མདུན་ངོས། བྱིས་རྩོམ། དགེ་བཤེས་དང་ར...

དགེ་བཤེས་དང་རི་ཙི།

༢༣༣༢༡༧

ན་གཞོན་བྱིས་པ་ཆུང་ཆུང་ཚོ། སྐུ་ཁམས་བཟང་། རྒྱ་གར་ལྷོ་ཕྱོགས་སུ་བོད་ཀྱི་དགེ་བཤེས་བཟོད་པ་ཟེར་བ་ཞིག་ཡོད། ཁོང་དུས་རྒྱུན་དུ་སློབ་སྦྱོང་ལ་དགའ་བ་དང་། སྤྱང་གྲུང་འཛོམས་པོ་ཞེ་དྲག་ཡོད།

ཉིན་ཞིག་ཞོགས་པ་སྔ་པོ་ཕྱག་ཚོད་གསུམ་པ་ཙམ་ལ་གསང་སྤྱོད་ལ་ཕེབས་དུས། གློ་བུར་དུ་ཁོང་གི་སྒོ་འགྲམ་ན་རི་ཙི་ཆེན་པོ་ཞིག་མཐོངས། ཁོང་ཧང་སང་། གང་ཡིན་ཟེར་ན།  དུས་རྒྱུན་དུ་རི་ཙི་ཆེན་པོ་དེ་འདྲ་ཕྱོར་ལོག་ན་མཐོང་ཡང་། ཁོང་ཚོའི་གྲྭ་ཤག་གི་སྒོ་འགྲམ་དུ་རྩ་བ་ནས་མཐོང་མྱོང་མེད།  སྐབས་དེར་ཁོང་གི་ཤག་གྲོགས་ཚང་མ་གཉིད་ཁུག་ཞིང་། ཉལ་ཁང་གི་ཕྱིར་ལོག་ཏུ་ཁུ་སིམ་མེར། གསལ་ལ་མི་གསལ་བའི་གློག་འོད་ཁྲ་ལྷམ་ལྷམ་འགའ་ཤས་ལས་ཅི་ཡང་མེད། དགེ་བཤེས་བཟོད་པ་ལགས་ཀྱིས་རི་ཙི་ཆེན་པོ་དེ་སྒོ་འགྲམ་ནས་ཕྱིར་ལོག་ཏུ་ཕུད་མགོ་བརྩམ། ཁོང་གི་ལག་ཏུ་ལག་ཆ་ཅི་ཡང་མེད་པར་ཡུན་རིང་རི་ཙི་དེ་དེད་ཀྱང་། རི་ཙིས་དགེ་བཤེས་ལགས་ལ་ངར་ངར་དང་བཅས་ཏེ་རྩ་བ་ཉིད་ནས་ཞི་འཇམ་ཐོག་ནས་ཕྱིར་ལོག་ཏུ་ཐོན་རོགས་མ་བྱས།དེ་ནས་དགེ་བཤེས་ལགས་ཀྱིས་གྲྭ་ཤག་ཁག་གི་སྒོ་འགྲམ་དུ་བཞག་པའི་བསིལ་ལྷམ་དང་རྐང་པ་ཕྱི་སའི་ས་གདན་སོགས། ལག་པར་གང་རགས་བེད་སྤྱོད་མ་གཏོང་ཀ་མེད་འགྱུར། གྲྭ་ཤག་ཁག་གི་སྒོ་འགྲམ་ནས་རི་ཙི་དེར། ཕར་ཕར་དེད་པ་དང་། ཚུར་ཚུར་དེད་དེ། ཕྱག་ཚོད་ཕྱེད་ཀ་ཙམ་ཕྱིན། རི་ཙི་དེ་ཕྱིར་ལོག་སར་མ་ཤེས་པར་ཡུན་རིང་འགོར།

སྐབས་དེར་གྲྭ་པ་འགའ་ཤས་གཉིད་སད་དེ། སྒེའུ་ཁུང་ནས་མར་བལྟས་ཙམ། བལྟས་ཙམ་བྱས་སྐབས། དགེ་བཤེས་བཟོད་པ་ལགས་ཤིན་ཏུ་བྲེལ་བ་ཆེན་པོའི་ངང་ནས།  ཕར་ཕར་རྒྱུག་པ་དང་། ཚུར་ཚུར་རྒྱུག་པ་མཐོངས་བ་ལས། གྲྭ་པ་གཞན་ཚོས་དགེ་བཤེས་ལགས་ཀྱིས་རི་ཙི་དེ་རྗེས་དེད་གཏོང་བཞིན་པ་རྩ་བ་ཉིད་ནས་མ་མཐོངས། དེ་བཞིན་ཁོང་ཚོས་བསམ་པར། དགེ་བཤེས་ལགས་ངོ་མ་ཤ་ཚ། ཤ་ཚ།  མཚན་མོར་སེམས་བདེ་པོ་མེད་པར་འགྱུར་འདུག་བསམ།

མཐར་དགེ་བཤེས་ལགས་ཀྱིས་གྲྭ་ཤག་ནས།  རི་ཙི་ཆེན་པོ་དེ་ཕྱིར་ཕུད་ཐུབ་པ་བྱུང་། དེ་ནས་དགེ་བཤེས་ལགས་གསང་སྤྱོད་ལ་ཕེབས་ནས། སླར་ཡང་གཟིམས་མགོ་བཙུགས། སྐབས་དེར་དགེ་བཤེས་ལགས་ཀྱི་སེམས་ནང་ལ་མ་བདེ་བར་ཞིག་ཡོད་པ་ནི།  གྲྭ་ཤག་ཁག་གི་སྒོ་འགྲམ་དུ་བཞག་པའི་བསིལ་ལྷམ་རྣམས་རི་ཙི་ལ་བཞུད་པས་གང་སར་ཐོར། ཉིན་འགའ་ཤས་རིང་། དགེ་བཤེས་ལགས་ཉིན་མོར་སེམས་ཁམས་བདེ་ཡང་། མཚན་མོར་སེམས་ཁམས་བདེ་པོ་མེད་པའི་དཀྲོག་གཏམ་དེ། གྲྭ་ཤག་ཁག་གི་ཉེར་འཁོར་ཡོངས་ལ་ཁྱབ་ཏེ། དེ་ནས་གྲྭ་ཤག་གི་ཆོས་གྲོགས་འགའ་ཤས་ཀྱིས་བསྐུལ་མ་བྱས་ཏེ།  དགེ་བཤེས་ལགས་ཀྱི་དགེ་ཕྲུག་འགའ་ཤས་ཆེད་དུ་མངགས་ནས་གཟིམ་ཤག་ལ་ཐུག་འཕྲད་དུ་ཡོང་སྟེ། ཁོང་ཚོས་སེམས་སྐྱོ་པོའི་ངང་ནས་ཞུ་དོན།”རྒན་ལགས་གལ་ཏེ་ཁྱེད་ཀྱི་སེམས་ནང་ལ་དཀའ་ངལ་འདྲ་ཡོད་ན། ཁ་གསང་སྟེ་ང་ཚོའི་རྒན་ལགས་ལ་ཡར་ཞུས་ན། ཆོས་ཕྱོགས་ཀྱི་ཞབས་རིམ་དང་མོ་འདེབས་རྒྱུ་སོགས་གལ་ཆེ་སྐོར་དང་། ཡང་ན། སྨན་ཁང་ལ་བསྟེན་རྒྱུ་གལ་ཆེ་པོ་རེད།” ཅེས་གསུངས།

དེ་ནས་དགེ་བཤེས་ལགས་ཧང་སང་བའི་རྣམ་འགྱུར་དང་བཅས་ཏེ་གསུངས་དོན། ”ང་བདེ་པོ་བདེ་རྐྱང་ཡིན། ཁྱེད་རང་ཚོ་ལ་ང་བདེ་པོ་མེད་པ་སུས་བཤད་སོང་ངམ།” ཞེས་དྲིས། དེ་ནས་དགེ་ཕྲུག་ཚོས་ཞེད་སྣང་ངང་ནས། གྲྭ་གྲོགས་གཞན་ཚོའི་བརྒྱུད་ནས་གང་ཐོས་བའི་གནས་ཚུལ་རྣམས་ཞུས་པས། དགེ་བཤེས་ལགས་ཧང་སང་སྟེ་གསལ་བཤད་བྱས་དོན། ”ཉིན་ཤས་སྔོན་ན་རི་ཙི་ཆེན་པོ་ཞིག་གྲྭ་ཤག་གི་སྒོ་འགྲམ་ན་བསླེབས་པས། དེ་ཕྱིར་ཕུད་མ་ཐུབ་ཏེ། ཕར་ཚུར་རྒྱུག་ཏེ་ཡུན་རིང་འགོར་སོང་མ་གཏོགས། ངའི་སེམས་ཁམས་འཁྲུགས་ཏེ་དེ་འདྲ་བྱས་པ་རྩ་བ་ཉིད་ནས་མ་རེད། དེ་ནས་དགེ་བཤེས་ལགས་ཀྱིས་མགོ་བོ་གཡུག་ཙམ། གཡུག་ཙམ་བྱས་ཏེ། དགེ་ཕྲུག་རྣམས་ལ་ནན་པོར་གསུངས་དོན། ”མ་འོངས་པར་སྤྱི་ཚོགས་ཀྱི་གནས་ཚུལ་གང་ཞིག་ལ་བརྟག་དཔྱད་ཡག་པོ་མ་བྱས་པར།  མི་གཞན་པའི་ཕྱིའི་གཟུགས་ཙམ་ལ་ལྟ་ནི། མིང་ངན་འདོགས་པ་དང་གང་བྱུང་བཤད་མི་རུང་། ཁྱེད་ཚོ་ཕར་ཤག་ཏུ་ཕེབས།  སེམས་བདེ་པོ་བྱོས། ང་བདེ་པོ་ཡིན།” ཞེས་བཤད།  དུས་དེ་ནས་བཟུང་སྟེ།  དགེ་ཕྲུག་རྣམས་ཀྱི་ཕྱིའི་སྐད་ཆ་གོ་ཚད་ལ་གཟབ་གཟབ་བྱེད་ཀྱི་ཡོད་པ་རེད།

མཆན། སྒྲུང་ཐུང་འདི་ནི་དངོས་སུ་བྱུང་བའི་གནས་ཚུལ་ཞིག་ལ་གཞི་རྩར་བཟུང་བ་ཡིན་ལ། མིང་ཚིག་བེད་སྤྱོད་གཏོང་སྟངས་སོགས་བྱིས་པ་ཚོ་རང་ལ་དམིགས་ཏེ་བྲིས་པ་ཡིན། རི་མོ་མཁན་ནི་ཨོ་གླིང་རི་སྔོན་པོར་བཞུགས་པའི་འཛིན་རིམ་དྲུག་པའི་བུ་བསྟན་འཛིན་རྒྱལ་པོ་ལགས་དང་འཛིན་རིམ་བདུན་པའི་སློབ་མ་བསྟན་འཛིན་འཛོམས་སྐྱིད་ལགས་ནས་བྲིས། བཀའ་དྲིན་ཆེའོ་ཞུ།༽

གཤམ་གསལ་དུ་སྒྲུང་ཐུང་འདིའི་ནང་ཡོད་པའི་མིང་ཚིག་གལ་ཆེ་ཁག་ཅིག

༡༽དགེ་བཤེས།  ༢༽ རི་ཙི་ཆེན་པོ།  ༣༽བསིལ་ལྷམ།   ༤༽གྲྭ་ཤག   ༥༽དཀྲོག་གཏམ།  ༦༽དགེ་ཕྲུག  ༧༽གསང་སྤྱོད། ༨༽བརྟག་དཔྱད།  ༩༽སྤྱང་གྲུང་འཛོམས་པོ། ༡༠༽ ཆོས་གྲོགས།

རྩོམ་རྗེས་མ།ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་བྱུང་རབས་མདོར་བསྡུས། (དུམ་བུ་དང་པོ།)
ཡ་ལོ་ངག་དབང་།
བོད་མཐོ་སྒང་དུ་སྐྱེས་ཞིང་། ས་མཐའི་ཡུལ་ནས་གནའ་དེང་ཟུང་འབྲེལ་གྱི་ཤེས་རིག་གི་ཡལ་འདབ་མི་དམན་པ་རྒྱས། འདས་ཟིན་པའི་མི་རིགས་འདིའི་ལོ་རྒྱུས་སྐྱུར་མོ་དང་མ་འོངས་པའི་ཕུགས་བསམ་ལ་འགན་ཁུར་ཏེ། བོད་ཀྱི་སྤྱི་ཚོགས་དང་སྐད་ཡིག་གི་ཞིང་ཁམས་སོགས་ལ་དྭངས་བླངས་ཞབས་ཞུ་ལོ་ཤས་རིང་ཞུས་དང་ཞུ་བཞིན་པ་རེད། ཁོང་གིས་ཟེར་ན། “དེ་དག་ནི་མི་ཡུལ་འགྲིམ་པའི་ལེགས་སྐྱེས་ཙམ་དང་བོད་ཕྲུག་ཁྱིམ་སྡེ་ལ་དྲིན་ལན་འཇལ་བའི་ཆུ་ཐིགས་ཙམ་ཡིན་ཟེར།”- ད་ལྟའི་ཆར་ཨོ་གླིང་གཞུང་གི་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་ཀ་བྱེད་མུས་རེད།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།