མདུན་ངོས། དཔྱད་རྩོམ། ཆོས་པ་རྣམ་དག་...

ཆོས་པ་རྣམ་དག་ལ་རབ་བྱུང་ཡིན་དགོས་པ།

༡༧༨༦༦༦

བསོད་ནམས་དབང་མོ། མོན་པ།


ཨོཾ་སྭསྟི། ཤེས་བྱའི་མཁའ་ལ་མཁྱེན་རབ་དཀྱིལ་འཁོར་རྒྱས། །མཛད་པའི་འོད་སྟོང་གདུལ་བྱའི་གླིང་ལ་ཕོག །

རྒྱལ་བའི་བསྟན་པ་ཀུན་ནས་གསལ་མཛད་པ། །བཀའ་བརྒྱུད་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །

དེ་ཡང་ཐོག་མར་ངས་སྐྱེ་དགུ་བདག་མོ་ཆོས་གླིང་གི་མཁན་དགེ་སོགས་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་དང་། གྲོགས་ཚངས་པ་མཚུངས་པར་སྤྱོད་པའི་བཙུན་མ་རྣམ་པ་ཚང་མ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བགྱི་ཡིན།
དེ་རིང་གི་གླེང་གཞི་ནི། ཆོས་པ་རྣམ་དག་ལ་རབ་བྱུང་ཡིན་དགོས་མིན་འདི་རེད། བརྗོད་བྱ་འདི་ཉིད་ལ་རྩོད་གླེང་བྱ་བའི་ཐོག་མར་ཤེས་གལ་ཆེ་བ་ནི། ཆོས་པ་རྣམ་དག་གི་ཚད་ཐིག་ག་རེ་ཡིན་པ་དེ་རེད།

འདིའི་ཐད་གུས་མོས་མཐོང་བ་ལྟར་ན། ཉམས་ལེན་སྒྲུབ་པའི་མན་ངག་ལས། ཚེ་འདི་ཕྱིའི་འཁོར་བ་ལ་ཞེན་པ་ཡོད་ན་ཆོས་རྣམ་དག་ཏུ་མི་འགྱུར། ཞེས་འཁོར་བ་ལ་ཞེན་པ་ཡོད་མེད་འདི་ཡིན་པར་གསུངས་པ་ནི་ཤིན་ཏུ་བདེན་པར་གོ་སྟེ། སངས་རྒྱས་ཀྱི་ཆོས་འཁོར་ཐོག་མ་ནི་བདེན་བཞི་ཡིན་ཅིང་། བདེན་བཞིའི་དགོས་པ་ནི། ཉན་ཐོས་ཀྱི་ས་ལས། འཇིག་ཚོགས་ཐམས་ཅད་ལས་སྐྱོབ་པར་འདོད་ཅིང་། རྣམ་པར་གྲོལ་བར་འདོད་པ་ཞིག་ཡིན་ན་ནི། བདེན་པ་སྡུག་བསྔལ་དང་། བདེན་པ་ཀུན་འབྱུང་བ་དང་། བདེན་པ་འགོག་པ་དང་། བདེན་པ་ལམ་ལ་སེམས་ཉེ་བར་གཏོད་པར་བྱེད་དེ། ཞེས་འཁོར་བ་ལས་རྣམ་པར་གྲོལ་བར་བྱ་ཆེད་ཡིན་པའི་ཕྱིར་རོ། །འདུལ་བའི་སྡེ་སྣོད་ནི་བདེན་བཞིའི་ཆོས་འཁོར་ཡིན

་པར་འབྲི་གུང་དགོངས་གཅིག་ལས། འདུལ་བའི་སྡེ་སྣོད་བདེན་བཞིའི་ཆོས་འཁོར་ཏེ། །ཞེས་གསུངས་སོ། །དེ་ལྟར་ན་ཆོས་པ་རྣམ་དག་ལ་རབ་ཏུ་བྱུང་དགོས་པ་ནི། ལུང་རིགས་ལོ་རྒྱུས་ཀྱིས་ཤེས་པ་སྟེ།

ལུང་ནི། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། རྒྱལ་པོ་ཆེན་པོ། ཁྱོད་དད་པས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིག །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་ནི། དོན་ཆེ་བ། ཕན་ཡོན་ཆེ་བ། རྒྱ་ཆེ་བའོ། །ཞེས་སོ། །

རིགས་པ་ནི། 
༡ རབ་བྱུང་མིན་པའི་གང་ཟག་དེ་ཆོས་པ་རྣམ་དག་ཏུ་འགྱུར་གྱི་མི་འདུག། །རྒྱུ་ཚན་གང་ཡིན་ཟེར་ན། བཤེས་སྤྲིང་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་ཡོན་ཏན་གྱི་གཞི་མ་ཚུལ་ཁྲིམས་མེད་པའི་ཕྱིར། དཔེར་ན། གྱང་མེད་ན་གྱང་གི་རི་མོ་མེད་པ་ལྟ་བུའོ། །

༢ རབ་བྱུང་མིན་པའི་གང་ཟག་དེ་ཆོས་པ་རྣམ་དག་ཏུ་འགྱུར་གྱི་མི་འདུག། །རྒྱུ་ཚན་གང་ཡིན་ཟེར་ན། དབུ་མ་འཇུག་པ་ལས། སྦྱིན་པས་ལོངས་སྤྱོད་དག་ནི་འགྲོ་ངན་ནའང་། །སྐྱེ་བོ་ཚུལ་ཁྲིམས་རྐང་པ་ཉམས་ལ་འབྱུང་། །ཞེས་ལུས་རྟེན་བཟང་པོ་ཐོབ་པའི་རྒྱུ་ཚུལ་ཁྲིམས་མེད་པའི་ཕྱིར། དཔེར་ན། ཟོང་གཏན་ནས་མེད་པའི་གང་ཟག་དེ་ཚོང་པ་མིན་པ་ལྟ་བུའོ། །

༣ རབ་བྱུང་མིན་པའི་གང་ཟག་དེ་ཆོས་པ་རྣམ་དག་ཏུ་འགྱུར་གྱི་མི་འདུག། །རྒྱུ་ཚན་གང་ཡིན་ཟེར་ན། རྒྱལ་སྲས་ལག་ལེན་ལས། ཚུལ་ཁྲིམས་མེད་པར་རང་དོན་མི་འགྲུབ་ན། །གཞན་དོན་སྒྲུབ་པར་འདོད་པ་གད་མོའི་གནས། །ཞེས་རང་གཞན་གྱི་དོན་འགྲུབ་བྱེད་ཚུལ་ཁྲིམས་མེད་པའི་ཕྱིར། དཔེར་ན། རང་དོན་དང་གཞན་དོན་གང་ཡང་མ་གྲུབ་པའི་གང་ཟག་དེ་རྒྱལ་པོ་མིན་པ་ལྟ་བུའོ། །

༤ རབ་བྱུང་མིན་པའི་གང་ཟག་དེ་ཆོས་པ་རྣམ་དག་ཏུ་འགྱུར་གྱི་མི་འདུག། །རྒྱུ་ཚན་གང་ཡིན་ཟེར་ན། དབུ་མ་འཇུག་པ་ལས། སོ་སོའི་སྐྱེ་བོ་རྣམས་དང་གསུང་སྐྱེས་དང་། །རང་བྱང་ཆུབ་ལ་བདག་ཉིད་ངེས་རྣམས་དང་། །རྒྱལ་སྲས་རྣམས་ཀྱི་ངེས་པར་ལེགས་པ་དང་། །མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་མངོན་མཐོ་ངེས་ལེགས་ཀྱི་རྒྱུ་ཚུལ་ཁྲིམས་མེད་པའི་ཕྱིར། དཔེར་ན། རྒྱུ་ནོར་མེད་པའི་གང་ཟག་དེ་ཕྱུག་པོ་མིན་པ་ལྟ་བུའོ། །

༥ གསང་སྔགས་བླ་མེད་ལྟར་ནའང་། རབ་བྱུང་མིན་པའི་གང་ཟག་དེ་ཆོས་པ་རྣམ་དག་ཏུ་འགྱུར་གྱི་མི་འདུག། །རྒྱུ་ཚན་གང་ཡིན་ཟེར་ན། དུས་འཁོར་ལས། རྟེན་ནི་གསུམ་ལས་དགེ་སློང་མཆོག །འབྲིང་ནི་དགེ་ཚུལ་ཡིན་པར་འདོད། །ཁྱིམ་ན་གནས་པ་ཐ་མའོ། །ཞེས་ཆོས་པ་ཐ་མ་ཡིན་པའི་ཕྱིར། རྗེ་མི་ལའི་རྣམ་ཐར་ལས་ཀྱང་། ཁོ་བོ་རྣལ་འབྱོར་པ་ཡིན་པ་ལ། རྗེས་སུ་རབ་ཏུ་བྱུང་བ་མང་པོ་ཡང་ཡོང་བར་འདུག་པས། ཁོ་བོས་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱས་པ་ཡིན་ནོ་གསུངས་ནས་དགྱེས་དགྱེས་རང་མཛད་དོ། །ཞེས་སློབ་བརྒྱུད་ལ་རབ་ཏུ་བྱུང་བ་མང་པོ་ཡོང་བའི་རྒྱུ་མཚན་གྱིས་སངས་རྒྱས་ཀྱི་བསྟན་པ་ལ་ཁོང་གིས་བྱ་བ་ཡག་པོ་བྱས་འདུག་གསུངས་པ་རེད།

ལོ་རྒྱུས་ནི། བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་ཐམས་ཅད་རབ་བྱུང་ཡིན་པར་མདོ་སྡེ་བསྐལ་བཟང་ལས་གསུངས་ཤིང་། བཀའ་བརྒྱུད་ཀྱི་བླ་མ་ཆོས་པ་རྣམ་དག་ཡིན་པ་རྗེ་སྒམ་པོ་པ་དང་། ཀརྨ་པ་དུས་གསུམ་མཁྱེན་པ། ཕག་གྲུ་རྡོ་རྗེ་རྒྱལ་པོ། འབྲི་གུང་འཇིག་རྟེན་གསུམ་མགོན་སོགས་ཕལ་མོ་ཆེ་རབ་བྱུང་ངུར་སྨྲིག་གི་སྡེ་ཡིན་པ་སོ་སོའི་རྣམ་ཐར་རྣམས་སུ་བྲིས་ཡོད་པ་སྟེ། དཔེར་ན། འབྲི་གུང་པའི་རྣམ་ཐར་རྡོ་རྗེ་འབར་བ་ལས། འགྲོ་བ་འགའ་ལ་ཕན་པ་བསྒྲུབ་ན་རབ་ཏུ་བྱུང་བ་དགོས་པར་འདུག་དགོངས་པ་དང་། རྗེ་གོང་མས་བཀའ་སྩལ་ལན་མང་དུ་གསུངས་པའི་སྟོབས་ཀྱིས་རབ་ཏུ་གཤེགས་པར་ཐུགས་ཐག་དེར་བཅད་དོ། །ཞེས་པ་ལྟ་བུའོ། །
མར་པ་དང་མི་ལ་སོགས་ནི། དམ་ཆོས་པད་དཀར་ལས། འཁོར་ལོས་སྒྱུར་བའི་རྒྱལ་པོས་འདུལ་བའི་སེམས་ཅན་རྣམས་ལ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་གཟུགས་ཀྱིས་ཆོས་སྟོན་ཏོ། །ཤ་ཟས་འདུལ་བའི་སེམས་ཅན་རྣམས་ལ་ནི་ཤ་ཟའི་གཟུགས་ཀྱིས་ཆོས་སྟོན་ཏོ། །ཞེས་རབ་ཏུ་བྱུང་མི་ནུས་པའི་གང་ཟག་ཡིན་ནའང་ཆོས་སྒྲུབ་པའི་གོ་སྐབས་ཡོད་པར་སྟོན་པ་ཐབས་མཁས་ཀྱི་མཛད་པ་ཙམ་ཡིན་ཅིང་། མཁས་གྲུབ་ཀྱི་ཆ་ནས་ཁོ་ཚོ་དང་གཅིག་མཚུངས་ཡིན་པའི་རབ་བྱུང་ནི་མཆོག་ཡིན་ངེས་པའོ། །

སླར་སྨོན་པ། ལུས་ལ་ཆོས་གོས་གསུམ་གྱི་བཀྲ་ཤིས་ཤོག །ངག་ལ་སྡེ་སྣོད་གསུམ་གྱི་བཀྲ་ཤིས་ཤོག །སེམས་ལ་བསླབ་པ་གསུམ་གྱི་བཀྲ་ཤིས་ཤོག །ཀུན་ལ་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །སརྦ་མངྒ་ལཾ།

 

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།