདིའང་། དྲ་གྲགས་བསྟན་འཛིན་བརྩོན་འགྲུས་ཁོང་ཉིད་དྲྭ་རྒྱའི་བཙན་ཤེད་ཀྱི་གཡུལ་སའི་རྩེད་ཆས་དང་། ཧམ་སེམས་ཅན་གྱི་ལག་ནང་གི་ཚོང་རྫས་ཙམ་དུ་མི་འགྱུར་བར། ལུས་སེམས་བདེ་ཐང་གི་ཁོར་ཡུག་གང་ལེགས་མཁོ་སྤྲོད་ཀྱིས་སྲུང་སྐྱོབ་ཡག་པོ་དགོས་པའི་འོས་འགན་དེ་ང་ཚོར་ཐུན་མོང་དུ་ཡོད་པའི་སྤྱི་ཚོགས་ཀྱི་འགན་འཁྲི་(社会责任)འདིའི་ངོས་ནས་ངས་ཀྱང་དྲ་ཚོམས་གཞན་དུ་བསྟན་འཛིན་དང་འབྲེལ་བའི་བསམ་ཚུལ་ཚད་ལྡན་དེ་འདྲ་འདོན་མཁན་ཡོད་ན་ཁོང་ལ་ཕན་ཅུང་ཟད་ཐོགས་སྲིད་པའི་བསམ་ཚུལ་བཏོན་ན་ཡང་། ད་བར་དེའི་ཕྱོགས་ལ་རྒྱ་ཡིག་ཐོག་དཔྱད་བརྗོད་འགའ་རེ་བྲིས་ཡོད་པ་ལས་བོད་ཡིག་ཐོག་འབྲི་མཁན་མ་མཐོང་བས། རྒྱལ་ཁམས་རྫ་ཚེ་རིང་བཀྲ་ཤིས་ཀྱིས་དུས་ཚོད་བཏོན་ནས་བསམ་ཚུལ་འདི་བཤད་པ་ཡིན་མོད། དངོས་སུ་དོ་བདག་གི་རྣ་བར་འཁྱོལ་མིན་ལ་མ་ལྟོས་པར་སྤྱིའི་ཆ་ནས་ཚང་མས་གོ་དགོས་པའི་སྐད་ཆའང་མང་པོ་ཞིག་ནང་དུ་ཡོད་དོ། །སྤྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡ ལའོ།། །།

 

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།