མདུན་ངོས། སྙན་ངག མཁན་ཆེན་ཆོས་ད...

མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་ནན་ཏར་དྲན་པའི་དབྱངས།

༥༢༣༤༨༨

རྫ་ཚེ་རིང་བཀྲ་ཤིས།

བླ་མ་ལ་ཕྱག་འཚལ་ལོ།།
༡༽ ཚེ་འདིར་བདག་གི་མགོན་དུ་གྱུར་པ་ཞིག །
རོང་ཟོམ་ཆེན་པོ་ཡིན་ནམ་སྙམ་པ་ཞིག །
ཆོས་དབྱིངས་ཁྱབ་བརྡལ་ཞེས་པའི་བླ་མ་ཞིག །
དྲན་པའི་ངོགས་ནས་འོད་དུ་འཚེར་བ་ཞིག །

༢༽ སྙིགས་ལྔའི་མུན་ནག་དཀྲིགས་པའི་སྤྲིན་རུམ་ཞིག །
ཁྱོད་སྐུ་བསོད་ནམས་གློག་གི་འགྱུ་བ་ཞིག །
མི་ཡི་ཡུལ་འདིར་ལོ་འཁོར་བརྒྱ་ཕྲག་ཅིག །
དེ་རིང་འདི་ན་ནན་ཏར་དྲན་པ་ཞིག །

༣༽ གསེར་ཆུ་སྔོན་མོའི་འགྲམ་གྱི་རི་འདབས་ཤིག །
གྲོང་དགོན་གང་ཡང་མིན་པའི་སྤྲང་སྒར་ཞིག །
སྙན་པ་རིང་དུ་འཕུར་བའི་གདན་ས་ཞིག །
ལི་མདོ་ཞེས་པ་དོན་གྱི་ཆོས་གྲྭ་ཞིག །

༤༽ ར་བ་སབ་མོས་བསྐོར་བའི་ཁང་ཆུང་ཞིག །
རེ་ཕྱར་རྙིང་པས་གཡོགས་པའི་ཕྱི་ཐུམ་ཞིག །
འདོམ་གང་གྲུ་བཞི་ཁོ་ནའི་ནང་ཤོངས་ཤིག །
བྲག་དཀར་རྟ་སོ་ལྟ་བུའི་བཞུགས་གནས་ཤིག །

༥༽ ཆུ་རྫ་གཅིག་པུ་སྐྱོན་སའི་ཁེར་ཐབ་ཅིག །
བལ་སྟན་སྐྱ་ཡུག་ཙམ་གྱི་མལ་ཆས་ཤིག །
རྩམ་ཁུག་ལག་མགོ་ཙམ་གྱི་གྲོ་རྟེན་ཞིག །
མི་ལ་རས་པ་ལྟ་བུའི་བཞུགས་སྟངས་ཤིག །

༦༽ མཆོད་ཁྲི་རྟེན་གསུམ་མེད་པའི་སྔས་མགོ་ཞིག །
དཔེ་ཆ་ཡིག་རིགས་མེད་པའི་མདུན་ཅོག་ཅིག །
མཁོ་ཆས་ཉེར་སྤྱད་མེད་པའི་གཟིམ་མལ་ཞིག །
བྱ་བ་དགུ་ཕྲུགས་བཏང་བའི་རྣལ་འབྱོར་ཞིག །

༧༽ ཤིང་ཆག་བཙན་གྱིས་བསྒྲིགས་པའི་འགེབ་ཞབས་ཤིག །
འབོལ་གདན་གྲུམ་ཙེས་དབེན་པའི་པང་གཅལ་ཞིག །
གྲལ་དང་གོ་རིམ་མེད་པའི་འདུག་སྟངས་ཤིག །
བླ་སློབ་མཉམ་དུ་འཛོམས་སའི་ཉི་ལྡིང་ཞིག །

༨༽ བ་ཕྱུགས་ལྷས་མལ་འདྲ་བའི་ཚོགས་ཁང་ཞིག །
གཅིག་ཐོག་གཅིག་འདུག་ཙམ་གྱི་འཚང་ཁ་ཞིག །
ཉིན་གཅིག་མཚམས་འཇོག་མེད་པའི་ཆོས་ཁྲིད་ཅིག །
དགའ་དད་དུང་གསུམ་འདྲེས་པའི་ཁོར་ཡུག་ཅིག །

༩༽ བཅའ་ཡིག་ལག་མཐིལ་ཙམ་ཡང་མེད་ས་ཞིག །
ལམ་དང་ལུགས་སྲོལ་ལག་ལེན་ཉུང་ས་ཞིག །
དད་དང་བརྩེ་བ་ཁོ་ནས་འདུན་ས་ཞིག །
འདོད་ཆུང་ཆོག་ཤེས་གལ་ལ་འཛུགས་ས་ཞིག །

༡༠༽ དེང་རབས་འདུ་འཛི་ཡེ་ནས་མེད་ས་ཞིག །
མཐོ་དམན་དྲག་ཞན་ཁ་མདོག་གཅིག་ས་ཞིག །
ཐོས་བསམ་ཉམས་ལེན་སྦྲགས་མར་བྱེད་ས་ཞིག །
ཞི་བའི་དྲང་སྲོང་དགྱེས་པའི་ནགས་འདབས་ཤིག །

༡༡༽ བཤད་ན་ཕལ་ཆེར་ལྷ་སྒྲུང་འདྲ་བ་ཞིག །
མཇལ་ན་དངོས་གནས་ཡིད་དབང་འཕྲོག་པ་ཞིག །
ཕྱིན་ན་དོན་གྱི་ཆོས་ངོ་འཕྲོད་ས་ཞིག །
བསམ་ན་བརྗེད་ཐབས་མེད་པའི་དག་ཞིང་ཞིག །

༡༢༽ དྲང་སྲོང་གསོན་པོ་ལྟ་བུའི་བླ་མ་ཞིག །
དད་དམ་གཡོ་བ་མེད་པའི་སློབ་མ་ཞིག །
ཐུགས་ཡིད་འོ་ཆུ་འདྲེས་པའི་སྤྲོ་སྣང་ཞིག །
དེ་ལས་སྐྱིད་རྒྱུ་མེད་པའི་མི་ཚེ་ཞིག །

༡༣༽ ཡང་དར་རྒྱལ་བསྟན་སྤེལ་བའི་ཉིན་བྱེད་ཅིག །
དུས་འདིར་དངོས་སུ་བྱོན་པའི་བླ་མ་ཞིག །
ཡ་མཚན་དངོས་བྱུང་ལྟ་བུའི་ཆོས་པ་ཞིག །
མི་ཡི་ཟོལ་དུ་སྣང་བའི་དགེ་སྦྱོང་ཞིག །

༡༤༽ མགོ་ན་དཔོན་པོ་མེད་པའི་རྒྱལ་པོ་ཞིག །
འོག་ན་གཡོག་པོ་མེད་པའི་ཁེར་འདུག་ཅིག །
རེ་དོགས་གཏིང་ནས་ཟད་པའི་གུ་ཡངས་ཤིག །
དངུལ་ཆུ་དཀར་མོ་ལྟ་བུའི་ཡན་གར་ཞིག །

༡༥༽ སུ་ཡི་ཁ་ལ་མི་ཉན་འཁྱོགས་པོ་ཞིག །
གང་གི་ཡིད་ལ་མི་བསྟུན་དྲང་མོ་ཞིག །
མི་གཤིས་གསེར་ལྟར་བཟང་བའི་མཛངས་པ་ཞིག །
སླར་ཡང་འབྱོན་པར་དཀའ་བའི་དམ་པ་ཞིག །

༡༦༽ འགྲོ་འདུག་མི་མང་གཅིག་ཏུ་སྡོད་པ་ཞིག །
བྱ་བྱེད་མི་མང་ཆོས་ལ་ཐིམ་པ་ཞིག །
རེ་དོགས་མི་མང་ཡོད་ཚད་བཞག་པ་ཞིག །
ཞེན་ལོག་སྙིང་ལ་ཤར་བའི་སྒོམ་ཆེན་ཞིག །

༡༧༽ ཆོས་བརྒྱད་ལྷ་ཡི་ཡུལ་ཁམས་དཀྲུགས་པ་ཞིག །
ཞེན་འཛིན་བྲག་རིའི་དཔུང་ཚོགས་བསྒྱེལ་པ་ཞིག །
འཁོར་འདས་སྒྱུ་མའི་མཐུད་མཚམས་བཅད་པ་ཞིག །
མཁའ་མཉམ་ཇོ་རུ་ལྟ་བུའི་བྲ་ཚག་ཅིག །

༡༨༽ གྲུབ་མཐའ་འཛིན་ན་མཁས་པར་གྲགས་པ་ཞིག ། །
བླང་དོར་འཆད་ན་ཆོས་པར་གྲུབ་པ་ཞིག །
གདམས་ངག་སྟོན་ན་བླ་མར་ངེས་པ་ཞིག །
རྡོ་རྗེའི་གསུང་དང་ལྡན་པའི་སློབ་དཔོན་ཞིག །

༡༩༽ རོང་ཀློང་གཉིས་ཀྱི་དགོངས་སྤྱོད་བསྙེགས་པ་ཞིག །
འཇུ་བོད་གཉིས་ཀྱི་ཁྱིམ་ཤུལ་ཟིན་པ་ཞིག །
དཔལ་དགེ་རྒྱལ་པོའི་ཐུགས་བློ་བདེ་བ་ཞིག །
རྙིང་བསྟན་འདི་ལ་ཚད་མར་གྱུར་པ་ཞིག །

༢༠༽ འབྲོམ་སྟོན་ཆེན་པོ་ལྟ་བུའི་ཚད་ཐུབ་ཅིག །
མི་ལ་རས་པ་ལྟ་བུའི་སྒྲུབ་ཚུགས་ཤིག །
ཨ་བུ་དཔལ་དགེ་ལྟ་བུའི་མང་བཀུར་ཞིག །
དུས་རབས་ཉི་ཤུའི་ཆོས་པའི་མཚོན་རྟགས་ཤིག །

༢༡༽ རོང་ཟོམ་རོང་ཟོམ་ཟེར་ནས་འབོད་མི་ཞིག །
ཆོས་བརྒྱད་ཆོས་བརྒྱད་ཟེར་ནས་བཀྱོན་མི་ཞིག །
བཀའ་བཀྱོན་ཀུ་རེ་སྦྲེལ་ནས་གསུང་མི་ཞིག །
སུ་ལ་བསྡིགས་ཀྱང་སུ་ཡིས་བཀུར་མི་ཞིག །

༢༢༽ མཐོན་པོའི་མི་ལ་བཀའ་བཀྱོན་ཚ་བ་ཞིག །
ཨ་སྐྱོའི་བུ་ལ་ཕྱི་ཐག་རིང་བ་ཞིག །
རང་འདོད་འཛིན་འཁྲིས་ཡེ་ནས་མེད་པ་ཞིག །
རེ་དོགས་སྙེམས་བྱེད་གཏན་ནས་སྤངས་པ་ཞིག །

༢༣༽ ཚེས་བཅུའི་དུས་མཆོད་རྒྱུན་དུ་འཛིན་པ་ཞིག །
འཕྲལ་རྫས་གང་ཡོད་ཚོགས་སུ་བསྔོ་བ་ཞིག །
གུ་རུ་ཡབ་ཡུམ་ཐུགས་ལ་བསྲེལ་བ་ཞིག །
དོན་ལ་པདྨའི་ཕོ་ཉར་ངེས་པ་ཞིག །

༢༤༽ མཆོག་གསུམ་བླ་མར་གསོལ་བ་འདེབས་པ་ཞིག །
ལས་འབྲས་སྡོམ་གསུམ་སྤང་བླང་ཞིབ་པ་ཞིག །
སྣང་སྟོང་ཟུང་འཇུག་རིག་ངོ་སྐྱོང་བ་ཞིག །
ལྟ་སྤྱོད་མི་འགལ་ལམ་དུ་འཁྱེར་བ་ཞིག །

༢༥༽ ཐེག་མཆོག་བདུད་རྩིའི་དགའ་སྟོན་འབྱེད་པ་ཞིག །
ཆོས་ཁྲིད་གསུང་འཕྲོར་ཞིང་ལ་གཤེགས་པ་ཞིག །
དོན་གྱི་འདས་རྟགས་བཞག་ནས་ཕྱིན་པ་ཞིག །
སྲིད་ཞི་གཉིས་མེད་བཙན་ས་ཟིན་པ་ཞིག །

༢༦༽ རིང་པའི་ས་ནས་མང་པོས་བསྔགས་པ་ཞིག །
ཉེ་བའི་དྲུང་ནས་ཀུན་གྱིས་བཏུད་པ་ཞིག །
ཕྱི་མའི་དུས་ན་ལྷག་ཏུ་གསལ་བ་ཞིག །
བཟང་པོའི་གསེར་ལྟར་ཤིན་ཏུ་དག་པ་ཞིག །

༢༧༽ གསེར་རྟ་ལུང་པའི་དུས་ཀྱི་རྡོ་རིང་ཞིག །
སྔ་འགྱུར་བསྟན་ལ་བརྒྱུད་པ་ཟིན་པ་ཞིག །
བསྟན་པ་སྤྱི་ལ་མིག་དཔེར་འོས་པ་ཞིག །
མདོར་ན་ཁྱེད་ནི་མཚུངས་ཟླ་མེད་པ་ཞིག །

༢༨༽ འདི་སྟེ་མི་ལོ་ཉི་ཤུའི་ཡར་སྔོན་ཞིག །
གང་ཁྱེད་ཞབས་པད་བསྟེན་པའི་ལོ་ཟླ་ཞིག །
བླ་སློབ་མཉམ་འཛོམས་སྐྱིད་པའི་སྣང་ཤས་ཤིག །
ད་དུང་ཡིད་ལ་ཇི་ལྟར་ངེས་པ་ཞིག །

༢༩༽ ཁོ་བོ་རིང་ནས་ས་མཐར་འཁྱམས་པ་ཞིག །
རང་རྒྱུད་མ་དུལ་ཐ་མལ་ལུས་པ་ཞིག །
སྒོ་གསུམ་བག་མེད་ངང་དུ་འབྱམས་པ་ཞིག །
བསམ་ན་རང་ཚུལ་སྙིང་ལ་གཅགས་པ་ཞིག །

༣༠༽ འོན་ཀྱང་ཤེས་རབ་སྙིང་ནས་གཅེས་པ་ཞིག །
ཆོས་དང་བླ་མར་བློ་གྲོས་དཀར་བ་ཞིག །
རང་ནུས་ཙམ་གྱིས་སྲི་ཞུར་བརྩོན་པ་ཞིག །
རྣལ་འབྱོར་དབང་ཕྱུག་དྲུང་དུ་སྨོན་པ་ཞིག །

༣༡༽སྐུ་བལྟམས་ལོ་བརྒྱའི་དུས་ཆེན་གལ་ཆེན་ཞིག །
བཀའ་དྲིན་རྗེས་དྲན་སྒྲུབ་པ་མཆོད་པ་ཞིག །
《ནན་ཏར་དྲན་པའི་དབྱངས་》ཀྱི་ཆོ་ག་ཞིག །
དངོས་བྱུང་མཚོན་པ་ཚིག་གི་གློག་བརྙན་ཞིག །

༣༢༽ ལེགས་བྲིས་རྣམ་པར་དཀར་བའི་དགེ་བ་ཞིག །
མ་ལུས་ཡིད་ཅན་འགྲོ་ལ་བསྔོས་པ་ཞིག །
བཅོས་མིན་སྨོན་པའི་རང་རྒྱས་བཏབ་པ་ཞིག །
འདི་ཡང་བྱང་ཆེན་ལམ་གྱི་རྒྱུ་མཆོག་ཅིག །

དེ་ཡང་ཡབ་རྗེ་བླ་མ་བྱ་བྲལ་རྣལ་འབྱོར་གྱི་དབང་ཕྱུག་མཁན་ཆེན་བླ་མ་པདྨ་ཆོས་དབྱིངས་ཁྱབ་བརྡལ་གྱི་རྗེས་དྲན་དང་འབྲེལ་བའི་རྩོམ་ཡིག་ཅིག་ཕྲིས་ཞེས་བླ་མའི་གདན་ས་ལི་མདོ་ཆོས་སྒར་ཆེན་མོའི་རྗེས་དྲན་རྩོམ་སྒྲིག་ཚོགས་ཆུང་གི་འགན་འཛིན་ཆོས་ཀྱི་གྲོགས་མཆོག་མཁན་པོ་ཆོས་དབྱིངས་ཀྱིས་བཀའ་གནང་ལྟར། ལི་མདོ་ཆོས་སྒར་གྱི་སློབ་འབངས་སུ་གཏོགས་པའི་རྒྱལ་ཁམས་པ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཨོ་གླིང་གི་རི་སྔོན་པོའི་རང་གནས་སུ་བྲིས་ཏེ་ཕུལ། དཔྱིད་ཟླ་འབྲིང་པོའི་བོད་ཚེས་བཅུ། སྤྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༦ ལའོ།།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།