མདུན་ངོས། སྙན་ངག གནག་རྫིའི་གླུ...

གནག་རྫིའི་གླུ་ཆུང་ཆ་ཁ་ཡ་སྡེབ། ༼ཁག་བཞི༽

༡༧༡༤༤༢

གནག་རྫི་འཁྱམ་པོ་ནས།

༡ བརྗེད་དེ་ཐལ།

རང་དོན་ཁོ་ན་བསམས་བསམས་ནས།།
སྤྱི་དོན་ཟེར་བ་བརྗེད་དེ་ཐལ།།

རང་ཁྱིམ་ཁོ་ན་བསྲུང་བསྲུང་ནས།།
རྒྱལ་ཁབ་བསྲུང་རྒྱུ་བརྗེད་དེ་ཐལ།།

ཚེ་འདི་ཁོ་ནར་རྒྱུག་རྒྱུག་ནས།།
ཕྱི་མ་བསྒྲུབ་རྒྱུ་བརྗེད་དེ་ཐལ།།

སྤྱི་ཚོགས་དྲ་ལམ་ཉུལ་ཉུལ་ནས།།
དཔེ་ཀློག་བྱེད་རྒྱུ་བརྗེད་དེ་ཐལ།།

‘གདོན་འདྲེ’*་ངར་ཆུ་འཐུང་འཐུང་ནས།།
ཆུ་རྐྱང་འཐུང་རྒྱུ་བརྗེད་དེ་ཐལ།།

མཚན་མོའི་གཉིད་ནི་བཅག་བཅག་ནས།།
ཀླད་རིག་དྲན་ཤེས་ཉམས་དེ་ཐལ།།

ལོ་ཡི་ན་སོ་རྒས་རྒས་ནས།།
སྐྲ་དཀར་མགོ་ལ་ཁེངས་དེ་ཐལ།།

འདི་སྣང་ཆོས་ཀྱིས་བསླུས་བསླུས་ནས།།
ཁོ་ཐག་གཏིང་ནས་ཆོད་དེ་ཐལ།།

*Monster Energy Drinks

༢ ཁ་ཆེམས་ཀྱི་ཟུར།

ཤི་རྗེས་རུས་ཐལ་ཕྱེ་རྡུལ།།
གངས་ཅན་བོད་ལ་མ་འཁྱེར།།
ཕ་གིའི་རི་ལ་གཏོར་དགོས།།
ལབ་དུས་ཆེ་བ་འབྱོར་ལྡན།།
སྣང་མེད་ཚོར་མེད་ལན་མེད།།
ཆུང་བ་སྐལ་ལྡན་འཇིགས་མེད།།
ག་རེ་བྱས་ནས་ཟེར་གི།།
ཚེ་གཅིག་སྐྱ་ཡ་ཁོ་མོས།།
མི་སྨྲ་བརྟུལ་ཞུགས་འཛིན་གི།།
རྒད་པོས་སེམས་འདུན་ཞུས་ཟིན།།
ཁ་ཆེམས་ཟུར་ཅིག་ལབ་ཡོད།།
ཤི་རྗེས་ཡུལ་འདིའི་ལུགས་ལྟར།།
ཕུང་བོ་ཞུ་སྦྱོང་བརྒྱུད་རིམ།།
ཆ་ཚང་ལབ་དགོས་བསམ་ཡང་།།
བུ་གཉིས་ལོ་ན་ཕྲ་བས།།
སེམས་ལ་འཇིགས་པ་བསྐྱེད་ཡོང་།།
ཆུང་མ་སེམས་པ་སྙི་བས།།
དོན་མེད་སེམས་སྡུག་སློང་འོང་།།
མི་རྟག་མི་ཚེའི་སྐུད་པ།།
ནམ་ཆད་ངེས་པ་མི་འདུག།
མི་བརྟན་སྒྱུ་ལུས་གཡར་བོ།།
དོ་དགོང་འཐོར་ན་ཐང་མོ།།
མི་འཆི་མི་འཆི་སེམས་འདི།།
བཅོས་མ་རྫུན་མ་རེད་ཨང་།།

༣ བསམ་རྫོགས་ཀྱི་རླངས།

སྐྲ་དཀར་གྱི་སྙེ་མ་འཐུ་མཚམ་བཞག
མོ་ཊ་རྙིང་བ་བཙོང་ཏེ་གསར་བ་ཞིག་ཉོ་འཆར་དེ་འང་བརྗེད་ཐོ་ལས་བཏོན།
ཕ་གིའི་རི་སྒང་ལ་འཛེག་ཐེངས་རེར།
སྣང་ངོ་ལ་འཚང་ཁ་བརྒྱབ་འོང་བ་ནི་རྗེ་མི་ལས་བྲག་དཀར་རྟ་སོ་ནས་བླངས་པའི་བསམ་པ་རྫོགས་གླུའི་སྨུག་རླངས་རེད།

འཆི་ཁ་མར།
བེམ་རོ་འཇའ་འོད་ལ་འཕོས་ཤིང་།
སྡིག་སེམས་དགེ་བ་ལ་བསྒྱུར་ཏེ།
འཁོར་བ་འདི་གཙང་དག་གེར་འཇོག་ཐུབ་ཚེ།
རྣམ་ཤེས་སྤྲོ་བཞིན་འཕུར་ཆོག་ཨང་།

༤ སྙིང་བཅངས།

རྒྱང་བཞུད་ཀྱི་ཆུ་སྤྲིན་སྟུག་པོས།
སྤང་ལྗོངས་ཀྱི་མིག་མཐའ་ལ་བརླན་གཤེར་དྲངས།
ད་ལོའི་དགུན་ཁ་ག་འདྲ་ཞིག་འོང་རྒྱུ།
ངས་བསམ་གཞིགས་བྱེད་མི་སྤོབས།

རྗེས་ལོའི་དཔྱིད་རླུང་དང་དབྱར་ཁའི་མེ་ཏོག་སོགས།
མངོན་སུམ་གྱི་མྱོང་བར་ངེས་སམ་བར་དོའི་སྣང་ཤར་དུ་གང་འགྱུར།
ང་ལ་ཤེས་འདོད་མེད།

ཡིན་ཡང་ལུས་རྟེན་རྩིས་ལེན་གྱི་བཀའ་ཤོག་སླེབས་ཉིན།
མི་རྟག་པའི་རྒྱལ་ཁམས་ལ་བརྐྱངས་ཕྱག་ཕུལ་ཏེ།
ཕྱི་ལམ་དུ་ཤར་མར་དེངས་རྒྱུ།
ཁོ་བོའི་སྙིང་དབུས་ལ་བཅངས་ཡོད།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།