མདུན་ངོས། སྤྱི་ཚོགས་གནད་དོན། ཨོ་སི་ཊོ་ལི་ཡ...

ཨོ་སི་ཊོ་ལི་ཡའི་ནང་བོད་ཀྱི་སྐད་ཡིག་སློབ་སྦྱོང་སྐོར་གླེང་བ། (དུམ་བུ་བཞི་པ།)

༡༧༡༢༡༦
༢༠༡༤ ཕྱི་ཟླ་ ༡༢ ཚེས་ ༢༨ ཉིན། ཨོ་གླིང་སྐུ་ངོ་དོན་གཅོད་ལྷག་པ་མཚོ་སྒོ་མཆོག་དང་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཕུར་བུ་བཀྲིས་སློབ་གྲྭའི་སློབ་སྤྱི་ཕུར་བུ་ཚེ་རིང་དང་བླངས་དགེ་རྒན་རྒྱུན་ལས་སོགས་་རིག་གནས་སྐྱེད་ཚལ་ཁང་གི་ལམ་སྟོན་སྒྲིག་གཞི་སྐྱར་ཞིབ་ཚོགས་འདུའི་འདྲ་དཔར།

བཞི་པ། བོད་སྐད་ཡིག་སློབ་སྦྱོང་གི་གོ་སྐབས།

ཀ༽ རིག་གནས་སྐྱེད་ཚལ་ཁང་གི་རྒྱབ་ལྗོངས།

ཨོ་སི་ཊོ་ལི་ཡའི་ (Australia) ནེའུ་སོའོ་རྡེ་ཝེའི་མངའ་སྡེའི་ (New South Wales) སིཌ་ནི་གྲོང་ཁྱེར་ (Sydney) བོད་རིགས་མཐུན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་རིག་གནས་སྐྱེད་ཚལ་ཁང་ (Tibetan learning Centra of Tibetan community of NSW) དང་ནེའུ་ཁའ་སོའོ་བོད་རིགས་མཐུན་ཚོགས་ཀྱི་རེས་གཟའ་སྤེན་པའི་བོད་ཡིག་སློབ་གྲྭ་དེ་གཉིས་གཅིག་པུ་མངའ་སྡེའི་ཤེས་རིག་ལས་ཁུངས་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭར་ (Department of Education Community Language School NSW) དེབ་སྐྱེལ་གནང་བ་ཞིག་དང་། སློབ་གྲྭ་དེ་གཉིས་ཐོག་ནས་ང་ཚོས་སྲིད་ཇུས་དེ་ལག་ལེན་ག་ཚོད་ཐུབ་མིན་སློབ་གྲྭ་དེ་གཉིས་ཀྱི་གནས་སྟངས་གཞིར་བཞག་ན་ད་གཟོད་གསལ་པོ་རྟོགས་ཐུབ།

ཁོ་བོའི་བློ་ཡུལ་དུ་གསལ་པར་ངེས་གསལ་ལ་ཕྱི་ལོ་ ༡༩༩༧ ཟླ་བ་ ༧ ཚེས་ ༢༤ ཉིན་ནས་བོད་མི་ཆབ་སྲིད་བཙོན་ཟུར་ཐེངས་དང་པོར་ཨོ་གླིང་ལ་བསླེབས་སྐབས་དེའི་ཁོངས་བོད་དགེ་གཉིས་ཡོད་པ་གཅིག་ང་རང་དང་གཞན་དེ་རྒན་ཐུབ་བསྟན་རྒྱལ་མཚན་ལགས་རེད། སྐབས་དེ་དུས་སིཌ་ནི་གྲོང་ཁྱེར་གྱི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་རྫ་སྤྲུལ་རིན་པོ་ཆེ་ཡིན། ཁོང་དེང་སྐབས་གྲོང་ཁྱེར་མེལ་སྦོམ་ལ་བཞུགས་ཀྱི་ཡོད།

ཕྱི་ལོ ༡༩༩༧ ལོའི་ལོ་མཇུག་ནས་ནས་སིཌ་ནི་གྲོང་ནུབ་ལྦེའི་རྡཱ་རེའུ་གླིང་གི་ཞེས་པའི་ས་ཁུལ་དུ་བོད་མི་གསར་དུ་ཕེབས་མཁན་གྱི་བཞུགས་གནས་སུ་རྒན་ཐུབ་བསྟན་རྒྱལ་མཚན་ལགས་ཀྱིས་བོད་ཕྲུག་དྲུག་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་ཁྲིད་ཀྱི་ལས་འཆར་འགོ་འཛུགས་གནང་བ་དེ་ནི་བོད་རིགས་མཐུན་ཚོགས་ཀྱིས་འཛིན་སྐྱོང་འོག་བོད་ཡིག་སློབ་གྲྭའི་ས་བོན་བཏབ་པ་ལྟ་བུ་ཞིག་ཡིན་དེ་ནས་རིམ་བཞིན་ཕྱི་ལོ་ ༡༩༨༨ ལོར་སིཌ་ནི་བྱང་ཕྱོགས་སྦེའི་ཁན་ཧེའུ་(Beacon Hill)རྡོ་རྗེ་ལགས་ཀྱི་གཟིམས་ཁང་དུ་བོད་ཕྲུག་བརྒྱད་ཙམ་ལ་ཁོ་བོས་མུ་མཐུད་བོད་ཡིག་སློབ་ཁྲིད་བྱས།

ཕྱི་ལོ ༢༠༠༣ ལོར་དང་བླངས་བོད་དགེ་རྭ་ལོ་དོན་ལྡན་གྱི་བོད་ཕྲུག་ཚོར་སློབ་ཁྲིད་བྱེད་པའི་རྣམ་པ།

ཕྱི་ལོ་ ༢༠༠༢ ལོའི་ཟླ་བ་ ༡ ཚེས་ ༢༢ ཉིན་སིཌ་ནི་ཌི་ལྦར་ཁྱིམ་མཚེས་རོགས་རམ་བསྟི་གནས་ཁང་དུ་སློབ་མ་བཅིུས་ལས་གྲུབ་པའི་བོད་ཡིག་འཛིན་གྲྭ་ཞིག་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་རྡོ་རྗེ་དགྲ་གདུལ་དང་སྐབས་དེའི་རྒྱུན་ལས་རྣམས་ཀྱིས་ལས་འགན་གཙོ་བོར་བཞེས་ནས་གསར་བཙུགས་གནང་། དགེ་རྒན་སོག་ཞབས་དྲུང་གིས་གནང་། ཕྱི་ལོ་ ༢༠༠༢ ལོར་༸གོང་ས་མཆོག་གི་ཨོ་སི་ཊོ་ལི་ཡའི་ཆིབས་བསྒྱུར་ཐེངས་བཞི་པའི་སྐབས་སིཌ་ནི་གྲོང་ཁྱེར་དུ་ས་གནས་བོད་མི་རྣམས་ལ་དམིགས་བསལ་མཇལ་ཁའི་གནས་སྐབས་མགོན་པོ་མཆོག་གིས་བོད་སྐད་བོད་ཡིག་སློབ་གྲྭ་གསར་བཙུགས་དགོས་པའི་ལམ་སྟོན་བཀའ་སློབ་གནང་བ་བཞིན་སློབ་གྲྭ་མུ་མཐུད་འཛིན་སྐྱོང་དང་ཡར་རྒྱས་བཏང་སྟེ་ཕྱི་ལོ་ ༢༠༠༢ ལོའི་ཕྱི་ཟླ་བརྒྱད་པ་ནས་ཕྱི་ལོ་༢༠༡༠ ལོའི་ཕྱི་ཟླ་བཅུ་པ་བར་ནེའུ་ལེའི་ཕོ་ སྦེའི་ཐཱ་སིཏི་ལྷ་ཁང་ (NewLife Baptist Church Dee Why) སློབ་ཕྲུག་བཅོ་ལྔ་ཙམ་དང་དགེ་རྒན་གཙོ་བོ་གཉིས་དང་ཁ་བསྐོང་དགེ་རྒན་གཅིག་ཡོད་པ་དེའི་སྐབས་སོག་ཞབས་དྲུང་ལགས་སོགས་དང་།  རྒན་བྱམས་ཆེན་ལགས་དང་ཕྲན་གྱིས་ཞུས།  དེ་ནས་བོད་མི་གསར་དུ་ཕེབས་པ་རྣམས་ཀྱིས་དང་བླངས་དགེ་རྒན་གནང་།

ལྷ་ཁང་དེའི་ཡེ་ཤུའི་ཚོགས་མི་ཁག་གཅིག་གི་བོད་ཡིག་སློབ་གྲྭ་དེ་ཚོགས་རྒྱུར་ངོས་ལེན་རྒྱབ་སྐྱོར་གནང་བ་དང་། ཁག་ཅིག་གིས་ངོས་ལེན་རྒྱབ་སྐྱོར་གནང་མེད་པས། མཐར་ཆ་རྐྱེན་གཅིག་བཏོན་ཡོད་པ་དེ་ནི་བོད་ཡིག་སློབ་ཁྲིད་དང་གཞས་སྣ་འཁྲབ་སྟོན་མ་གཏོགས་༸གོང་ས་མཆོག་གི་སྐུ་པར་དང་ནང་པའི་གྲྭ་ཆས་བཞེས་པའི་དགེ་འདུན་པ་དེ་བཞིན་ཞལ་འདོན་བཅས་ནང་ཆོས་དང་འབྲེལ་བའི་བྱེད་སྒོ་ཡེ་ཤུའི་ལྷ་ཁང་ནང་སྤེལ་ཆོག་གི་མེད།

ཕྱི་ལོ་ ༢༠༡༠ ལོའི་ཕྱི་ཟླ་གཉིས་པར་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་འཇིགས་མེད་རྡོ་རྗེ་ལགས་ཀྱིས་༸གོང་ས་མཆོག་ལ་སློབ་གྲྭར་མིང་གཅིག་གནང་རོགས་ཞུས་པས་མགོན་པོ་མཆོག་གིས་༼རིག་གནས་སྐྱེད་ཚལ་ཁང་།༽ཞེས་མཚན་གནང་། འོན་ཀྱང་ཨིན་སྐད་དུ་བོད་ཀྱི་རིག་གཞུང་སློབ་གཉེར་ཁང་(Tibetan Learning Centre) མུ་མཐུད་བེད་སྤྱོད་བྱེད་བཞིན་ཡོད།

ཕྱི་ལོ་ ༢༠༠༣ ལོའི་རིག་གནས་སྐྱེད་ཚལ་ཁང་གི་དང་བླངས་དགེ་རྒན་སོག་ཞབས་དྲུང་ལགས་དང་། རྒན་བྱམས་ཆེན་ལགས། རྒན་རྭ་ལོ་དོན་ལྡན་དང་སློབ་མ་བཅས།

ཕྱི་ལོ་ ༢༠༡༡ ནས་ ༢༠༡༢ ནང་ཕྱི་ནང་འགལ་རྐྱེན་གྱིས་སློབ་གྲྭ་རྒྱུན་ལྡན་བཞིན་ཚོགས་ཐུབ་མེད་ཀྱང་ས་གནས་རྒྱུན་ལས་སྐབས་ ༡༡ སྐབས་ཚོགས་གཙོ་ཉི་རྒན་ལགས་དང་རིག་གཞུང་འགན་འཛིན་ཕུར་བུ་ཚེ་རིང་ལགས། དེ་བཞིན་སྐབས་དེའི་རྒྱུན་ལས་རྣམས་ཀྱིས་ཐུགས་འགན་གཙོ་བཞེས་ཀྱིས་ཕྱི་ལོ་ ༢༠༡༢ ལོའི་ལོ་མཇུག་ཙམ་ལ་སློབ་གྲྭ་བསྐྱར་གསོ་གནང་ནས་སྦོ་རུབ་སྦེལ་ཉི་མོའི་སློབ་གྲྭར་ (Brookvale Public School) ཚུགས་པ་དང་

རིག་གནས་སྐྱེད་ཚལ་འདི་ཉིད་དངོས་སུ་༢༠༡༣ ལོའི་ཟླ་བ་ ༤ ཚེས་ ༨ ཉིན་མངའ་སྡེའི་ཤེས་རིག་ལས་ཁུངས་མི་རིགས་སྐད་ཡིག་སློབ་གྲྭར་དེབ་སྐྱེལ་གནང་བས་མི་རིགས་གཞན་གྱི་སློབ་གྲྭ་དང་གཅིག་མཚུངས་ཀྱི་མ་དངུལ་རོགས་རམ་དང་དགེ་རྒན་ཟབ་སྦྱོང་དུ་གཏོང་མགོ་བཙུགས།

ཕྱི་ལོ་ ༢༠༡༣  ལོ་མཇུག་ལ་སྦུའུ་རུག་སྦེལ་ཉི་མོའི་སློབ་གྲྭའི་དབུ་འཛིན་གྱིས་སློབ་ཕྲུག་གི་སྤྱོད་ལམ་དང་འཛིན་སྐྱོང་། སློབ་མར་བལྟ་རྟོགས་གནང་མཁན་མེད་པར་བརྙས་ནས་སློབ་གྲྭའི་གན་རྒྱར་མུ་མཐུད་མཚན་རྟགས་བསྐྱོན་མེད་སྟབས་སློབ་གྲྭ་ཚོགས་ཡུལ་མེད་པར་གང་གནས་སྤོས་བྱེད་དགོས་བྱུང་ཡོད། སློབ་སྤྱི་ཕུར་བུ་ཚེ་རིང་གིས་ཌི་ལྦར་ས་ཁུལ་གྱི་གཞུང་གི་ཉི་མོའི་སློབ་གྲྭ་བཅིུས་ལ་རེ་བསྐུལ་སྙན་ཞུ་ཕུལ་ཡོད་ཀྱང་བརྒྱད་ཀྱིས་སློབ་གྲྭ་གཡར་ཐུབ་ཀྱི་མེད་པའི་ཡིག་ལན་འབྱོར་ནས་རེ་བ་ཧ་ལམ་མེད་པར་གྱུར་ཡོད།

སྟབས་ལེགས་པ་ཞིག་ལ་སིཌ་ནི་མེན་ལེན་སྦེའི་མེག་ཁའ་ལེའི་བོུའི་འབྲིང་སློབ་གྲྭའི་(NBSC Mackellar Girls Campus Northern Beaches Secondary College Manly Vale) སློབ་སྤྱིས་དཀའ་ངལ་དེ་ལ་དགོངས་བཞེས་ཟབ་མོས་ཚོགས་གཙོ་ཕུར་བུ་བཀྲིས་ལགས་སུ་སློབ་གྲྭ་གཡར་རྒྱུའི་ཞལ་བཞེས་གནང་སྟེ་དགེ་རྒན་ལས་བྱེད་ཁག་སློབ་མ་མཉམ་དུ་ལས་ཀ་བྱས་ཆོག་པའི་ཆོག་མཆན་ཡི་གེ་ངེས་པར་སྒྲུབ་དགོས་པའི་དགོས་འདུན་བཏོན་པ་བཞིན་བསྒྲུབས།

ཕྱི་ལོ་ ༢༠༡༥ ལོའི་ཟླ་བ་དང་པོའི་ནང་ང་རང་དགེ་ཆེ་ལས་འཁུར་ཉིན་དང་པོའི་སྐབས་སློབ་གྲྭར་གསར་དུ་ཚུགས་སྐབས་ལྕམ་སྐུ་ཁུའུ་སི་ཁྲིན་ལགས་  (Ms Christine Del Gallo) ཀྱིས་ཁོ་བོར་ཁྱེད་ཚོར་སློབ་གྲྭ་གཡར་མཁན་དཀོན་པོ་ཡོད་པ་ངས་ཤེས་ཀྱི་ཡོད། སློབ་སྤྱི་མང་པོས་ཁྱེད་ཚོའི་སློབ་མ་འཚུབ་པོ་ཡོད་པ་བཤད་ཀྱི་འདུག  འོན་ཀྱང་ངས་ཁྱེད་ཚོར་སློབ་གྲྭ་གཡར་གྱི་ཡོད་པས་གཟབ་གཟབ་གནང་རོགས་ཞེས་མངགས་བྱུང་ལ་ཤེས་ཡོན་འགན་འཛིན་ལྕམ་སྐུ་ཧེའི་ཌིའི་ལགས་ཀྱིས་སྤྱིར་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭའི་སྲིད་ཇུས་ལ་གཞུང་གི་སློབ་གྲྭ་ཁག་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭར་གཡར་དགོས་པ་འཁོད་ཡོད་ཀྱང་གཡར་དང་མི་གཡར་གཙོ་བོའི་ཐག་གཅོད་དེ་སློབ་སྤྱི་སོ་སོས་གནང་གི་ཡོད་པས་སློབ་གྲྭ་འདི་མ་ཤོར་བ་གནང་དགོས་ཞེས་མངགས་བྱ་ནན་པོ་གནང་བྱུང་།

ཕྱི་ལོ་༢༠༡༥ ནས་ད་ལྟ་བར་མེག་ཁའ་ལེའི་སློབ་གྲྭར་ཚུགས་མུས་ཡིན་པ་དང་སློབ་གྲྭའི་སློབ་སྤྱིར་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་ལགས་ཀྱིས་མངགས་བརྗོད་དང་རེ་བསྐུལ་གནང་ཡོད་པ་དང་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས་ཀྱིས་རེ་བསྐུལ་ཞུས་ཡོད་ལ་འབྲེལ་ཡོད་སློབ་སྤྱི་ཡ་ལོ་ངག་དབང་དང་བློ་བཟང་དོན་ལྡན་བཅས་ཚོགས་གཙོ་དང་རྒྱུན་ལས་ཚོས་འབྲེལ་ལམ་དམ་ཟབ་གནང་ཡོད།

ཕྱི་ལོ་ ༢༠༡༤ ལོའི་ཕྱི་ཟླ་ ༡༢ ཚེས་ ༢༧ ནས་ཉིན་གཉིས་རིང་གནད་ཡོད་རྣམས་ལྷན་ཚོགས་གནང་བའི་སྐབས། སྐུ་མགྲོན་གཙོ་བོར་དོན་གཅོད་སྐུ་ངོ་མཚོ་སྒོ་ལྷག་པ་མཆོག་དང་མི་རིགས་སྣ་མང་སློབ་གྲྭའི་ཤེས་ཡོན་སྲིད་ཇུས་སྐོར་དགེ་རྒན་ལྕམ་སྐུ་མའ་ཇུའུ་རེའི་ཨེལ་སི་མོའོ (Marjory Eilsmore) སོགས་ཀྱིས་བཀའ་སློབ་གནང་།  བོད་ཀྱི་སྐད་སློབ་གསོའི་ཐོག་ཉམས་མྱོང་ཡོད་པ་རྩོམ་པ་པོ་ཆུང་ཚེ་རིང་ལགས་ཀྱིས་དེང་དུས་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་ཐབས་ལམ་སྐོར་བཀའ་སློབ་གནང་།  ཨོ་གླིང་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཉི་རྒན་དང་།  ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཕུར་བུ་བཀྲིས། རྒྱུན་ལས་རྣམས་དང་། དང་བླངས་དགེ་རྒན་གཙོ་བྱས་པའི་བོད་མི་སློབ་གསོའི་ཁོར་ཡུག་ནང་ཕྱག་ལས་གནང་མྱོང་བ་དང་། ཕ་མའི་འཐུས་ཚབ་ཀྱི་ཚོགས་མི་བཅས་གནད་ཡོད་མི་སྣ་ཁག་མཉམ་འཛོམས་ཀྱིས་གྲོས་བསྡུར་གནང་མཐར་རིག་གནས་སྐྱེད་ཚལ་ཁང་གི་སྔར་ཡོད་ལམ་སྟོན་སྒྲིག་གཞིར་བསྐྱར་ཞིབ་དང་ཁ་སྣོན་གནང་ནས་གཏན་འབེབས་གནང་།  དེང་སང་སྒྲིག་གཞི་དེ་གཞིར་བཞག་ནས་འཛིན་སྐྱོང་གནང་བཞིན་ཡོད།

སློབ་སྤྱི་ཡ་ལོ་ངག་དབང་དང་ཕྲན་དགེ་ཆེ་རྭ་ལོ་དོན་ལྡན་གྱིས་སློབ་གྲྭ་འགན་འཁུར་གཙང་མ་འཁྱེར་ནས་དེ་སྔོན་གྱི་བསླབ་བྱ་ཁག་སེམས་ལ་བཞག་ནས་སློབ་སྤྱི་དང་དགེ་ཆེ་དེ་བཞིན་དགེ་རྒན་ལས་བྱེད་ཕ་མའི་འཐུས་ཚབ་བཅས་སོ་སོའི་ལས་གནས་ཀྱི་ངོ་བོ་གསལ་པོ་དང་།  འགན་འཁུར་གཙང་མ་འཁྱེར་དགོས་སྐོར་ཡང་ཡང་ཕ་མ་དང་དགེ་རྒན་ཚོགས་འདུར་ངོ་སྤྲོད་བྱས་པས་སྤྱི་ཚོགས་སྒྲོམ་གཞི་གོ་རིམ་ལྡན་པ་ཞིག་བཟོ་ཐུབ་ཡོད།

དགེ་རྒན་དང་ལས་བྱེད་ཀྱི་སྐད་འཕྲིན་དང་འཛིན་སྐྱོང་གི་སྐད་འཕྲིན་བཟོས་ཏེ་རྒྱུན་ལྡན་འབྲེལ་ལམ་དང་གསལ་བསྒྲགས་བྱ་དགོས་ཁག་ཞུས། དེ་བཞིན་ཕ་མའི་མཐུན་ཚོགས་དང་ཁྱིམ་བདག་བཅས་ལ་འབྲེལ་ཐག་ཉེ་བ་དང་སློབ་གྲྭའི་བདུན་རེའི་བྱེད་སྒོ་དང་དགེ་རྒན་སུ་འཛིན་གྲྭ་གང་དུ་ཕེབས་སྔོན་ཚུད་ནས་ལས་བཀོད་རྒྱག་པ། གཟིགས་རྟོག་གནང་མཁན་ཕ་མའི་མཚན་གཞུང་གསལ་པོ་འདོན་པ་བཅས་ཀྱི་ལས་དོན་ཚགས་ཚུད་ལྡན་པ་བྱུང་ཡོད།

སློབ་གྲྭ་དེའི་ནང་གཙང་བཟོའི་ཐུགས་འགན་གཙོ་བོ་སྐུ་ཞབས་བསྟན་སྐྱོང་ལགས་ཀྱིས་གནང་གི་ཡོད་པས་ཁོང་བརྒྱུདའཛིན་ཁང་གཙང་མ་བཟོ་རྒྱུ་ལས་པ་དང་། སྒོ་དང་སྒེའུ་ཁུང་སོགས་སྐྱོན་ཆག་ཕྲན་བུ་བྱུང་ཚེ་སློབ་གྲྭའི་ཡིག་ཚང་གིས་ཤེས་རྟོགས་མ་ཐུབ་སྔོན་བཟོ་བཅོས་བྱས་པ་བཅས་ཀྱིས་སློབ་གྲྭ་མུ་མཐུད་ཚོགས་ཐུབ་རྒྱུར་དམིགས་བསལ་ནུས་པ་ཐོན་ཡོད།

ཕྱི་ལོ་ ༢༠༡༥  ལོར་ནེའུ་སོའོ་རྡ་ལྦེའི་མངའ་སྡེའི་མི་རིགས་སྣ་མང་མནའ་མཐུན་བདེ་དོན་ཚོགས་པའི་ (NSW Federation of Community Language  School) ཚོགས་མིར་དེབ་སྐྱེལ་གནང་ནས་མི་རིགས་གཞན་གྱི་སློབ་གྲྭ་དང་གཅིག་མཚུངས་ཚོགས་པའི་ལོ་འཁོར་དཔལ་འབྱོར་བསྡུ་འགོད་དང་ལོ་འཁོར་གྱི་ཚོགས་ཆེན་ནང་མཉམ་ཞུགས་གནང་འགོ་ཚུགས་ཡོད།

ཁ༽སློབ་མའི་ཡོང་ཁུངས།

སིཌ་ནི་བོད་རིགས་མཐུན་ཚོགས་ཀྱི་རིག་གནས་སྐྱེད་ཚལ་ཁང་ལ་ད་ཡོད་སློབ་མ་བརྒྱ་ཙམ་ཡོད་པ་མང་ཆེ་བ་རྒྱ་གར་ནང་སྐྱེས་པ་ཡིན་དང་།

སློབ་མ་རྣམས་འཛིན་ཁང་གི་ཆ་རྐྱེན་ལ་བལྟོས་ཏེ་འཛིན་གྲྭ་ཁག་བདུན་ལ་དབྱེ་ཡོད། སློབ་མ་རྣམས་ལོ་ལྔ་ནས་སློབ་ཞུགས་ཆོག་པ་བཞིན་སློབ་གྲྭ་དེར་སློབ་མ་རྣམས་ས་གནས་གཞུང་གི་ཁྲིམས་ལྟར་འགྲོ་ལུགས་བརྒྱུད་དགོས།

ག༽  དང་བླངས་དགེ་རྒན།

དགེ་རྒན་ལ་གླ་འབུལ་ཐུབ་ཀྱི་མེད་པས་དགེ་རྒན་རྣམས་དང་བླངས་སྒོ་ནས་ཕེབས་དགོས་ཀྱི་ཡོད། སློབ་གྲྭ་ཁྱོན་ཡོངས་ལ་དགེ་རྒན་ ༡༨ ཡོད་པ་མང་ཆེ་བ་རྒྱ་གར་ནང་སཱ་རཱ་རིགས་སློབ་ནས་དགེ་རྒན་འོས་སྦྱོང་སློབ་ཐོན་རྗེས་རྒྱ་གར་ནང་གི་བོད་སློབ་འཛིན་ཚོགས་དང་བོད་ཁྱིམ་དགོན་སྡེ་བཅས་ནང་དགེ་རྒན་གནང་མྱོང་མཁན་ཤ་སྟག་ཡིན་པ་དེའི་ནང་ལྟ་གྲུབ་དགེ་རྒན་གཉིས་ཡོད་པ་དེས་གཙོ་བོ་ནང་ཆོས་དང་བསླབ་བྱ་ངོ་སྤྲོད་གནང་གི་ཡོད།  དགེ་རྒན་གཉིས་ཟློས་དགེ་ཡིན་པས་བོད་ཀྱི་རོལ་ཆ་དང་དང་རྐང་བྲོ་གླུ་གཞས་སློབ་ཀྱི་ཡོད།   གཞན་རྣམས་བོད་ཀྱི་སྐད་ཡིག་དགེ་རྒན་ཡིན།  འཛིན་གྲྭ་གཅིག་ལ་དགེ་རྒན་གཉིས་གཉིས་ཀྱི་ལམ་ལུགས་བེད་སྤྱོད་བྱེད་བཞིན་ཡོད་པ་དང་གཅིག་འཛིན་དགེ་དང་གཅིག་འཛིན་དགེའི་ལས་རོགས་རེད། དེ་ཡང་སྔོན་འགྲོ་ནས་འཛིན་རིམ་གསུམ་པ་བར་དགེ་རྒན་གཉིས་ཡོད་དགོས་པ་དང་།བཞི་པ་ནས་ལྔ་པ་བར་དགེ་རྒན་དེ་གཉིས་རེས་མོས་བྱས་འགྲོ་གི་ཡོད།

དགེ་རྒན་རྣམས་མངའ་སྡེའི་དང་བླངས་ལས་མིའི་ནང་ཐོ་འགོད་དེབ་སྐྱེལ་གནང་དགོས་པ་དང་། བྱིས་པར་ཞབས་ཞུ་བྱ་རྒྱུར་སྤྱོད་ལམ་ཚད་ལྡན་ཡོད་མེད་ཞིབ་གཤེར་ནན་པོ་བྱེད་ཀྱི་ཡོད།  ས་གནས་མི་མང་གིས་མང་མོད་འོས་བསྡུ་བྱས་པའི་རྒྱུན་ལས་ནས་རིག་གཞུང་འགན་འཛིན་དེ་སློབ་གྲྭའི་སློབ་སྤྱིའི་ལས་འགན་གཅིག་ཅོག་གནང་དགོས་པ་དགེ་རྒན་ནང་ནས་འོས་འདེམས་བྱུང་བའི་དགེ་རྒན་གཅིག་དགེ་ཆེར་བསྐོ་བཞག་བྱས་པ་དེ་གཉིས་སློབ་གྲྭའི་འཛིན་སྐྱོང་གི་ལས་དོན་གཙོ་བོ་གནང་བ་དང་།   སློབ་སྤྱིས་བོད་རིགས་མཐུན་ཚོགས་དང་འབྲེལ་བ་གནང་བ་དང་།  དབུས་ཤེས་རིག་ལས་ཁུངས་དེ་བཞིན་ཚོགས་ཡུལ་སློབ་གྲྭའི་སློབ་གྲྭའི་སློབ་སྤྱི་བཅས་ལ་ཐུགས་འགན་གཙོ་བོ་བཞེས་ཀྱི་ཡོད། དགེ་ཆེའི་ལས་དོན་ལ་ཞོར་འདེགས་གནང་གི་ཡོད།

དགེ་ཆེས་སློབ་སྤྱིར་ཞོར་འདེགས་གནང་བ་དང་སློབ་གྲྭའི་ལོ་གཅིག་གི་སློབ་ཁྲིད་འཆར་གཞི་དང་།  རིག་རྩལ་འགྲན་ཚོགས།  དགེ་རྒན་ཟབ་སྦྱོང་གོ་སྒྲིག་སློབ་ཁྲིད་ཡོ་ཆས་གོ་སྒྲིག་དང་དགེ་རྒན་ལས་བཀོད།  ཡིག་རྒྱུགས་སློབ་གྲྭའི་སྒྲིག་གཞི་སོགས་རྟག་འཛིན་གནང་གི་ཡོད།  དེ་ནས་ཕ་མའི་འཐུས་ཚབ་ཀྱི་ཚོགས་གཙོས་གོ་སྒྲིག་འོག་ཕ་མ་བཞིས་བདེ་འཇགས་ངང་སློབ་མ་ཡར་མར་སློབ་གྲྭར་སྐྱེལ་བསུ་དང་བར་གསེང་སྐབས་སློབ་མར་གཟིགས་རྟོགས་གནང་གི་ཡོད།  དེ་བཞིན་དང་བླངས་རླངས་འཁོར་ཁ་ལོ་བ་གཉིས་དང་གློག་ཀླད་ཞབས་ཞུ་བ་གཅིག  ཁྲིད་ཆས་བཟོ་མཁན་གཅིག་བཅས་ཡོད། ཟླ་བ་གསུམ་རེའི་ནང་སློབ་གྲྭའི་འཛིན་སྐྱོང་དང་དགེ་རྒན་དེ་བཞིན་ཕ་མ་བཅས་སློབ་གྲྭའི་ནང་གི་འཛིན་སྐྱོང་དང་། སློབ་མའི་གནས་སྟངས། ཁྱིམ་ཚང་སློབ་གསོ་དེ་བཞིན་ཕ་མའི་འཐུས་ཚབ་བཅས་ཀྱི་སྐོར་ཞི་མོལ་ལྷུག་པོ་གནང་གི་ཡོད།

རིག་གནས་སྐྱེད་ཚལ་ཁང་གི་དགེ་རྒན་རྣམས་རིག་གནས་སྐྱེད་ཚལ་ཁང་གི་ལམ་སྟོན་སྒྲིག་གཞི་བཞིན་བསྐོ་བཞག་གནང་དགོས་པ་དང་དང་བླངས་དགེ་རྒན་དེ་དག་གི་ལྷག་བསམ་དང་མཆོད་སེམས་བརྟན་པོའི་སྒོ་ནས་རེས་གཟའ་སྤེན་པ་རྟག་པར་བོད་ཕྲུག་སློབ་ཁྲིད་གནང་བར་ཕེབས་ཡོད་པ་དང་། ཁ་ཤས་ལོ་ངོ་བཅུ་ལྷག་དང་བླངས་དགེ་རྒན་གནང་མྱོང་བ་དང་ཁ་ཤས་རང་ཉིད་ལ་ཕྲུ་གུ་སློབ་གྲྭར་མེད་ཀྱང་རེས་གཟའ་སྤེན་པའི་ལས་ཀ་བཞག་ནས་སློབ་གྲྭ་རྟག་ཏུ་ཕེབས་ཀྱི་ཡོད།  གལ་སྲིད་ས་གནས་བོད་རིགས་མཐུན་ཚོགས་ནས་ཁོང་ཚོར་གླ་ཕོག་ཕུལ་ཐུབ་ཀྱི་ཡོད་ན་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭའི་ལམ་སྟོན་ནང་ཆུ་ཚོད་གཅིག་ལ་ཨོ་སིའི་སྒོར་ ༣༠ ཐམ་པ་འབུལ་དགོས་ཀྱི་ཡོད།  རང་ཉིད་ཀྱང་བོད་པ་དམངས་སྡོད་ས་དང་སློབ་གྲྭ་ཚོགས་ཡུལ་ནས་ཁི་ལོ་མི་ཀྲར་ ༣༠ ཙམ་རྒྱང་ཐག་ཡོད་པས་ཡར་མར་ཁྱོན་ཀི་ལོའོ་མི་ཀྲར་ ༦༠ ཙམ་རེས་གཟའ་སྤེན་པ་ནམ་ཡིན་ལ་རང་ཉིད་ཀྱི་ཕྲུ་གུ་རྩིས་པས་སློབ་མ་བཞི་ཁྲིད་ནས་ལོ་ནས་ལོ་བཏུད་དེ་འགྲོ་གི་ཡོད་ལ་རང་ཉིད་ཀྱི་ལས་ཀར་ཡང་རེས་གཟའ་སྤེན་པའི་ཞོགས་པ་ལས་ཀ་མ་སྤྲོད་རོགས་ཞེས་མངགས་བྱ་ནན་པོ་བྱས་ཡོད་པས་དེ་མཚུངས་དང་བླངས་དགེ་རྒན་གཞན་རྣམས་གཅིག་མཚུངས་རེད།  ཁོང་ཚོས་རང་ཉིད་ཀྱི་རེས་གཟའ་སྤེན་པའི་ལས་ཀ་དང་སློབ་སྦྱོང་ཐ་ན་ནང་མི་དང་གྲོགས་པོ་གྲོགས་དང་མཉམ་དུ་སྡོད་རྒྱུའི་དུས་ཚོད་བློས་བཏང་ནས་བོད་ཕྲུག་ཚོར་ལྷག་བསམ་རྣམ་དག་གི་སྒོ་ནས་རང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་སྤྲོད་པར་ཕེབས་པ་དེ་ནི་ཁོང་ཚོར་དུས་ཚོད་སྦེལ་དྲག་པ་དང་།

ཡང་ན་ཁོང་ཚོར་ཁང་པ་རང་བདག་དང་རླངས་འཁོར་སྤུད་ལེགས་ཉོས་ཟིན་ནས་དཔལ་འབྱོར་དཀའ་ངལ་ལས་བྲོལ་བ་མ་ཡིན་པར་༸གོང་ས་མཆོག་གི་དགོངས་གཞི་དང་། བོད་ཀྱི་རྩ་དོན་ཆེད་སྐུ་ལུས་མེ་བསྲེགས་གནང་ནས་ཡོད་ཚད་བློས་གཏོང་གནང་མཁན་གྱི་གཙོ་བྱས་པའི་བོད་ཀྱི་དཔའ་བོ་འདས་སོན་རྣམས་ཀྱི་སྙིང་སྟོབས་དང་བློས་གཏོང་ཡིད་ལ་བཅངས་ནས་བོད་ཕྲུག་ཚོར་གཞན་ཡུལ་དུ་རང་སྐད་སློབ་སྦྱོང་རྨོང་གཉིད་སེལ་བཞིན་བོད་ཀྱི་སྐད་ཡིག་འདི་ཨོ་གླིང་གསོན་པར་གནས་ཐུབ་པའི་ཆེད་དུ་ཡིན།  དང་བླངས་དགེ་རྒན་གྱི་དཔུང་ཁག་འདི་ནི་གཞན་ན་མིག་དཔེ་འོས་པའི་སྒྲིག་འཛུགས་གཅིག་དང་གུས་བཀུར་ཞུ་འོས་པའི་བོད་ཀྱི་ཤེས་ཡོན་ཅན་གྱི་དཔུང་ཁག་གཅིག་ཡིིན།  ཁོང་ཚོ་ནི་དགེ་རྒན་ཙམ་མ་ཡིན་པར་རིག་གནས་སྐྱེད་ཚལ་ཁང་གི་ཁྲིམས་བཟོ་གཅིག་དང་ལས་དོན་ཐག་གཅོད་དང་ལག་ལེན་གནང་མཁན་གྱི་བོད་རིགས་མཐུན་ཚོགས་ནང་གི་གལ་ཆེའི་མི་སྣ་ཤ་སྟག་ཡིན།  དང་བླངས་དགེ་རྒན་ཕན་ཚུན་ལས་བཀོད་དང་འཛིན་གྲྭ་བཅར་ཐུབ་མིན་གྱི་དགོངས་ཞུ་གནང་ས་དེ་བཞིན་གསལ་བསྒྲགས་བཅས་དང་བླངས་དགེ་རྒན་སྐད་འཕྲིན་དང་རིག་གནས་སྐྱེད་ཚལ་ཁང་གི་སྐད་འཕྲིན་གློག་འཕྲིན་བཅས་ཐོག་འབྲེལ་བ་གནང་གི་ཡོད།

ང༽ སློབ་གཞི།

མངའ་སྡེའི་དབུས་ཤེས་རིག་ལས་ཁུངས་ནང་ཤེས་ཡོན་དོ་དམ་དང་གཏན་འབེབས་གནང་མཁན་གྱི་ལས་ཁུངས་གཅིག་ཡོད་པ་དེ་ནི་ཨིན་སྐད་དུ་ (NSW Education Standard Authority) ལས་ཁུངས་དེའི་ནང་མི་རིགས་སྐད་ཡིག་སློབ་གྲྭའི་སྔོན་འགྲོ་ནས་འཛིན་རིམ་བཅུ་བར་གྱི་སྐད་ཡིག་སློབ་གྲྭའི་སྒྲོམ་གཞི་ (Languages K – 10 Framework) གཏན་འབེབས་གནང་ཡོད་པ་བཞིན་འགྲོ་དགོས།  ཨོ་གླིང་ནང་གི་སློབ་མའི་སེམས་ཁམས་དང་ཁོར་ཡུག་དང་མཐུན་པའི་སློབ་དེབ་དང་རྒྱུ་ཆ་གསར་པ་བཟོ་སྐྲུན་མ་ཐུབ་བར་གཞི་འཛིན་སའི་སློབ་དེབ་གཅིག་དགོས་ངེས་སོང་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སློབ་དེབ་གཞིར་བཞག་ནས་དེ་ཐོག་དགེ་རྒན་སོ་སོས་སྐབས་ཐོག་གི་སློབ་ཁྲིད་འཆར་འགོད་གནང་སྟེ་འཛམ་གླིང་ཤེས་བྱ་དང་། བོད་སྐད་བཤད་སྟངས་ཨོ་གླིང་ནང་གི་ཤེས་བྱ་དང་བོད་ཀྱི་དུས་ཆེན་ངོ་སྤྲོད་རིག་རྩལ་འགྲན་ཚོགས་ཀྱི་བྱེད་སྒོའི་སློབ་གཞི་སོགས་སློབ་ཁྲིད་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད་ཏེ་སློབ་ཁྲིད་གནང་གི་ཡོད།

མ་འོངས་སློབ་གྲྭ་རང་གི་སློབ་དེབ་རིམ་བཞིན་དོན་རྒྱུ་སོང་དེ་ལག་ལེན་གནང་འཆར་ཡོད་པ་རེད།  ང་ཚོས་དགེ་རྒན་གྱི་ཚོགས་འདུར་མང་པོར་གྲོས་བསྡུར་དང་ཉམས་མྱོང་ཐོག་ནས་རེས་གཟའ་འཇུག་སློབ་གྲྭར་བོད་ཡིག་ཡིག་གཟུགས་དབུ་ཆེན་བེད་སྤྱོད་བྱ་རྒྱུ་མང་མོད་ཐག་གཅོད་བྱུང་ཡོད།  གཙོ་བོ་ནི་གཅིག་ནི་དུས་ཚོད་མེད་པའི་ཆ་ནས་རེད། ང་ཚོར་སློབ་ཚན་དུས་ཡུན་གཟའ་འཁོར་གཅིག་ལ་ཚོུད་གསུམ་ལས་མེད་པ་དང་ལོ་གཅིག་ལ་གཟའ་འཁོར་ཞེས་དགུ་ཙམ་ལས་ཚོགས་ཐུབ་ཀྱི་མེད་སྟབས་ལོ་གཅིག་ལ་བོད་ཡིག་དངོས་ཡོད་ཀྱི་སློབ་ཚན་ཚོུད་ ༡༤༧ ལས་ཚོགས་ཐུབ་ཀྱི་མེད།  གཉིས་པ། དབུ་ཆེན་ནི་དབུ་མེད་བཞིན་དབྱངས་ཡིག་མགོ་ལྡོག་མང་པོ་གཅིག་ནས་གཅིག་ལ་འབྲེལ་མེད་སྟབས་ངོ་འཛིན་སླ་བ་དང་། འཛིན་གྲྭའི་ནང་གང་བསླབས་པའི་བོད་ཡིག་དེ་སློབ་མས་ཁྱིམ་ཚང་དང་སྤྱི་ཚོགས་ནང་ཐད་ཀར་བོད་ཡིག་དྲ་རྒྱ་དང་ལག་ཐོག་ཁ་པར་གསར་ཤོག་དཔེ་ཆ་བཅས་ནས་ཡིག་ངོ་ཆོད་ཐུབ་པས་སློབ་མའི་སེམས་ནང་ངས་བོད་ཡིག་ཤེས་ཀྱི་འདུག་སྙམས་པའི་སྤྲོ་གནང་འཕེལ་བས་བོད་ཡིག་སློབ་སྦྱོང་བྱ་རྒྱུར་དགའ་པོ་ཡོང་གི་ཡོད།

དགེ་རྒན་གྱིས་ཡིག་རྒྱུགས་ལ་སོགས་བརྗོད་གཞི་མང་པོ་ཡིག་ཐོག་ལ་འབྲི་སྐབས་དབུ་མེད་འཛུབ་བསྣོན་དབྱངས་ཡིག་རིགས་ལ་ཐེངས་གསུམ་ཙམ་ཡང་ཡང་བསྣོན་ནས་འགྲོ་དགོས་པས་དུས་ཚོད་དང་ལས་རྙོགས་ཆེ་བ་བཅས་ཀྱི་དཀའ་ངལ་དགོས་མེད་ཕྲད་མི་དགོས་པའི་ཆེད་དུ་དེ་ལྟར་ཐག་གཅོད་བྱས་པ་རེད།  སློབ་མ་དབུ་མེད་བདེ་བ་ཤེས་མཁན་ཞིག་ཡིན་ན་དགེ་རྒན་གྱི་དབུ་ཆེན་ནག་དཔར་སྟེང་འབྲི་ཡོད་ན་དབུ་མེད་དང་དབུ་ཆེན་གང་དུ་འབྲི་མིན་སློབ་མ་རང་གི་འདེམས་ཀ་རེད།  གལ་སྲིད་སློབ་མ་གསར་པར་ཡིག་གཟུགས་གཉིས་དུས་གཅིག་ཏུ་ངོ་སྤྲོད་བྱས་ན་མགོ་བོ་རྙོགས་ཆེ་བ་སློབ་དེབ་དང་དགེ་རྒན་བེད་སྤྱོད་བྱེད་ཡས་ཀྱི་ཡིག་གཟུགས་དེ་དབུ་ཆེན་གནང་དགོས།  དབུ་ཆེན་དང་དབུ་མེད་གཉིས་ཀ་བོད་ཡིག་གི་ཡིག་གཟུགས་ཡིན་པས་དེ་གཉིས་རིམ་བཞིན་སློབ་སྦྱོང་གནང་དགོས་པ་ལས་ཡིག་གཟུགས་གཅིག་སྦྱང་དགོས་པ་དང་གཅིག་སྦྱང་མི་དགོས་པའི་དབྱེ་འབྱེད་ལྟ་ཚུལ་གང་ཡང་མེད་ལ་བོད་ཀྱི་ཡིག་གཟུགས་ཐམས་བཅས་ལ་མཁས་པ་ཞིག་བྱུང་ན་མིག་དཔེར་འོས་པ་ཞིག་ཡིན།

ཕྱི་ལོ་ ༢༠༡༦ ལོར་སློབ་དེབ་རྩོམ་སྒྲིག་ཚོགས་ཀྱི་ཚོགས་མི་རྣམས་སིཌ་ནི་རྡོ་རྗེ་ཐེག་པའི་ཆོས་ཚོགས་ལ་དཔེ་མཚམས་བཞུགས་སྐབས་བསྒྲོན།

ཕྱི་ལོ་ ༢༠༡༦ ལོར་སློབ་དེབ་རྩོམ་སྒྲིག་ཚོགས་ཀྱི་ཚོགས་མི་རྣམས་སིཌ་ནི་རྡོ་རྗེ་ཐེག་པའི་ཆོས་ཚོགས་ལ་དཔེ་མཚམས་བཞུགས་སྐབས་བསྒྲོན།

ཅ༽ སློབ་གཞི་འཆར་འགོད་དང་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་།

ཕྱི་ལོ་ ༢༠༡༤  ཟླ་བ་ ༡༢ ཚེས་ ༢༧ དང་༢༨ ཉིན་རང་རེའི་སྤྱི་ཚོགས་ཐོག་གི་སློབ་ཁྲིད་བྱ་གཞག་དང་སློབ་དེབ་འཆར་འགོད་ལས་དོན་ཐད་ཉམས་མྱོང་ཡོད་མཁན་རྩོམ་པ་པོ་དང་དགེ་རྒན།  དེ་བཞིན་བོད་ཀྱི་རིག་གནས་ཐོག་མཁྱེན་དཔྱོད་ཡངས་པའི་མི་སྣ་ཉི་ཤུ་ལྷག་ཚོགས་སྐོང་གིས་གོང་གསལ་གནད་དོན་ཐོག་གོ་བསྡུར་བྱས་མཐར་མང་མོས་ཀྱིས་མི་སྣ་བདུན་ལས་གྲུབ་པའི་སློབ་གཞི་འཆར་འགོད་དང་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་ཞིག་ཟུར་འཛུགས་ཐུབ་པ་བྱུང་ཡོད།

རྩོམ་སྒྲིག་ཚོགས་ཆུང་དེའི་དམིགས་ཡུལ་གཙོ་ཞིག་ནི་མངའ་སྡེའི་དབུས་ཤེས་རིག་ལས་ཁུངས་ནང་ཤེས་ཡོན་དོ་དམ་དང་གཏན་འབེབས་གནང་མཁན་གྱི་ལས་ཁུངས་གཅིག་ཡོད་པ་དེ་ནི་ཨིན་སྐད་དུ་(NSW Education Standard Authority) ལས་ཁུངས་དེའི་ནང་མི་རིགས་སྐད་ཡིག་སློབ་གྲྭའི་སྔོན་འགྲོ་ནས་འཛིན་རིམ་བཅུ་བར་གྱི་སྐད་ཡིག་སློབ་གྲྭའི་སྒྲོམ་གཞི་ (Languages K – 10 Framework)  གཏན་འབེབས་གནང་ཡོད་པ་དང་།  སྒྲོམ་གཞི་དེའི་འོག་སློབ་གཞི་རྩ་འཛིན་འཆར་འགོད་(Syllabus) རྩོམ་སྒྲིག་དང་གཏན་གནང་ནས་གཞི་རིམ་སློབ་གྲྭའི་ནང་སློབ་ཀྱི་ཡོད།  རེས་གཟའ་སྤེན་པའི་བོད་ཡིག་སློབ་གྲྭ་ནི་གཞི་རིམ་འཛིན་གྲྭའི་ཕྱི་ལ་བོད་ཡིག་སློབ་ཁྲིད་ཀྱི་གོ་སྐབས་ཡོད་པ་ལས་སྐད་ཡིག་གཞན་བཞིན་གཞི་རིམ་འཛིན་ནང་བོད་ཕྲུག་ཚོར་བོད་སྐད་སློབ་ཡས་ཀྱི་གོ་སྐབས་མེད་པས་ཨོ་གླིང་སློབ་མའི་སེམས་ཁམས་དང་མཐུན་པའི་བོད་ཡིག་སློབ་དེབ་དང་རྒྱུ་ཆ་ཕུན་སུམ་ཚོགས་པོ་ཞིག་བཟོ་ཐུབ་ན་སློབ་གཞི་རྩ་འཛིན་འཆར་འགོད་(Syllabus) བཟོ་རྒྱུར་དགོས་ངེས་ཀྱི་རྒྱུ་ཆ་མཁོ་འདོན་བྱེད་ཐུབ་པས་མངའ་སྡེའི་དབུས་ཤེས་རིག་ལས་ཁུངས་ཀྱི་ངོས་ལེན་ཡོད་པའི་གོང་གསལ་ལམ་སྟོན་སྒྲོམ་གཞི་དང་སློབ་གཞི་རྩ་འཛིན་འཆར་གཞི་དེ་དག་གཞི་རིམ་སློབ་གྲྭ་ཁག་ལ་ལག་ལྟར་གྱི་བོད་ཕྲུག་ཡོད་སའི་་སློབ་གྲྭར་མི་རིགས་གཞན་གྱི་སྐད་ཡིག་བཞིན་བོད་སྐད་སློབ་ཁྲིད་གནང་ཐུབ་པའི་དགེ་མཚན་དང་རིམ་བཞིན་བོད་ཡིག་འཛིན་རིམ་བཅིུས་ཀྱི་ཡིག་རྒྱུགས་ནང་འགྲོ་ཐུབ་པའི་དམིགས་ཚད་ཟུང་བཞིན་ཡོད།

ཚོགས་ཆུང་དེས་གོང་གསལ་གྱི་ཨོ་གླིང་གི་མི་རིགས་ཀྱི་སྐད་ཡིག་སློབ་ཚན་གྱི་ཤེས་ཡོན་སྲིད་ཇུས་དང་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་གཙོ་བཟུང་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་ཀློག་དེབ་གཞི་རྩར་བཞག་ནས་བྱང་ཨ་རི་དང་བོད།  དེ་བཞིན་རྒྱལ་སྤྱིའི་ནང་གི་བོད་སྐད་ཡིག་གཉིས་པའི་སློབ་དེབ་སོགས་ཀྱི་སྐད་ཡིག་ཀློག་དེབ་ཁག་དཔྱད་གཞིར་བཟུང་ནས་དེང་དུས་ཀྱི་སློབ་འཁྲིད་ཐབས་ལམ་གཙོ་བཟུང་དང་ཐོག་མར་སྔོན་འགྲོ་ནས་འཛིན་རིམ་ལྔ་པ་བར་དང་།   བྱང་ཨ་རིའི་གཟའ་མཇུག་བོད་ཡིག་སློབ་གྲྭ་དང་བོད་ནང་གི་སློབ་གྲྭ།  རྒྱལ་སྤྱིའི་བོད་སྐད་སློབ་གྲྭ་ཁག་གཅས་ཀྱི་བོད་ཡིག་སློབ་དེབ་དཔྱད་གཞིར་བཟུང་གིས་འཆར་འགོད་ཞུ་བཞིན་ཡོད།   སློབ་དེབ་དེར་དགེ་རྒན་ལ་སློབ་འཁྲིད་བྱེད་སྟངས་ལམ་སྟོན་སློབ་དེབ་དང།

སློབ་མར་སྦྱོང་བརྡར་དང་ནང་སྦྱོང་སློབ་དེབ་ཁག་། དེ་བཞིན་སློབ་དེབ་ཀྱི་སློབ་ཚན་དང་འབྲེལ་བ་ཡོད་པའི་ཟུར་བལྟའི་སྒྲུང་ཐུང་སློབ་དེབ་བཅས་འདོན་འཆར་ཡོད་པ་དང། མ་འོངས་ཨོ་གླིང་གཙོ་བོར་གྱུར་པའི་རྒྱལ་སྤྱིའི་ནང་བོད་སྐད་སྐད་ཡིག་གཉིས་པར་སློབ་གཉེར་གནང་མཁན་ཚང་མར་སྟབས་བདེ་ཡོང་ཆེད་དྲ་ཐོག་གཟིགས་ཐུབ་ལ་རང་འདོད་ཀྱི་སློབ་གཞི་ལེན་ཐུབ་པའི་ཆ་རྐྱེན་བསྐྲུན་ཐུབ་པ་འཆར་གཞི་ཡོད།

ཚོགས་ཆུང་དེ་ནི་རིག་གནས་སྐྱེད་ཚལ་ཁང་གི་ཁྱབ་ཁོངས་ཡིན་པ་དང་ཚོགས་མིའི་ནང་རྩོམ་པ་པོ་ཆུང་ཚེ་རིང་ལགས། ངག་དབང་རྡོ་རྗེ་ལགས། བློ་བཟང་བསྟན་དར་ལགས། བློ་བཟང་དོན་ལྡན། བསྟན་འཛིན་དབང་འདུས་དེ་བཞིན་རྭ་ལོ་དོན་ལྡན་བཅས་སོགས་འོས་བསྡུ་གནང་བ་མི་གྲངས་བདུན་དང་དང་བླངས་དགེ་རྒན་ཁོངས་ནས་ཁ་བསྣོན་ཞུས་པ་མི་གྲངས་གསུམ་ནི་བློ་བཟང་བསྟན་པ། བློ་བཟང་ལུང་རིགས། འཇམ་དཔལ་ཤེས་རབ་བཅས་ལགས།  ཚོགས་མི་རྣམས་རུ་ཁག་བཞི་ལ་ཁག་འགོད་ནས་སློབ་དེབ་རྩོམ་བཞིན་ཡོད་པ་རང་གི་རྩོམ་ཟིན་པའི་སློབ་ཚན་ཁག་བསྣམས་ནས་ཟླ་རེའི་ཚོགས་འདུར་ངོ་སྤྲོད་ཞུས་ནས་རྩོམ་པོ་གཞན་གྱི་དགོངས་ཚུལ་དང་བསམ་ཚུལ་གསར་པ་བསྡུ་ལེན་གནང་དགོས་པ་དང་།   ལོ་གཅིག་ལ་ཉིན་གཉིས་དང་གསུམ་མཉམ་དུ་དཔེ་མཚམས་ལ་ཕེབས་ནས་སློབ་དེབ་རྩོམ་པ་དང་ཕན་ཚུན་གོ་བསྡུར་གནང་གི་ཡོད།  ད་ལྟ་སློབ་དེབ་བཞིའི་རགས་ཟིན་བཏོན་ཟིན་འགྲོ་བ་དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རིག་གནས་སྐྱེད་ཚལ་ཁང་ལ་གཟིགས་སྐོར་ཕེབས་སྐབས་སྤྱན་འབུལ་ཞུས་ཡོད།   སློབ་དེབ་དེའི་མིང་གཏན་འབེབས་བྱས་ཟིན་པ་ནི་ ༼སླའོ  བོད་ཀྱི་སྐད་ཡིག ༽ ཞེས་འབོད་ཚོགས་མི་ཚང་མས་གོ་བསྡུར་ཞུས་ནས་མཐའ་མར་གཏན་འབེབས་གནང་བ་རེད།

ཆ༽ ཡིག་རྒྱུགས་དང་བྱ་དགའི་ལམ་ལུགས།

ཡིག་རྒྱུགས་ལམ་ལུགས་ཀྱི་སྒྲོམ་གཞིའི་ནང་འདིར་ལྟར་འཁོད་ཡོད། ༼ རིག་གནས་སྐྱེད་ཚལ་ཁང་འདི་ཨོ་གླིང་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭའི་ཁོངས་སུ་ངོས་འཛིན་ཚད་ལྡན་བྱུང་ཡོད་སྟབས། སློབ་གྲྭའི་དགེ་རྒན་དང་སློབ་མ། སློབ་གྲྭ། སློབ་དེབ།  སློབ་ཚན་འཆར་འགོད། སློབ་གྲྭའི་སྒྲིག་གཞི། ཡིག་རྒྱུགས་ལམ་ལུགས་སོགས་སྔར་ལས་ཚགས་ཚུད་ཡོང་བའི་ཕྱིར།  ཡིག་རྒྱུགས་ལམ་སྲོལ་ཡང་ཚད་ལྡན་གཏན་འབེབས་ཀྱིས་སློབ་མ་སོ་སོའི་ཤེས་ཡོན་གནས་ཚད་ཡར་རྒྱས་གཏོང་ཐབས་དང་། དགེ་རྒན་གྱིས་སློབ་མའི་ཤེས་ཚད་རྒྱུས་ལོན། ཕ་མ་ཚོས་རང་ཉིད་བུ་ཕྲུག་གི་ཤེས་ཡོན་གནས་ཚད་ཇི་ཡོད་མཁྱེན་རྟོགས་སོགས་ལ་དམིགས་པ་ཞིག་ཡིན། ༽ ཡིག་རྒྱུགས་ཀྱི་སྒྲོམ་གཞི་གཙོ་བོ་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭའི་དགེ་རྒན་ཟབ་སྦྱོང་གི་དཔྱད་གཞི་སློབ་ཚན་ཁག་དབྱིན་ཡིག་ནས་བོད་སྒྱུར་ཞུས་ནས་དཔྱད་གཞི་དང་དེར་དགེ་རྒན་མཐུན་མོང་གི་དགོངས་འཆར་བསྡུ་ལེན་གནང་བ་དང་།  ཡིག་རྒྱུགས་དང་སློབ་མའི་སྦྱང་འབྲས་སྙན་ཐོག་འབུལ་ཕྱོགས་ཐད་ཤེས་ཡོན་འགན་འཛིན་ལྕམ་སྐུ་ཧེའི་ཌིའི་ (Heidi Lindgren) ལགས་ཀྱིས་ཟབ་སྦྱོང་གནང་བ་དང་དེ་དག་གི་ཡིག་ཆ་གཞིར་བཞག་ནས་ཚད་བསྡེབས་ལམ་ལུགས་ཐོག་ནས་བརྒྱའི་ལམ་ལུགས་གཏན་འབེབས་གནང་རྗེས་ཁྱིམ་བདག་དང་སློབ་མས་ཡིད་ཆེས་ཕེལ་ཐུབ་པའི་ལོ་འཁོར་ཡིག་རྒྱུགས་བཏང་ནས་དེར་ལག་འཁྱེར་ཕུལ་བ་དང་འདི་ལོ་སློབ་མ་སོ་སོར་སྒྲུབ་འབྲས་སྙན་ཐོ་འབུལ་བའི་ལམ་ལུགས་གསར་བཟོ་གནང་ཡོད། ཡིག་རྒྱུགས་ལམ་ལུགས་གཏན་འབེབས་གནང་བའི་རིག་གནས་སྐྱེད་ཚལ་ཁང་གི་སློབ་མ་ཐེངས་དང་པོར་བློན་ཆེན་བྱ་དགའི་འོས་དམིགས་ནང་བློ་བདེ་པོའི་སྒོ་ནས་གཏོང་ཐུབ་པ་བྱུང་ཡོད།  ཡིག་རྒྱུགས་ལམ་ལུགས་འདི་ནི་ལོ་རེ་བཞིན་སྐྱར་ཞིབ་དང་ཁ་བསྣོན་གནང་དགོས་ངེས་རིགས་དགེ་རྒན་རྣམས་གོ་བསྡུར་གནང་ནས་གནང་དགོས་ངེས་རེད།

ཇ༽ བྱ་དགའི་ལམ་ལུགས།

བྱ་དགའི་ལམ་ལུགས་འདི་ནི་སློབ་མའི་སློབ་སྦྱོང་ལ་སྐུལ་དེད་གཏོང་བའི་ཐབས་ལམ་གཅིག་ལས་དེ་ནི་ལོ་གཅིག་ཧྲིལ་པོའི་ལས་འགན་གཙོ་བོ་དང་ཐབས་ལམ་ཉག་གཅིག་པོ་དེ་མིན་ལ་ལྡོག་ཕྱོགས་ནས་ཞུས་ན་འདི་ནི་སློབ་མ་ཕན་ཚུན་འགྲན་རྩོད་དང་ཞེ་སྡང་སློང་བའི་རྒྱུ་རུ་སོང་བ་དང་།  སློབ་མའི་བྱ་དགའ་ལ་རིམ་པ་དྲུག་ཏུ་དབྱེ་བ་དང་པོ་ཤེས་ཡོན་སློབ་སྦྱོང་གི་བྱ་དགའ། གཉིས་པ་ཀུན་སྤྱོད་ཀྱི་བྱ་དགའ། གསུམ་པ་ནང་སྦྱོང་དང་ཟུར་སྦྱོང་ཤེས་བྱའི་བྱ་དགའ།  བཞི་པ་བརྩོན་འགྲུས་ཀྱི་བྱ་དགའ། ལྔ་པ་སློབ་སྤྱིའི་བྱ་དགའ།  དྲུག་པ་ཕུལ་བྱུང་སློབ་མའི་གཟེངས་རྟགས་བཅས་ཡིན། བྱ་དགའ་དེ་དག་སོ་སོའི་མིང་དང་།  བྱ་དགའི་སོ་སོའི་དམིགས་ཡུལ།   བྱ་དགའ་སྤྲོད་མཁན་དང་གཞི་བཅོལ་ས། བྱ་དགའི་ཁྱབ་ཚད་བཅས་གསལ་པོར་ངོ་སྤྲོད་ཞུས་ཡོད།  ཕུལ་བྱུང་སློབ་མའི་གཟེངས་རྟགས་དེ་ནི་མཁས་བརྩུན་བཟང་གསུམ་ལྡན་པའི་སློབ་མ་གསུམ་ལ་ཕུལ་རྒྱུ་ལས་དེ་དག་ལས་གཉིས་མངའ་སྡེའི་ཕྱི་ལོའི་བློན་ཆེན་བྱ་དགའི་འོས་དམིགས་འདེམས་ཐོན་ཞུ་རྒྱུ་རེད།  སློབ་མའི་ཀུན་སྤྱོད་ལག་བསྟར་འགེངས་ཤོག་ཉིན་ལྟར་བཀང་ནས་ཟླ་བ་གཅིག་ཟིན་རྗེས་ཕ་མའོ་མཚན་རྟགས་བཀྱོན་ནས་འཛིན་དགེར་ཕུལ་དགོས་པ་དང་འཛིན་དགེ་ཞིབ་འཇུག་གནང་ནས་ཀུན་སྤྱོད་ཀྱི་བྱ་དགའ་གནང་གི་རེད།

ཉ༽སློབ་གྲྭའི་གནས་བབ་དང་འབྱུང་འགྱུར།

མང་ཚོགས་ཀྱིས་ལོ་གཉིས་རེའི་མཚམས་འོས་འདེམས་བྱས་པའི་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་རྣམས་ཀྱིས་ཐད་ཀར་འཛིན་སྐྱོང་འོག་ཡོད་པའི་ཡོད་ད་ལྟ་སློབ་གྲྭའི་གནས་བབ་ལ་དགེ་སྐྱོན་མི་ཉུང་བ་ཞིག་ཡོད།  རྒྱུན་ལས་ཀྱི་ཚོགས་མི་མང་ཆེ་བར་སློབ་གྲྭ་འཛིན་སྐྱོང་གི་ཉམས་མྱོང་མེད་པ་དང་ལོ་རེའི་ལས་དོན་གྱི་འཆར་གཞི་གསལ་པོ་མེད་པ་དེ་བཞིན་དགེ་རྒན་ལས་བྱེད་རྣམས་དང་བླངས་ཁོ་ན་ལས་གྲུབ་པ། སློབ་གྲྭའི་སྒྲིག་འཛུགས་ངོ་བོ་སྒྲོམ་གཞིའི་ནང་ཁུལ་དང་ཕྱི་ལ་གནས་ཚུལ་མཁོ་སྤྲོད་བྱེད་པའི་དྲ་རྒྱ་དང་ཡིག་ཆ་བདག་ཉར་བྱེད་ས་མེད་པ་སློབ་ཁྲིད་རྒྱུ་ཆ་སོགས་ཀྱི་མཐུན་རྐྱེན་ཞེན་པ་བཅས་ཀྱི་དཀའ་ངལ་མི་ཉུང་བ་ཞིག་ལ་གདོང་ལེན་གནང་དགོས།  ད་ལྟའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་མི་གནས་སྟངས་དང་བོད་རིགས་མཐུན་ཚོགས་ཀྱི་དང་བླངས་དཔུང་ཁག་ལས་གྲུབ་པའི་ལས་བྱེད་ཀྱི་ནུས་ཤུགས་ལས་འཛིན་སྐྱོང་གི་ལས་དོན་ཉིན་རེ་ཉིན་རེ་བསྒྲིག་འགྲོ་བའི་རྣམ་པ་ཞིག་ཡོད་ཀྱང་དེ་ནི་རྒྱུན་གནས་དང་ས་གཏན་ཐུབ་པ་ཞིག་ཡོང་རྒྱུར་ང་ཚོའི་སེམས་ནང་གདེངས་སྤོབ་དེ་ཙམ་མེད་པས་མ་འོངས་དགེ་རྒན་ལས་བྱེད་ཀྱི་དཔུང་ཁག་ས་གཏན་ས་བརྟེན་དང་སློབ་གྲྭའི་སྒྲོམ་གཞི་ད་ཡོད་ཀྱི་ལས་དོན་ལ་གཞིར་བཞག་ནས་ལོ་རེ་ནས་ལོ་རེ་སྒྱུར་བཅོས་དང་རྣམ་དཔྱོད་ཡངས་བའི་ཐོག་ནས་འཆར་གཞི་སྒྲིག་དགོས།

དེ་ལྟར་བྱས་ནས་ང་ཚོས་མུ་མཐུད་འབྱུར་འགྱུར་གྱི་རིག་གནས་སྐྱེད་ཚལ་ཁང་འདིར་རྣམ་དཔྱོད་ལྡན་པའི་བོད་ཕྲུག་མང་པོ་གསོ་སྐྱོང་ཐུབ་པའི་བསྟི་གནས་ཤིག་འཆར་ངེས་རེད་ལ་དེ་བརྒྱུད་བོད་སྐད་ཡིག་ཨོ་གླིང་ནང་སློབ་གཉེར་གནང་སའི་ཚད་ལྡན་ཁོར་ཡུག་བསྐྲུན་ཐུབ།

མངའ་སྡེའི་ཤེས་རིག་ལས་ཁུངས་དེའི་ནང་མི་རིགས་སྐད་ཡིག་སློབ་གྲྭའི་སྔོན་འགྲོ་ནས་འཛིན་རིམ་བཅུ་བར་གྱི་སྐད་ཡིག་སློབ་གྲྭའི་སྒྲོམ་གཞི་ (Languages K – 10 Framework)  གཏན་འབེབས་གནང་ཡོད་པ་དང་།  སྒྲོམ་གཞི་དེའི་འོག་བོད་ཡིག་གི་སློབ་གཞི་རྩ་འཛིན་འཆར་འགོད་(Syllabus) རྩོམ་སྒྲིག་དང་གཏན་གནང་ནས་གཞི་རིམ་སློབ་གྲྭའི་བོད་ཡིག་སློབ་སྦྱོང་གནང་བྱེད་པ་བྱེད་དགོས།

ཕྱི་ལོ་ ༢༠༡༧ ལོའི་ཕྱི་ཟླ་ ༨ ཚེས་ ༦ དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་སྐུ་ངོ་དོན་གཅོད་ལྷག་པ་མཚོ་སྒོ་སྤྱི་འཐུས་གདོང་གདུས་སྐྱིད་འཛོམས་དང་དང་བླངས་དགེ་རྒན་ལས་བྱེད་སློབ་མ་བཅས་ཀྱི་མཉམ་འཛོམས་འདྲ་པར།

སྲིད་ཇུས་བཟང་པོ་ཡོད་པ་དང་ཐོབ་ཐང་མི་རིགས་གཞན་དང་གཅིག་མཚུངས་ཡོད་ཀྱང་ང་ཚོས་དུས་ཐོག་ལག་ལེན་བསྟར་མ་ཐུབ་ན་མེད་པ་དང་གཅིག་མཚུངས་རེད།  ང་ཚོས་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭའི་རྩ་འཛིན་དང་མཐུན་པའི་སྐད་ཡིག་གཉིས་ལྡན་གྱི་མི་སྣ་གསོ་སྐྱོང་བྱ་རྒྱུ་དང་། བོད་སྐད་ཡིག་གི་སློབ་ཁྲིད་ཀྱི་རྒྱུ་ཆ་ཁག་མི་རིགས་གཞན་གྱི་སྐད་ཡིག་ལྟར་སློབ་ཁྲིད་རྒྱུ་ཆ་ཕུན་སུམ་ཚོགས་པོ་བཟོ་རྒྱུ། བོད་མི་མང་ཆེ་བ་གནས་ཁུལ་གྱི་ཉིན་མོའི་སློབ་གྲྭ་ཁག་ནང་བདུན་གཅིག་ལ་ཐེངས་གཉིས་སྐད་ཡིག་གཞན་སློབ་སྦྱོང་གནང་དགོས་པའི་དེའི་ཚབ་བོད་ཀྱི་སྐད་ཡིག་འཇུག་ཐུབ་མེད། དེའི་གནད་འགག་ཀྱང་གཙོ་བོ་སློབ་ཕྲུག་གི་གྲངས་འབོར་དང་། ཨོ་སི་ཊོ་ལི་ཡའི་ཤེས་རིག་ལས་ཁུངས་ཀྱིས་ངོས་འཛིན་ཡོད་པའི་བོད་ཨིན་རང་རྐྱ་འཕེལ་བའི་དགེ་རྒན་འོས་སྦྱོང་ལྡན་པའི་དགེ་རྒན་དང་གཞུང་གི་ལམ་སྟོན་དང་མཐུན་པའི་སློབ་དེབ་དང་སློབ་གཞི་ཚད་ལྡན་བཟོ་ཐུབ་པ་དགོས་པ་དང་།  སློབ་གཞི་དེ་དང་མཐུན་པའི་སྐད་ཡིག་གི་རྩལ་བཞིའི་སློབ་ཁྲིད་ཀྱི་རྒྱུ་ཆ་ཕུན་སུམ་ཚོགས་པོ་བཟོ་དགོས།   སློབ་གྲྭ་དེང་དུས་དགོས་མཁོ་ཡོད་པའི་དྲ་རྒྱ་ལ་སོགས་པའི་མཐུན་རྐྱེན་དང་ལམ་ལུགས་ས་བརྟེན་བཟོ་ཐུབ་པ་དགོས་སྙམས།  དེ་ནི་ལག་གཅིག་གི་ཟློག་པ་མི་ཡོང་བ་བཞིན་དང་བླངས་རྒྱུན་ལས་དང་དགེ་རྒན་ལས་བྱེད་གཅིག་པུའི་ལས་འགན་མ་ཡིན་དབུས་བོད་མིའི་སྒྲིག་འཛུགས་དང་དོན་གཅོད་སྤྱི་འཐུས་དེ་བཞིན་ཁྱིམ་བདག་བཅས་ཀྱི་རོགས་རམ་ལམ་སྟོན་དང་ཁ་བྲལ་ཐབ་མེད་པ་གཅིག་རེད་སྙམ།

རིག་གནས་སྐྱེད་ཚལ་ཁང་གིས་གཞན་ཡུལ་ལ་རང་སྐད་སློབ་སའི་གཏོང་ཆ་ཆེན་པོ་དེ་ཁ་བསྐོང་གནང་ཡོད་ལ་འདས་པའི་མི་ལོ་དེ་དག་རིང་རང་ཉིད་ཀྱི་མིག་མཐོང་ལག་ཟིན་འོག་འདིར་སྐྱེས་པའི་བོད་རིགས་ཚོས་རང་ཉིད་སྤྱི་ཚོགས་དུས་ཆེན་དཔེར་ན་འཁྲུངས་སྐར་དང་ལོ་གསར་སོགས་ལ་རང་སྐད་ཐོག་རིག་གཞུང་འཁྲབ་སྟོན་དང་།  བོད་མཐོང་མྱོང་མེད་པའི་ཕྲུག་གུས་བོད་སྐད་འབྲི་ཀློག་གནང་མཁན་མང་པོ་མཐོང་ཐུབ་པ་འདི་དག་སློབ་གྲྭ་འདིས་སྤྱི་ཚོགས་ལ་བཞག་པའི་ལག་རྗེས་སུབ་ཐབས་མེད་པ་དེ་རེད།

རྩོམ་སྔ་མ།ལོ། ལོ་ཏོག ལོ་གསར།
རྩོམ་རྗེས་མ།“བཀྲ་ཤིས་བདེ་ལེགས་”གླེང་བ།
རྭ་ལོ་དོན་ལྡན།
(སྔོན་མིང་ལ་བློ་བཟང་ལུང་རྟོགས།) བོད་དབུས་འཕན་ཡུལ་དུ་སྐྱེས། བོད་དང་རྒྱ་གར་དུ་སློབ་སྦྱོང་བྱས། ས་རྭ་མཐོ་སློབ་ཀྱི་དགེ་ཆེ་དང་། སིད་ཎི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ། དང་བླངས་བོད་དགེ ཨ་རིའི་བོད་སྐད་རླུང་འཕྲིན་ཁང་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཅས་བྱེད་མྱོང་། ད་ལྟ་སིད་ཎི་གཟའ་མཇུག་སློབ་གྲྭའི་དགེ་ཆེ་དང་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་གཙོའི་འགན་ཁུར་ཞོར་སིད་ཎི་གཙུག་ལག་སློབ་གྲྭར་དེང་དུས་སྐད་ཡིག་སློབ་ཁྲིད་ཀྱི་ཤེས་ཡོན་སྲིད་ཇུས་དང་ཐབས་ལམ་སྐོར་ལ་(diploma)ཆེད་སྦྱོང་བྱེད་བཞིན་ཡོད།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།