མདུན་ངོས། རྒྱུན་ཤེས། “བཀྲ་ཤིས་བདེ་...

“བཀྲ་ཤིས་བདེ་ལེགས་”གླེང་བ།

༦༢༦༢༤

“བཀྲ་ཤིས་བདེ་ལེགས་”ཞེས་པ་ནི། བོད་ཀྱི་བཀའ་འགྱུར་དང་བསྟན་འགྱུར། མཁས་པའི་གསུང་འབུམ། གཞི་བདག་གི་བསང་མཆོད་སོགས་ཀྱི་ནང་དུ་ཡོངས་ཁྱབ་ཏུ་འཁོད་པའི་ཚིག་གཅིག་ཡིན་པ་མ་ཟད། དེང་སང་བོད་མི་ཕལ་མོ་ཆེའི་ངག་ཏུ་བྱང་བའི་རྒྱུན་སྤྱོད་ཀྱི་ཚིག་ཅིག་རེད། ཡིན་ནའང་ཚིག་འདི་ཇི་ལྟར་བྱུང་བའི་ཐད་དཔྱད་ཞིབ་བྱས་པ་མ་མཐོང་ལ། གོ་དོན་གྱི་ཐད་དུའང་བོད་ཡིག་ནང་“དགེ་ལེགས་ཀྱི་འབོད་ཚིག”ཅེས་སོགས་རགས་བཤད་ཙམ་ལས་མ་མཆིས། བོད་སྐད་རང་དུ་དེའི་འགྲེལ་བཤད་གསལ་པོ་ཞིག་མེད་པའི་དབང་གིས་དབྱིན་སྐད་སོགས་སུ་དེའི་དོན་འགྲེལ་སྐབས། ཕན་ཚུན་ཐུག་སྐབས་སྤྱོད་པའི་འཚམས་འདྲིའི་ཚིག་ཅིག་རེད་ཟེར་བ་དང་། བཀྲ་ཤིས་ནི་རྟེན་འབྲེལ་བཟང་བ་དང་། བདེ་ལེགས་ནི་བདེ་བའམ་ཐང་བའི་དོན་རེད་ཟེར་བ། ཡང་ལ་ལས། བྱིན་རླབས་དང་རླུང་རྟ་འཕེལ་བའི་དོན་དུ་བསྒྱུར་བ་དང་། ལ་ལས་ཁོར་ཡུག་འདིར་བཀྲ་ཤིས་པའི་རྟགས་ཡོངས་སུ་འཛོམས་པ་ཤོག་ཅེས་པའི་དོན་དུ་བསྒྱུར་བ། ལ་ལས་ཚིག་འདི་དབྱིན་སྐད་དུ་བསྒྱུར་ཐབས་མེད་པ་ཞིག་རེད་ཟེར་བ་སོགས་ཀྱི་གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད།

ཕྲན་གྱི་བསམ་ཚུལ་ལྟར་ན། བཀྲ་ཤིས་བདེ་ལེགས་ཀྱི་དོན་ཤེས་དགོས་ན། དེའི་འབྱུང་རྩ་ཤེས་དགོས་པ་ཡིན། བོད་མི་ཚོ་ཐོག་མར་ཐུག་སྐབས་“ཁམས་བཟང་”དང་། “མ་མཇལ་ཡུན་རིང་”སོགས་དང་། ཁ་བྲལ་དུས་“ཁྱེད་ཁ་དྲོ། ཚེ་རིང་” སོགས་བརྗོད་སྲོལ་ཡོད་ཅིང་། ཇི་ལྟར་“ཁམས་བཟང་”ཞེས་པ་“ཁྱེད་ཁམས་བཟང་ངམ་”ཞེས་པ་བསྡུས་ཏེ་བརྗོད་པ་དང་། “མ་མཇལ་ཡུན་རིང་”ཞེས་པ། “ངེད་གཉིས་སམ་ང་ཚོ་ཕན་ཚུན་མ་མཇལ་བར་ཡུན་རིང་ཕྱིན་སོང་”ཞེས་པ་བསྡུས་ཏེ་བརྗོད་པ་ཡིན་ཞིང་། དེ་བཞིན་“ཁྱེད་ཁ་དྲོ་ཚེ་རིང་”ཞེས་པའང་“ཁྱེད་ཁ་དྲོ་ཞིང་ཚེ་རིང་བར་གྱུར་ཅིག”ཅེས་པ་བསྡུས་ཏེ་བརྗོད་པ་ཡིན། གོང་གི་དཔེ་མཚོན་དེ་ཚོ་དང་མཚུངས་པར། དེང་སྐབས་ང་ཚོའི་རྒྱུན་སྐད་ནང་འཇགས་པའི་“བཀྲ་ཤིས་བདེ་ལེགས་”ཞེས་པའང་། དོན་དུ་སྨོན་ཚིག་“བཀྲ་ཤིས་པར་གྱུར་ཅིག”ཅེས་པ་དང་། “ བདེ་ལེགས་སུ་གྱུར་ཅིག”(བཀྲ་ཤིས་པར་ཤོག བདེ་ལེགས་པར་ཤོག་ཅེས་པའང་ཚུད་)ཅེས་པ་བསྡུས་ཏེ་བརྗོད་པ་ལས་བྱུང་བ་ཞིག་རེད་སྙམ།

“བཀྲ་ཤིས་པར་གྱུར་ཅིག”དང་། “བདེ་ལེགས་སུ་གྱུར་ཅིག”ཅེས་པའི་ཚིག་གི་གྲུབ་ཚུལ་ལ་དཔྱད་ཚེ་ངེས་པ་གསལ་པོ་ཞིག་བརྙེད་ཐུབ་པ་ནི། གཞི་“བཀྲ་”ལ་ཁྱད་ཆོས་སམ་རྣམ་འགྱུར་“ཤིས་”དང་། གཞི་“བདེ་”ལ་ཁྱད་ཆོས་སམ་རྣམ་འགྱུར་“ལེགས་”འཛོམས་པའི་དོན་ཏེ། དཔེར་ན། “ཚེ་རིང་བར་གྱུར་ཅིག དོན་གྲུབ་པར་གྱུར་ཅིག་”ཅེས་པའི་ཁྱད་ཆོས་སམ་རྣམ་འགྱུར་“རིང་བ་”དང་“གྲུབ་པ་”གཉིས་གཞི་“ཚེ་”དང་“དོན་”གྱི་སྟེང་གྲུབ་དགོས་པ་བཞིན་རེད། དེའི་དབང་གིས་“བཀྲ་ཤིས་པར་གྱུར་ཅིག བདེ་ལེགས་སུ་གྱུར་ཅིག”ཅེས་པ་ཀློག་པའི་ཚེ་ནའང་ “བཀྲ་ ཤིས་པར་གྱུར་ཅིག བདེ་ ལེགས་སུ་གྱུར་ཅིག”ཅེས་“བཀྲ་”དང་“བདེ་”སོ་སོའི་མཚམས་སུ་གཅོད་མཚམས་བཞག་སྟེ་ཀློག་དགོས་པ་ཡིན།

 

འོ་ན་སྐབས་འདིའི་ཤིས་བྱའི་“བཀྲ་”དང་། ལེགས་བྱའི་“བདེ་”གཉིས་ལས། དང་པོ་ཤིས་བྱའི་“བཀྲ་”ཡི་གོ་དོན་གསལ་པོ་ཡོང་བའི་ཆེད་དུ། སྔོན་བྱོན་མཁས་པའི་གསུང་འགའ་ཞིག་ལུང་དྲངས་ན།

  1. ༸རྒྱལ་དབང་ལྔ་པ་ཆེན་པོས་མཛད་པའི་ཟུར་ཆེན་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་གྱི་རྣམ་ཐར་ལས། “དཔོན་སློབ་ཚང་མས་ཞག་བདུན་གྱི་བར་སྡོང་དཀར་གྱི་ངོས་བུམ་གཏེར་བཅའ་བ་དང་སྒྲུབ་པ་མཛད་ནས་སྐྱིད་ཤོད་སྟོད་སྨད་ཀྱི་རི་མཐོ་ས་བཀྲ་ལེགས་པ་དཀར་ཕྱོགས་ལ་དགའ་བའི་ལྷ་ཀླུ་ཡོད་སར་སྦས།”(1)

  2. ཡང་༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་ཡིག་རིན་ཆེན་དབང་གི་འདོད་འཇོ་ལས་“ས་བཀྲ་ངན་པ་དང་གཟུགས་ཅན་གཟུགས་མེད་ཀྱི་འཚེ་བ་མེད་ཅིང་”(2)

  3. ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་པོད་ ༣༨ པ་ལས། “མདང་རྨི་ལམ་དུ་ཡང་བདག་གི་བླ་མ་དང་མཇལ་བ་ཡང་རྨིས། ད་ནང་རྟེན་འབྲེལ་སོགས་གང་གི་ས་ནས་ཤིན་ཏུ་ལེགས། སྡེ་པ་བསྟན་འཛིན་པ་ཞེས་པའི་མིང་བཀྲ་ཡང་ལེགས་པ་འདི་དག་དང་། བདག་གི་བླ་མའི་ལུང་བསྟན་མཛད་པ་རྟེན་འབྲེལ་སོགས་འདི་ལྟ་བུའི་ལེགས་གསུང་ཤིན་ཏུ་དགྱེས་པར་གྱུར།”(3)

གོང་དུ་དྲངས་པའི་ལུང་དེ་དག་ལས་“བཀྲ་”ཞེས་པ་“ས་དཔྱད་”བཟང་ངན་གཉིས་ཀར་སྦྱར་བ་མ་ཟད། “མིང་བཀྲ་”ལེགས་ཉེས་ལའང་སྦྱར་སྲོལ་ཡོད་པ་ཤེས་ཐུབ། སྤྱིར་བཏང་“བཀྲ་”ཞེས་པའི་ཚིག་གི་སྤྱོད་ཚུལ་ལ་བསམས་ནའང་། ཚིག་འདིས་གཞི་གང་ཞིག་ལ་བཀྲག་མདངས་སམ་འོད་མདངས་དང་ལྡན་པས་གཞན་ལས་མངོན་གསལ་དོད་པའི་དོན་སྟོན་པ་དཔེར་ན་“མཁའ་ལ་རྒྱུ་སྐར་བཀྲ”ཞེས་པ་དང་“མེ་ཏོག་རྣམ་པར་བཀྲ་”ཞེས་པའི་སྐབས་ཀྱི་“བཀྲ་”ཡིས། རྒྱུ་སྐར་དང་མེ་ཏོག་རྣམས་བཀྲག་མདངས་ལྡན་པས་གཞི་གཞན་ལས་མངོན་གསལ་དོད་པ་སྟོན་པ་རེད། དེ་ནི་དོན་དུ་བོད་མི་ཚོས་རྟེན་འབྲེལ་བཟང་ངན་བརྟག་བྱེད་ཀྱི་“མཚན་མ་”ཞེས་པ་དང་གོ་དོན་ཕྱོགས་ཙམ་མཚུངས་པ་ཡིན། “མཚན་མ་”ཞེས་པའི་མིང་འདི་ཡང་གདོང་ལ་སྨེ་བས་“མཚན་པ་”དང་། མཁའ་ལ་རྒྱུ་སྐར་གྱིས་“མཚན་པ་”ཞེས་པས་མཚོན་བྱ་ཚིག་“མཚན་པ་”ཞེས་པ་ལས་བྱུང་བ་ཞིག་ཡིན་པ་གསལ་པོ་རེད། མདོར་ན་སྐབས་འདིའི“བཀྲ་”ནི་དེང་སང་གི་བཤད་སྟངས་ལྟར་ན། རྟགས་དང་རྟེན་འབྲེལ་ལ་གོ་དགོས་པས། “བཀྲ་ཤིས་པར་གྱུར་ཅིག་”ཅེས་པ་ནི་ཁྱེད་རང་ལ་“རྟགས་རྟེན་འབྲེལ་བཟང་པོ་འབྱུང་བར་གྱུར་ཅིག”ཁྱེད་བརྗོད་པ་དང་མཚུངས་སོ།།

“བདེ་ལེགས་སུ་གྱུར་ཅིག”ཅེས་པའི་“བདེ་”ནི། དེང་སང་གི་བཤད་སྟངས་ལྟར་བྱས་ན་“འཚོ་བའི་གནས་སྟངས་”ལ་གོ་དགོས། གཏམ་འདི་འདྲ་བཤད་ན་མང་པོ་ཞིག་ཡིད་མ་ཆེས་པར་ཧབ་བགད་འཆོར་ངེས་པ་ཡིན་རུང་། ཞིབ་ཏུ་བསམས་དགོས་པ་འདི་ཡོད་དེ། གཏམ་དཔེར་“ཕྲུ་གུ་ངུ་ས་ཕ་མ་དང་། བདེ་སྡུག་ཞུ་ས་དཔོན་པོ”ཞེས་བརྗོད་སྲོལ་ཡོད་པ་ལྟར། གནའ་རབས་ཀྱི་བོད་མི་ཚོས། འཚོ་བའི་གནས་སྟངས་གང་འདྲ་ཡོད་ཅེས་མི་འདྲི་བར་ “བདེ་སྡུག་གང་འདྲ་ཡོད་”ཅེས་དང་། “ལུང་པའི་བདེ་སྡུག་གང་འདྲ་འདུག”ཅེས་འདྲི་བ་དང་། ལན་ལ་“དེང་སང་བདེ་སྡུག་འགྲིག་ཐག་ཆོད་ཡོད་”ཅེས་སོགས་བརྗོད་སྲོལ་ཡོད། དེ་དང་ཕྱོགས་མཚུངས་པའི་འདྲི་སྟངས་གཞན་ཞིག་ནི། དེང་སང་“སྐྱིད་སྡུག་གང་འདྲ་”ཡོད་ཅེས་པ་དེ་རེད། གོ་དོན་ལྡོག་ཕྱོགས་ཡིན་པའི་ཚིག་སྐྱིད་པོ་དང་སྡུག་པོ། བདེ་བ་དང་སྡུག་བསྔལ། ཚ་པོ་དང་གྲང་མོ། རིང་པོ་དང་ཐུང་ངུ་། ཆེན་པོ་དང་ཆུང་ངུ་སོགས་མཉམ་དུ་བསྡེབས་ཏེ། དེ་དང་དེའི་གནས་སྟངས་སྟོན་པའི་མིང་སྐྱིད་སྡུག་དང་། བདེ་སྡུག ཚ་གྲང་། རིང་ཐུང་། ཆེ་ཆུང་སོགས་བཟོ་བ་འདི་བོད་སྐད་ཀྱི་ཁྱད་ཆོས་ཤིག་ཡིན།

དེར་བརྟེན་“བདེ་ ལེགས་སུ་གྱུར་ཅིག”ཅེས་པའི་“བདེ་”ནི་“བདེ་སྡུག་”གི་ཚིག་བསྡུས་ཏེ་བརྗོད་པ་ཞིག་ཡིན་པ་དང་། ཚིག་དེའི་དོན་ངོ་མ་དེང་སང་གི་བཤད་སྟངས་ལྟར་བྱས་ན“ཁྱེད་ཀྱི་འཚོ་བའི་གནས་སྟངས་ཇེ་ལེགས་སུ་གྱུར་བ་ཤོག་”ཟེར་བར་བདག་སྙམ་མོ།། གཞན་མང་པོ་ཞིག་གིས་བདེ་ལེགས་སུ་གྱུར་ཅིག་ཅེས་པ། ཁྱེད་སྐུ་བདེ་ཞིང་ལེགས་ཚོགས་འཛོམས་པར་གྱུར་ཅིག་ཅེས་སོགས་ཚིག་རྫིག་པོས་འགྲེལ་དགོས་ཚུལ་དང་། ཕྱི་རྒྱལ་གྱི་ཚིག་“ཨོཾ་སྭསྟི་”དང་“མངྒ་ལམ་”བོད་སྐད་དུ་བསྒྱུར་བ་ལས་བྱུང་བར་འདོད་པ་སོགས་གསུངས་ངེས་པའང་ཁོ་བོའི་བློ་ལ་ཡོད་བཞིན་པར་འདི་བྲིས་པ་ཡིན་པས། དེ་རིགས་ཟློས་མི་དགོས་པར་དཔྱོད་ལྡན་དག་གིས་རྒྱུ་མཚན་དཔང་དུ་བཞག་སྟེ་དགོངས་འཆར་གནང་བར་རེའོ།། །།

མཆན།

  • (1) ༸རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། པོད་ ༡༢ ཤོག་ངོས་ ༡༠༧ ལ་གསལ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། ༢༠༠༩ ལོའི་པར་མ།
  •  (2)༸རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ།  པོད་ ༢༧  སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། ༢༠༠༩ ལོའི་པར་མ།
  • (3) ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་དཔེ་བསྡུར་མ། པོད་ ༣༨  ཤོག་གྲངས་ ༣༠  དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོའི་པར་མ།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།